སྤྱི་ཟླ་8པའི་ཚེས་31ཉིན། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་དར་མདོ་གྲོང་ཁྱེར་དུ“འོད་སྟོང་འཕྲོ་བའི་ལོ་ངོ་75ཡི་དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པའི་དཀར་མཛེས་ཁུལ་བཙུགས་ནས་ལོ་ངོ་75འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཀྱི་མུ་འབྲེལ་ཚོགས་འདུ་འཚོགས་ནས། འབྲེལ་ཡོད་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་སྐོར་ཡོངས་བསྒྲགས་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བཏབ་པ་རེད།
དཀར་མཛེས་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་པིང་གིས་ཁྱབ་བསྒྲགས་གཙོ་བོའི་ཐོག །ཁུལ་བཙུགས་ཚུན་དཀར་མཛེས་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་དང་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ངོ་བོའི་ཐོག་ནས་མཆོང་སྐྱོད་བྱུང་ཡོད་ཅེས་མཚམས་སྦྱོར་བྱས་པ་རེད།
2024ལོར། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་580.52ཟིན་པ་དེ་1950ལོའི་(0.34)ཡི་ལྡབ་1707.41ཡིན་པ་དང་རྫོང་དང་གྲོང་ཁྱེར་18ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཚང་མ་སྒོར་དུང་ཕྱུར་10ཡན་ཟིན་ཡོད།
སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་60.53ཟིན་པ་དེ་1950ལོའི(0.0022)ཀྱི་ལྡབ་27513.64ཟིན་ཡོད། ཐོན་ལས་གསུམ་གྱི་གྲུབ་ཆ་དེ་ཁུལ་བཙུགས་པའི་ཐོག་མའི་དུས་སྐབས་ཀྱི་87.8:7.3:4.9ནས་2024ལོའི་15.7:28.6:55.7བར་ལེགས་སྒྲིག་བྱས་པས་དཔལ་འབྱོར་གྲུབ་ཆ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།
སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་149.28ཟིན་པ་དེ་1950ལོའི(0.3112)ཀྱི་ལྡབ་479.7ཡིན།
གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18044ཟིན་པ་དེ་1950ལོའི(88)ཀྱི་ལྡབ་205.05ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41959ཡིན་པ་དེ་1950ལོའི(253)གྱི་ལྡབ་165.85ཡིན།
ཁུལ་བཙུགས་ཚུན་རིམ་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་7167.22ལེགས་གྲུབ་ཟིན་པ་དང་། གཙོ་གནད་ལས་གྲྭ་དང་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་བསྐྲུན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད།
“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི”ཚུན་དུ། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་དེ་བས་ལེགས་པ་དང་། དམངས་འཚོ་འགན་ལེན་དེ་བས་བརྟན་པ། སྤྱི་ཚོགས་ཁྱོན་ཡོངས་དེ་བས་བརྟན་པ། སྐྱེ་ཁམས་ཀྱི་རྩ་བ་དེ་བས་མངོན་གསལ་དོད་པོ་བྱུང་ཡོད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)ལོ་རེར་ཆ་སྙོམས་5.5%འཕར་ནས་རྒྱལ་ཡོངས་ཀྱི་བོད་འབྲེལ་རང་སྐྱོང་ཁུལ་10ཡི་ཁྲོད་ཨང་དང་པོར་སླེབས་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་6.9%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་14.4%འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་10.9%འཕར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་རེར་ཆ་སྙོམས་11.9%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་5.4%འཕར། གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་7.7%བཅས་འཕར་ཡོད་པ་རེད།
“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི”དུས་སྐབས་ནི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཏོད་པ་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་ཆགས་པར་བྱེད་པའི་གོ་སྐབས་དུས་སྐབས་གལ་ཆེན་ཞིག་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་རབ་དང་རིམ་པ་འཕྲད་ངེས། ས་གནས་དེ་གས“བོད་འབྲེལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ་བསྐྲུན་རྒྱུར”དམིགས་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མགྱོགས་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་6%ཡན་འཕར་རྒྱུར་སྐུལ་འདེད་བཏང་སྟེ། སྐས་རིམ་དུང་ཕྱུར་བརྒྱ་ཕྲག་གསུམ་བརྒལ་ནས་སྒོར་དུང་ཕྱུར་900ལོན་པ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་90ལོན་པ་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏང་རྒྱུ་ཡིན་པ་རེད།
ཀྲང་པིང་གིས། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཁྱོན་ཡོངས་ནས་ཆུང་དུ་གཏོང་བ་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏང་རྒྱུ་རྩ་བའི་ཕྱོགས་སྟོན་དུ་བྱེད་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལྟེ་གནས་འཛུགས་སྐྲུན་དང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ནང་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུས་ནས་དངོས་སྒྲུབ་ཡུལ་སྐོར་ཁུལ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དཀར་མཛེས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཐུབ་རྒྱུ་རེད་ཅེས་བཤད། །