དང་པོ། གཉན་པོ་གསང་བའི་རིག་མཛོད་ཁང་གི་དཔེ་རྙིང་ཡིག་ཚང་འཚོལ་བསྡུ་བྱས་ཚུལ་སྐོར་མདོར་བསྡུས།
གཉན་པ་གསང་བར་ཉར་ཚགས་བྱས་པའི་དཔེ་རྙིང་ཁང་གི་ཟུར་ཞིག
གཉན་པོ་གསང་བའི་རིག་མཛོད་ཁང་ནི་བོད་ཡིག་དཔེ་རྙིང་རྩ་ཆེན་བཞུགས་སའི་དམངས་ཁྲོད་ཀྱི་དཔེ་མཛོད་ཁང་ཞིག་ཡིན། དེ་ནི་ད་ལྟའི་སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་སྔ་འགྱུར་རྙིང་མའི་རྫོགས་ཆེན་དགོན་འདབས་སུ་གནས་ཤིང་། སྤྱི་ལོ་༢༠༠༥ལོའི་ཟླ་༨པར་བེེཌཱུརྱ་གསོ་དཔྱད་གླིང་གི་གུར་དགའ་རིན་པོ་ཆེས་ཕྱག་བཏབས། དེ་ནས་གསོ་དཔྱད་གླིང་གི་དགོས་མཁོ་དང་བསྟུན་ནས་གཉན་པོ་གསང་བའི་རིག་མཛོད་ཁང་བཞེངས་ཏེ་ཁོང་ཉིད་ཀྱིས་སྐུ་ངལ་འོ་བརྒྱལ་ལ་མ་འཛེམས་ནས་འཚོལ་བསྡུས་མཛད་པའི་བོད་ཡིག་གི་དཔེ་རྙིང་ཡིག་ཚང་འདིར་བཞུགས་སུ་གསོལ།
དཔེ་རྙིང་ཉར་ཚགས་བྱེད་སའི་དཔེ་ཁྲི།
སྤྱིར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ཡིག་ཚང་ནི་སྤྱི་ལོ་༡༩༡༡ལོ་སྟེ་ལྕགས་ཕག་ལོའི་གསར་བརྗེ་ཞེས་པའི་སྔོན་དུ་བྱུང་བའི་ངག་བརྗོད་དང་། ལག་བྲིས། པར་མ་གང་རུང་གི་ཡིག་ཚང་ལ་ཟེར། དེར་བརྟེན་དཔེ་རྙིང་ཡིག་ཚང་ནི་ལོ་རྒྱུས་ཡུན་རིང་བ་དང་། དཔེ་རྙིང་ཡིག་ཚང་རང་ངོས་ནས་བརླན་གཤེར་དང་ཚ་གྲང་ཁོད་མ་སྙོམས་པས་ཆག་གྲུམ་གྱི་སྐྱོན་ཤོར་སླ་བ་དང་། རང་བྱུང་གི་གོད་རྐྱེན་དང་མིས་བཟོས་ཀྱི་གཏོར་བརླག་སོགས་ཀྱིས་གཏན་མེད་དུ་འགྱུར་སླ་བས། དེ་འཚོལ་བསྡུ་དང་། ཉར་ཚགས། མྱུར་སྐྱོབ་བཅས་བྱེད་པ་ནི་ལས་སླ་པོ་ཞིག་མིན་པ་ནི་ཀུན་གྱིས་མཁྱེན་གསལ་ལགས། དཔེ་རྙིང་ཡིག་ཚང་མང་ཆེ་བ་ནི་ལག་བྲིས་ཤུལ་བཞག་བྱུང་བའི་གླེགས་བམ་དུ་གྲུབ་པ་གཅིག་ལས་གཉིས་སུ་མེད་པ་ཡིན་པས་འབྲི་གཞིའི་ཤོག་བུ། འབྲི་བྱེད་ཀྱི་མཚལ་སྣག་སོགས་ལས་སྣོན་བྱེད་པའི་ལག་རྩལ་ཡང་ཕལ་ཆེར་མེད་པར་གྱུར་དང་འགྱུར་བཞིན་པས་རིན་ཐང་ཤིན་ཏུ་ཆེ་བར་གྱུར། གཉན་པོ་གསང་བའི་རིག་མཛོད་ཁང་གི་རྟེན་དང་བརྟེན་པ་ནི་