སྤྱི་ཟླ་8པར་ཡུལ་སྐོར་པ་རྣམས་མཚོ་འཕགས་སྨི་4000ལྷག་ཡོད་པའི་གསེར་རྟ་རྩྭ་ཐང་ཆེན་མོར་འཚང་ཁ་ཤིག་ཤིག་གིས་ཐོན་གྱི་ཡོད་ལ། ཚང་མས་མཐོ་སྒང་གི་བརྩེ་བ་དམིགས་བསལ་བ་དེ་འཚོལ་བའི་ཆེད་དུ་ཐོན་པ་ཤ་སྟག་རེད། མཐའ་ཡས་པའི་རྩྭ་ཐང་འདིར་གཞིས་ཁུལ་སྡོད་དམངས་ཀྱིས་མ་རྐང་བཞག་པའི་རི་མགོའི་སྒར་ས་ཞེས་པའི་ལས་ཞུགས་ཀྱི་རྣམ་པ་གསར་པ་ཞིག་དར་བཞིན་འདུག །
འདིས་གཞིས་ཁུལ་དུ་དཔལ་འབྱོར་གྱི་གསོན་ཤུགས་གསར་པ་ཞིག་སྤར་ཡོད་པར་མ་ཟད། ད་ལོར་གསེར་རྟ་རྩྭ་ཐང་དུ་སླེབས་པའི་ཡུལ་སྐོར་པ་རྣམས་ཀྱི་མ་སོང་ཐབས་མེད་ཀྱི་རིག་ལྗོངས་IPཤིག་ཏུ་གྱུར་འདུག
གསེར་རྟ་རྫོང་མཁར་དང་བར་ཐག་སྤྱི་ལེ་གཅིག་ཙམ་གྱི་རི་སྐེད་དུ། གཡའ་དག་པའི་ནམ་མཁར་སྤྲིན་དཀར་གྱི་ཕུང་པོ་ལིང་ལོང་དུ་རྒྱུ་ཞིང་། རི་ངོས་སུ་འཐེན་པའི་གཞུང་ལམ་ནི་དར་སྐུད་ཡུག་གཅིག་དང་འདྲ་བར་གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་གཞིས་ཁུལ་དང་གསེར་རྟའི་མེ་ལོང་། རི་མགོའི་སྒར་ཁ་གཉིས་ཕན་ཚུན་ཡུག་གཅིག་ཏུ་སྦྲེལ་འདུག །རྩེད་མོར་གཡང་བའི་ཡུལ་སྐོར་པས་གསར་འགོད་པར་བཤད་རྒྱུར། གསེར་རྟའི་ཡུལ་དུ་ཐོན་ཚེ་ཕྱིར་རང་ཡུལ་ལའང་ལོག་མི་འདོད་པའི་ཡུལ་སྐོར་གནས་མཆོག་ཅིག་རེད་ལ། འདི་ནས་མཐོ་སྒང་གི་རང་བྱུང་གི་མཛེས་པར་ལོངས་སུ་སྤྱད་ཆོག་པར་མ་ཟད། ས་གནས་ཀྱི་མི་རིགས་རིག་གནས་ལའང་ཉམས་སུ་མྱོང་ཆོག་གོ །
མི་རིགས་རིག་གནས་ཀྱི་ཉིང་བཅུད་རྒྱུད་འཛིན་དང་དེང་རབས་མཛེས་དཔྱོད་ཕྲ་རྒྱན་བཏབ་པ།
2023ལོའི་ཟླ་5པར། གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་གཞིས་ཁུལ་གྱི་ཏང་ཨུ་ཆེན་མོས་ཡུལ་དུས་ལ་གཞིགས་ཏེ། ས་གནས་རང་གི་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་འབྲོག་པའི་རིག་གནས་ཀྱིས་གྲུབ་པའི་ཡུལ་སྐོར་རྣམ་གྲངས་སྟེ་གསེར་རྟའི་མེ་ལོང་། རི་མགོའི་སྒར་ས་ཞེས་པ་བདེ་ལེགས་ངང་བསྐྲུན་ཡོད།
སྒར་ས་རུ་ཐོན་པ་ན། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་སྦྲ་ནག་མང་པོ་བསྟར་ཕྲེང་དུ་ཕུབ་ཅིང་། རྩྭ་ཐང་དུ་མགྲོན་པོ་ཚོ་སྐོར་དང་སྐོར་བྱས་ནས་ཡོད་ལ། ཐག་མི་རིང་བའི་སར་རི་ཚོགས་དང་གཙང་པོ། རྟ་ནོར་ལུག་གསུམ་སོགས་ཀྱིས་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ངང་གིས་གྲུབ་པར་བྱས་འདུག་གོ །གསེར་རྟའི་མེ་ལོང་། རི་མགོའི་སྒར་ས་ཡི་རྒྱ་ཁྱོན་ལ་ས་མུའུ་52ཡོད་པ་དང་། ངལ་གསོའི་ཁུལ་དང་།
སྦྲ་ནག་ཟ་ཁང་། འབྲོག་པའི་རིག་གནས་ཀྱི་ཉམས་ལེན་ཁུལ། སྒར་རྒྱག་ས་སོགས་ཁུལ་4རུ་བགོས་ཡོད།
གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་གཞིས་ཁུལ་ཏང་ཨུ་ཆེན་པོའི་ཧྲུའུ་ཅི་ཚེ་རིང་དོན་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། སྒར་ཁ་འདིའི་ཁུལ་རེ་རེར་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་ལ། དེ་དག་ལས་ཆེས་ཡིད་དུ་འོང་བ་ནི་སྦྲ་ནག་ཟ་ཁང་ཡིན་ལ། དེ་ནི་སྨྲ་བ་ཉུང་བའི་མེལ་ཚེ་བ་ཞིག་དང་འདྲ་བར་ས་གཞི་ཆེན་མོའི་པང་བར་ཀྲོང་ངེར་འགྱིང་འདུག
སྦྲ་ནག་ཏུ་འཛུལ་བ་ན། ནང་གི་བཀོད་པ་ཕུན་སུམ་ཚོགས་ཤིང་། ས་སྒྱེད་ཀྱི་ཐབ་ཀ་ལས་ཐོན་པའི་དུ་བ་སྔོན་མོས་རང་ཁྱིམ་དུ་ཐོན་པ་ལྟ་བུའི་སྣང་བ་ངང་ངམ་ཤུགས་ཀྱིས་སྟེར་འོང་ལ། སྒེའུ་ཁུང་ལས་འཕྲོས་པའི་ཉི་འོད་འཇམ་པོས་ནང་སེམས་ལ་བག་ཕེབས་པའི་དྲོད་སྣང་སྟེར་འོང་། འདི་ནི་ཉི་འོད་ཀྱི་དྲོད་ཁོལ་ཁོ་ན་ཙམ་མིན་པར། ཡུལ་འདིའི་བོད་རིགས་མི་དམངས་ཀྱི་མགྲོན་རྩིས་དང་བརྩེ་སེམས་དྲོན་མོ་ཡིན་ངེས། འདི་དག་ལས་གཞན་ད་དུང་གྱང་ངོས་སུ་བཀལ་བའི་བོད་ཀྱི་ཟློས་གར་གྱི་གདོང་འབག་དང་། ཁ་དོག་རྣམ་པར་བཀྲ་བའི་རྡོ་བརྐོས་སྣ་ཚོགས་ལས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་ཐོན་པར་བྱས་འདུག
སྦྲ་ནག་ཟ་ཁང་དང་བར་ཐག་སྨི་བརྒྱ་ཡི་མཚམས་སུ་སྒར་ཁའི་ངལ་གསོའི་ཁུལ་ཡོད་ལ། ངལ་གསོ་ཁུལ་དུ་མཁའ་དབྱིངས་མགྲོན་ཤག་15ཡོད་ལ། དྭངས་གསལ་གྱི་སྒེའུ་ཁུང་ཆེན་པོ་ལས་སྐམ་སའི་གྲུ་གཟིངས་ལ་བསྡད་པ་ལྟ་བའི་སྣང་བ་སྟེར་འོང་། མགྲོན་ཤག་ཏུ་རིག་ནུས་ཁྱིམ་ཆས་ཀྱིས་ཁེངས་ཤིང་མི་དང་རང་བྱུང་མཛེས་ལྗོངས་ཀྱི་མཉམ་འདྲེས་མངོན་འགྱུར་བྱུང་ཡོད།
རྩྭ་ཐང་གི་རྩྭ་ས་མ་རྐང་དུ་ཞུགས་ནས། འབྲོག་པ་ཚོས་སྒོ་དྲུང་ནས་ཡོང་འབབ་རྙེད།
གསེར་རྟའི་མེ་ལོང་། རི་མགོའི་སྒར་ཁ་ཡི་རྣམ་གྲངས་འདིར་ཁྱོན་མ་དངུལ་སྒོར་ཁྲི་1200བཏང་ཡོད་ལ། གཞིས་ཁུལ་སྡོད་དམངས་ཀྱི་རྩྭ་ས་མ་རྐང་དུ་ཞུགས་པའི་རྣམ་པའི་སྒོ་ནས་སྤྱི་ཚོགས་སུ་ཚོང་འགུག་དངུལ་འདྲེན་བྱས་པ་ཡིན། ཚེ་རིང་དོན་འགྲུབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མངའ་ཁོངས་ཀྱི་མཐུན་སྒྲིལ་དང་། བཀྲ་ཤིས། བདེ་ཐང་། འོད་སྣང་བཅས་གཞིས་ཁུལ་4ཡི་རྩྭ་ས་ཡིས་རྣམ་གྲངས་ཡོངས་ཀྱི་མ་དངུལ་ལས་བརྒྱ་ཆ་བཅུ་ཟིན་པ་དང་། རྣམ་གྲངས་ཀྱི་ཁེ་སྤོགས་གཞིས་ཁུལ་4ཡི་རྒན་རྒོན་དང་། འགན་སྲུང་དམའ་བའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་བགོ་བཤའ་བྱས་ཡོད་ལ། མི་1600ལྷག་གིས་ཁེ་ཕན་རེག་ཡོད།
གསེར་རྟའི་མེ་ལོང་། རི་མགོའི་སྒར་ས་དེ་2023ལོའི་ཟླ་9པར་དངོས་སུ་ཚོང་གཉེར་བྱས་པ་ནས་ད་བར་དུ། ཁྱོན་དམངས་སྒོར་ཁྲི་སུམ་བརྒྱར་ཉེ་བའི་ཚོང་གཉེར་ཡོད། འདིས་གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་གཞིས་ཁུལ་གྱི་ཐུན་མོང་དཔལ་འབྱོར་ལ་གསོན་ཤུགས་གསར་པ་སྤར་བར་མ་ཟད། ས་གནས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཁེ་སྤྲད་ཡོད། མིག་སྔར། སྒར་ཁ་འདིའི་ས་གནས་ཀྱི་མང་ཚོགས་30ཙམ་ལ་སྒོ་དྲུང་ནས་ལས་ཀ་རེག་པར་བྱས་ཡོད།
ཚེ་རིང་དོན་འགྲུབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་གསེར་རྟའི་མེ་ལོང་གི་རྣམ་གྲངས་གཉིས་པ་སྐྲུན་འགོ་བརྩམས་ཡོད་ལ། རི་མགོའི་སྒར་ཁ་དང་རང་བསྐོར་སྒར་ས་གཉིས་ཡུག་གཅིག་ཏུ་སྦྲེལ་ནས། ང་ཚོས་རྟ་ཐོག་ནས་ཡུལ་སྐོར་པ་རྣམས་ལ་བོད་ཀྱི་རིག་གནས་དང་ངོ་མཚར་བའི་དམངས་སྲོལ་ཉམས་སུ་མྱོང་དུ་འཇུག་གི་ཡིན་ཞེས་བཤད།
སྒར་ས་འདི་ནི་གསེར་རྟ་རྫོང་རིག་ལྗོངས་ཀྱི་བསྡུས་གཟུགས་ཡིན་ལ། ཉེ་བའི་ལོ་ཤས་རིང་ནས་བཟུང་། གསེར་རྟ་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ལེགས་པར་འདོན་པ་དེ་གསེར་རྟའི་ཡུན་རིང་འཕེལ་རྒྱས་ཀྱི་གནད་ཀྱི་དམ་པ་དང་། ཐབས་ལམ་གལ་ཆེན་དུ་བཟུང་ནས། ཁོངས་ཡོངས་ཡུལ་སྐོར་གྱི་འཆར་གཞི་བཟོ་བ་དང་། ཡུལ་སྐོར་ཞབས་ཞུའི་སྤུས་ཀ་སྔར་བས་ཇེ་མཐོར་གཏོང་བ་གཙིགས་སུ་བཟུང་ནས། ཡུལ་སྐོར་རྣམ་གྲངས་གལ་ཆེན་མང་པོ་ལག་ཏུ་བསྟར་བས། རིག་གནས་ཡུལ་སྐོར་གྱི་སྤུས་ཀ་ཕྱོགས་ཡོངས་ནས་ཇེ་མཐོར་ཕྱིན་ཡོད་དོ། །