རྫོགས་ཆེན་གུར་དགའ་རིན་པོ་ཆེ་མཆོག་གིས། སྐུ་ངལ་འོ་བརྒྱལ་ལ་མ་འཛེམ་པར་དཔེ་རྙིང་ཡིག་ཚང་གི་རིན་ཐང་བསྲུང་སྐྱོབ་ཁོ་ན་ལ་དགོངས་ནས་དཔལ་འབྱོར་གྱི་འགྲོ་གྲོན་འབོར་ཆེན་བཏང་བར་མ་ཟད། སྐུ་དངོས་བོད་འབྲེལ་ས་ཁུལ་གྱི་ས་ཆ་གཙོས་པའི་ས་ཁུལ་གཞན་དང་བཅས་ལ་ཕེབས་ནས། དཔེ་རྙིང་འཚོལ་བསྡུའི་ཕྱག་ལས་གནང་དང་གནང་བཞིན་པ་སྟེ། གཉན་གསང་རྟེན་མཛོད་ཁང་གསར་བཞེངས་དང་། དཔེ་རྙིང་ཡིག་ཚང་གླེགས་བམ་ལྔ་སྟོང་ལྷག་ལ་ཆོས་ཚན་སུམ་ཁྲི་དྲུག་སྟོང་ཙམ་ཡོད་པ་དེ་དག་དཔེ་ཁྲིའི་སྟེང་དུ་བསྐྱོན་པ། ཆེད་ལས་མཁས་པ་མང་པོ་གདན་དྲངས་ཏེ་དཔེ་རྙིང་ཉམས་གསོ་དང་། རིགས་དབྱེའི་དཀར་ཆག་དང་། ཆོས་ཚན་དཀར་ཆག །ནང་དོན་གནད་བསྡུས་འབྲི་བཞིན་པ་མ་ཟད། གཉན་གསང་རྟེན་མཛོད་ཁང་གི་དཔེ་རྙིང་ཡིག་ཚང་ལས་ཁྱད་ཆོས་འབུར་དུ་ལྡན་པའི་དཔེ་རྙིང་གཅེས་བཏུས་ཞེས་པ་ཞིག་གསར་བསྒྲིགས་བྱས་ཏེ་པེ་ཅིན་ཀུའུ་ཀོང་(故宫)དཔེ་སྐྲུན་ཁང་གིས་ཉེ་ཆར་དཔེ་སྐྲུན་བྱེད་བཞིན་པ། དེ་དག་ཐམས་ཅད་ནི་མ་འོངས་པར་གསོ་དཔྱད་གླིང་དང་། ས་གནས་ཁག་ནས་ཕེབས་པའི་ཞིབ་འཇུག་པའི་དགོས་མཁོ་བསྐང་ཐུབ་པ་དང་། གནའ་དཔེའི་ཐོན་ཁུངས་སྲུང་སྐྱོང་། རིག་གནས་ཤུལ་བཞག་རྒྱུན་འཛིན། རིག་གཞུང་ཞིབ་འཇུག་ལ་ལྟ་སྐུལ། ཐོན་ཁུངས་མཉམ་སྤྱོད་དང་དཔེ་རྙིང་གྲངས་འཛིན་ཅན་དུ་བསྒྱུར་བའི་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞིའི་ཕྱག་ལས་ཚན་རིག་དང་མཐུན་པའི་དོ་དམ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མདུན་ལམ་ཡིན།
དཔེ་རྙིང་དཀར་ཆག་དག་སྒྲིག་བྱེད་བཞིན་པ།
གཉིས་པ། གཉན་པོ་གསང་བའི་རིག་མཛོད་ཁང་གི་དཔེ་རྙིང་ཡིག་ཚང་གི་ཁྱད་ཆོས་སྐོར་མདོར་བསྡུས།
གཉན་པ་གསང་བའི་དཔེ་རྙིང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་།
དཔེ་རྙིང་ཡིག་ཚང་འདི་དག་ནི་མི་རབས་དུ་མས་གསར་བཞེངས་དང་། རྒྱུན་འཛིན། སྲུང་སྐྱོང་། བེད་སྤྱོད་བཅས་བྱས་པའི་ཁྲོད་དུ་གཏོར་རླག་མ་ཤོར་བའི་གསུང་རྟེན་གྲས་ཡིན། དེ་ལ་ལག་བྲིས་མ་དང་། པར་མ་གཉིས་སུ་དབྱེ་སྟེ། ཐོག་མ་ལག་བྲིས་མ་ལ་ཤོག་བུ་དང་། རས་གཞི། པགས་པ། རྡོ་ཤིང་སོགས་སུ་བྲིས་པ་ཡོད་ཀྱང་། འདིར་མང་ཆེ་བ་ཤོག་བུར་བྲིས་པའི་ཡིག་ཚང་ཡིན། ཤོག་བུའང་བོད་ཤོག་དང་འབྲུག་ཤོག་གཙོས་ཏེ་བྱེ་བྲག་ས་གནས་སོ་སོ་ནས་ཐོན་པའི་དབུས་ཤོག་སོགས་མང་བས་རེ་རེ་བཞིན་ཞུ་མ་དགོས། དེ་ལས་བརྗོད་དགོས་པ་ཞིག་ནི་ཤིང་ཤུན་དང་། པགས་རིགས་སོགས་ཀྱི་ཐོག་ཏུ་བྲིས་པ་འགའ་དང་། མཐིང་ཤོག་ཐོག་གསེར་དངུལ་གཡུ་བྱུ་རུ་སོགས་རྩ་ཆེའི་རིན་པོ་ཆེས་བྲིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྒྱད་སྟོང་པ་སོགས་མང་པོ་འདུག དེ་དག་ལ་བྲིས་པའི་ཡིག་གཟུགས་ནི་སྣག་བྲིས་དང་མི་འདྲ་བ་དབུ་ཅན་ཤས་ཆེ་བ་དང་། སྣག་བྲིས་དེ་དག་ནི་དབུ་མེད་ཤས་ཆེ་སྟེ། ཡོངས་གྲགས་ཀྱི་བྲིས་རྒྱུན་ངོས་འཛིན་སླ་བ། དཔེར་ན། དབུས་བྲིས་དང་། སྡེ་བྲིས་སོགས་མ་ཡིན་པ། ལ་ལ་ནི་ཚེག་ཁྱིམ་གཅིག་ནང་ལ་ཡིག་དཀར་ནག་འདྲེས་མ། རྐང་པ་ཅན་གྱི་ཡི་གེ་རྣམས་རྐང་པ་ཅུང་ཕྲ་ཞིང་རིང་བ་ཡང་ན་ཡིག་ཁོག་སྦོམ་པོ། ལ་ལ་ནི་བོད་ཀྱི་གྲངས་ཀ་མཚོན་བྱེད་ཀྱི་ཨང་ཀིའི་ཡིག་གཟུགས་ཀྱི་ཚབ་བྱས་པ། དཔེར་ན། དེ་བཞིན་དུ་ལ་དེ་༤ན་དུ། དུས་ཀྱི་དགུན་ཁ་ལ་༩ན་ཁ། ཞེས་སོགས་དེ་ལའང་ངེས་གཏན་མེད་པ། ལ་ལ་ནི་ཚེག་གཉིས་བརྩེགས་དང་ཏུན་ཧོང་གི་དཔེ་རྙིང་ཡིག་གཟུགས་བཅས་སོ། །མདོར་ན་ཡིག་རིགས་ལ། ལེགས་སྦྱར་དང་། བོད་ཡིག །སོག་ཡིག །རྒྱ་ཡིག །པ་ལི་ཡི་གེ། མན་ཇུའི་ཡི་གེ་སོགས་བཞུགས་པ་ལས། བོད་ཡིག་གི་ཡིག་གཟུགས་འདྲ་མིན་བརྒྱ་ཕྲག་ལྷག་མཆིས། འདིར་ཤོག་ཁ་མང་ལྟེབ་ཅན་ལ་ལས་དཔེ་ཆ་དར་ལྟེབ་མ་ཟེར་བའི་དཔེ་རྙིང་ཡིག་ཚང་རེ་གཉིས་འདུག་པ་ནི་ལོ་རྒྱུས་ཅུང་རིང་བ་དང་། དཔེ་ཆ་པར་མ་དེ་ཙམ་མ་དར་བའི་སྔོན་དུ་བྱུང་བའི་དཔེ་རྙིང་ཨེ་ཡིན་ན་སྙམ། ཞུ་འོས་པ་ཞིག་ནི་དབུ་དང་བར་མཇུག་གི་ལྷ་རིས་དང་བར་བཅུག་གི་དཔེ་རིས། མཆོད་པའི་ཕྱིར་དུ་མཛེས་རིས་ཏེ། འདིར་དབུ་ལྷ་ཅན་གྱི་ཡིག་ཚང་མང་པོ་ཡོད་པར་མ་ཟད། བར་བཅུག་དུ་ཚོན་ཁྲ་དང་སྐྱ་རིས་གང་རུང་དུ་སྲོག་ཆགས་རྟ་སོགས་དང་། གདངས་དབྱངས། གཏོར་མའི་དཔེ་རིས། ཉི་ཟླ་སྐར་གསུམ་གྱི་འགྲོས་རིས་ཏེ་ཡིག་རིས་སྦྲག་མའི་དཔེ་དཀོན་ཡིག་ཚང་མང་པོ་འདུག །གཞན་གཞུང་དངོས་དང་མ་འབྲེལ་བའི་དབུ་ལྡེབ་དང་མཇུག་ལྡེབ་ལ་མཛེས་སྤྲས་ཀྱི་ཕྱིར་དུ་སྤྲིན་རིས་དང་། བྱ་འབྲུག །བཀྲ་ཤིས་རྟགས་བརྒྱད་སོགས་རྒྱན་རིས་ཅན་གྱི་དཔེ་རྙིང་ཡིག་ཚང་འདུག་པས་རི་མོ་དེ་དག་གི་བྲིས་རྒྱུན་གང་ཡིན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ཞིབ་འཇུག་བྱེད་པ་ལ་མེད་དུ་མི་རུང་བའི་རིན་ཐང་ལྡན། དེ་ལྟར་བོད་དཔེ་ལ་ཐུན་མིན་གྱི་ཐིག་ཁང་འབྲི་སྲོལ་ཡོད་པ་བཞིན་དུ་གཉན་གསང་རྟེན་མཛོད་ཁང་གི་དཔེ་རྙིང་ཡིག་ཚང་དུ་ཐིག་ཁང་ལ་སྣེ་ཐིག་བཞི་སྐོར། དེ་ལའང་ཆ་ཐིག་དང་ཁེ་ཐིག ཡང་དབུ་ཁང་སོགས་ལ་ཕྱི་ནང་ཉིས་སྐོར། གཡས་གཡོན་ལ་ཐུར་ཐིག་གམ་ཟུར་ཐིག་དང་། དེ་ལའང་བརྒྱད་སྐོར་དང་བཞི་སྐོར། མ་བུ་ཁ་སྤྲོད། གནམ་ས་ཁ་སྤྲོད། ཀ་གདུང་མཉམ་ཐིག་ཅེས་སོགས་འདྲ་མིན་སྣ་ཚོགས་ཀྱི་ཐིག་ཁང་ཕྲ་ཞིང་ཞིབ་པར་བཏབ་པ། སྔོན་རྒྱབ་ལྡེབ་ངོས་ཀྱི་ཟུར་ཐིག་གམ་སྤྱན་ཁྱེར་གྱི་ནང་དུ་བོད་ཡིག་གི་ཆོས་ཚན་དང་། པོད། ལྡེབ་གྲངས་ཀྱི་རྟགས་བྲིས་ཡོད་པ་མ་ཟད་རྒྱ་ཡིག་ཏུ་བྲིས་པའང་འདུག །ཡང་ཡིག་ཚང་འགའི་ཤོག་ངོས་ཀྱི་གཡས་གཡོན་ནམ་དཀྱིལ་དུ་ཨི་ཁུང་ཕུག་ནས་ལྡེབ་ཀྱི་གོང་འོག་མི་འཁྲུག་པའི་ཆེད་དུ་སྐུད་པ་བརྒྱུས་པའང་འདུག་དེ་ལ་དཔེ་ཆ་ད་ལུང་མའང་ཟེར་སྲོལ་ཡོད།
གཉན་པ་གསང་བའི་དཔེ་རྙིང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་།
དེ་བཞིན་པར་གཞི་ཅན་གྱི་དཔེ་རྙིས་ཡིག་ཚང་ལ། ལྷ་སའི་པར་མ། པེ་ཅིན་པར་མ། སྡེ་དགེ་པར་མ། འཇང་གི་པར་མ། སྣར་ཐང་པར་མ། ཞོལ་པར་མ། རྫོགས་ཆེན་པར་མ། ཨ་འཛོམས་པར་མ་སོགས་བཞུགས་སོ། །ཡིག་གཟུགས་ནི་དབུ་ཅན་ཁོ་ན་ཡིན། དབུ་ལྷ་སོགས་དཔེ་རིས་ཚོན་ཁྲ་དང་རྒྱས་སྤྲོས་ཅན་གྱི་ཐིག་ཁང་བཅས་ལག་བྲིས་ལྟར་མེད།
གཉན་པ་གསང་བའི་དཔེ་རྙིང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་།
བརྗོད་བྱའི་ནང་དོན་ཀྱི་ཆ་ནི་བཙན་པོའི་རྒྱལ་རབས་ནས་བཟུང་བྱུང་བའི་ཡོངས་གྲགས་ལྟར་རིག་པའི་གནས་ཆེ་ཆུང་བཅུས་གཙོས་པའི་རྒྱ་འགྲེལ་དང་བོད་འགྲེལ་གྱི་བསྟན་བཅོས་གཙོས། ཏུན་ཧོང་ཡིག་ཚང་། གཏེར་ཡིག་གི་ཡིག་ཚང་། ཆོས་བརྒྱུད་རིས་མེད་ཀྱི་ཆོ་ག་ཆོས་སྤྱོད་སོགས་ཆོས་ལུགས་ཀྱི་ཡིག་ཚང་། རྣམ་ཐར། གླིང་སྒྲུང་། གཏམ་དཔེ། དམངས་གླུ། ཁ་ཤགས་སོགས་དམངས་ཁྲོད་ཡིག་ཚང་སོགས་ཤིན་ཏུ་མཇལ་བ་དཀོན་པའི་ཡིག་ཚང་རྩ་ཆེན་མང་པོ་བཞུགས ། བོད་རྒྱ་སོག་ཡིག་རིགས་ཤན་སྦྱར་སོགས་གང་ལ་གང་འཚམས་རེ་ཡོད་པ་བཅས་ཞིབ་ཆ་ནི་རྗེས་མའི་དཀར་ཆག་དང་ནང་དོན་གནད་བཏུས་ལས་ཤེས་དགོས།
གཉན་པ་གསང་བའི་དཔེ་རྙིང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་།
གསུམ་པ། གཉན་པོ་གསང་བའི་རིག་མཛོད་ཁང་གི་དཔེ་རྙིང་ཡིག་ཚང་ལ་རིག་དངོས་དང་། ཉར་ཚགས། ལྟ་ཀློགས་སོགས་ཀྱི་རིན་ཐང་ལྡན་པ།
དགེ་རྒན་ཆེན་མ་ཀརྨ་རྒྱལ་མཚན་གྱིས་གཉན་པ་གསང་བར་ཉར་ཚགས་བྱས་པའི་དཔེ་རྙིང་ལ་གཟིགས་བཞིན་པ།
གཉན་པོ་གསང་བའི་རིག་མཛོད་ཁང་འདི་ཉིད་ཀྱི་མིང་ནི་སྔོན་བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དད་རྟེན་དུ་གྱུར་པའི་དཔེ་ཆ་ལ་གཉན་པོ་གསང་བ་ཞེས་མཚན་གསོལ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་རྟེན་འབྲེལ་མ་འཕྱུག་པའི་མཐུས་རིམ་བཞིན་སངས་རྒྱས་ཀྱི་བསྟན་པ་བོད་ཁམས་ཀུན་ལ་དར་ཞིང་རྒྱས་པ་ཞེས་སྔོན་གྱི་གཏམ་དུ་གྲགས་པར་བརྟེན་གཉན་པོ་གསང་བའི་རིག་མཛོད་ཁང་ཞེས་མིང་དུ་གསོལ། ལོ་མང་རིང་འབད་པས་བསྡུ་རུབ་བྱས་པའི་དཔེ་རྙིང་རྩ་ཆེན་འདི་དག་ཉར་ཚགས་དང་ཞིབ་འཇུག་བྱེད་ས་ཞིག་ཅིས་ཀྱང་དགོས་པ་དགོངས་ནས་གུར་དགའ་རིན་པོ་ཆེ་མཆོག་གིས་གཉན་པོ་གསང་བའི་རིག་མཛོད་ཁང་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། ཡེ་ཤེས་ལྔ་སོགས་མཚོན་ཐུབ་པའི་རིག་གནས་དང་ལོ་རྒྱུས་རང་བཞིན་ལྡན་པའི་ཁང་བརྩེགས་ཏེ་གཉན་པོ་གསང་བའི་རིག་མཛོད་ཁང་གསར་བཞེངས་མཛད་པ་འདིའི་ཇུས་བཀོད་དང་བྱེད་ནུས་ལ་རིག་དངོས་དང་བཟོ་སྐྲུན་གྱི་རིན་ཐང་ལྡན་པའོ། །
གཉན་པ་གསང་བར་ཉར་ཚགས་བྱས་པའི་དཔེ་རྙིང་རྩ་ཆེན།
བོད་ཀྱི་དཔེ་རྙིང་མང་ཤོས་ནི་གླེགས་བམ་དུ་གྲུབ་པ་ཡིན་པས། དེ་དག་གི་གླེགས་ཤིང་། ཙན་དན་དཀར་དམར་དང་། ཨ་གར་སོགས་རྩ་ཆེའི་ཤིང་སྣ་འདྲ་མིན་ལ། བཀྲ་ཤིས་རྟགས་བརྒྱད་དང་། རྫས་བརྒྱད། རྒྱལ་སྲིད་སྣ་བདུན་སོགས་བརྐོས་རིས་ཀྱི་མཛེས་རྩལ་གྱི་རྣམ་པ་མི་འདྲ་བ་རེ་མངོན་ཡོད། གླེགས་ཐག་ནོར་ནག་གི་ཀོ་བའི་རྒྱུན་བུ་དང་བལ་ཐག་ཚོན་ཕྲ་ཅན་འདུག ཆོས་ཆབ། གཙོ་བོ་གསེར་དངུལ་དང་ལི་ལས་གྲུབ་ཅིང་སྐུ་དང་མཆོད་རྟེན་སོགས་བཟོ་བཀོད་ཀྱི་རྣམ་པ་སྣ་ཚོགས་པ་ཡོད་པ། གདོང་དར་དང་། ཞལ་ཁེབས་རྩ་ཆེའི་གོས་ཆེན་སྣ་ཚོགས་ལས་གྲུབ་ཅིང་། རེ་རེ་ལ་ཚོན་སྣ་འདྲ་མིན་བཞི་ལྔ་ཙམ་ཕྱི་ནང་བྱས་ནས་བསྡེབས་ཡོད་པ་བཅས་ལ་གཞིགས་ན་གཉན་གསང་རིག་མཛོད་ཁང་གི་དཔེ་རྙིང་ཡིག་ཚང་དང་དེའི་སྐོར་གྱི་རྒྱུ་ཆ་མང་པོ་ཞིག་ནི་བོད་དུ་དར་བའི་ཆེས་སྔ་ཤོས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྒྱུ་སྤུས་དང་ལས་སྣེ་མང་པོ་ཞིག་གི་ལག་རྩལ་ད་ལྟ་འདས་ཟིན་པས་སླར་སྐྱེ་མི་ཐུབ་པའི་རིག་དངོས་ཀྱི་མཚན་ཉིད་ལྡན་ཡོད། མི་རིགས་གཞན་གྱི་ལག་ཤེས་དང་སྒྱུ་རྩལ་འདྲེས་པས་རྒྱལ་ཡོངས་སུ་རིག་གནས་སྤེལ་རེས་མཚོན་བྱེད་ཀྱི་ཤུགས་རྐྱེན་ཐེབས་ཐུབ། སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པའི་རིག་དངོས་ཡིན་པ་དང་། ཡིག་གཟུགས་དང་དཔེ་རིས་གྲུབ་ཚུལ་གཟབ་ནན་ཡིན་པས། སྒྱུ་རྩལ་གྱི་མཛེས་དཔྱོད་ཐུན་མོང་མ་ཡིན་པ་མངོན་པས་ཉར་ཚགས་རིན་ཐང་། ལྟ་ཀློག་དང་བཤམས་སྟོན་གྱི་རིན་ཐང་བཅས་ལྡན་པའོ། །