བཻཌཱུརྱ་གས་དཔྱད་གླིང་གི་སྨན་པ་དན་གྲུབ་ཀྱིས་ནད་པར་རྩ་བརྟག་བཞིན་པ།
སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་ནི་༢༠༠༥ལོར་ཚུགས་པ་ཞིག་ཡིན། བགྲང་བྱ་ཉི་ཤུ་ལྷག་གི་འཕེལ་རྒྱས་བརྒྱུད། བོད་ཕྱི་ཟུང་འབྲེལ་གྱི་ནད་ཐོག་ལག་ལེན་དང་། ཚན་རིག་སློབ་གསོ། སྨན་སྦྱོར་སོགས་ཕྱོགས་གང་ཐད་དང་། ཁྱད་པར་དུ་བོད་ཕྱི་ཟུང་འབྲེལ་གྱིས་སྡེ་དགེ་རྫོགས་ཆེན་ཡུལ་དུ་མི་དམངས་མང་ཚོགས་རྣམས་ལ་སྨན་བཅོས་བྱ་སའི་གནས་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།
ནད་པ་མྱུར་སྐབ་བྱེད་བཞིན་པ
ད་ལྟ་བཻཌཱུརྱ་གསོ་དཔྱད་གླིང་ནི་ལྷོ་ནུབ་མི་རིགས་སློབ་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གི་སྨན་རྒྱུ་ཚོད་ལྟའི་རྟེན་གཞི་དང་། ༢༠༡༨ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་ཆོག་མཆན་ཐོབ་པར་བརྒྱུད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་བཻཌཱུརྱ་གསོ་དཔྱད་གླིང་གཉིས་མཉམ་འབྲེལ་གྱིས་བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་རྫས་ཆེད་སྦྱོང་གི་ཞིང་ཆེན་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ལག་བསྟར་བྱེད་གནས་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་དངོས་སྦྱོང་རྟེན་གཞི་བཅས་སུ་གྱུར་ཡོད།
ཉེ་འཁར་འབྲོག་པ་ཚོ་ནད་ལྟ་ས་ཡང་བར་སྟབས་བདེ་ཡིན་པ།
སྨན་ཁང་འདི་ཐོག་མར་བཙུགས་པའི་དམིགས་ཡུལ།
སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་ནི་ཁམས་སྡེ་དགེ་རྫོང་རྫོགས་ཆེན་གྱི་གངས་འདབས་སུ་ཆགས་ཡོད་ཅིང་འདི་ནས་ཡར་བརྩིས་པའི་མི་ལོ་ཉི་ཤུའི་སྔོན་གྱི་རྫོགས་ཆེན་གྲོང་རྡལ་གྱིས་དཀར་མཛེས་ཁུལ་གྱི་ཡུལ་ཚོ་ཆེས་ཆེ་བའི་མིང་རྟགས་ཁུར་ཡོད་ལ་རྒྱུན་སྡོད་མི་གྲངས་ཀྱང་༥༠༠༠ཡན་ཟིན་ཡོད། འོན་ཀྱང་གཞི་རྒྱ་ཆེ་བའི་རྫོགས་ཆེན་ཡུལ་ཚོ་ལ་མཚོན་ན། ཡུལ་ཚོའི་འཕྲོད་བསྟེན་སྨན་ཁང་ལ་ནུབ་ལུགས་སྨན་པ་གཉིས་དང་བོད་ལུགས་སྨན་པ་གཅིག་ལས་མེད་པ་དང་། ཆེས་སྟབས་བདེའི་སྒྲིག་ཆས་ཅུང་ཟད་ལས་མེད་སྟབས་ནད་གཞི་ཚབས་ཆེན་དང་རྡབ་སྐྱོན་གྱི་རིགས། ཕྲུ་གུ་བཙའ་དཀའ་བ་དང་བཙའ་མི་ཐུབ་པར་སྲོག་ཉེན་ཡོད་པ་དག་ལ་སྨན་བཅོས་ཆ་རྐྱེན་གྱིས་མི་འདང་བར། ས་གནས་ཐག་རིང་དུ་མི་འགྲོ་ཐབས་མེད་ལ་དེ་སྐབས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡང་ཧ་ཅང་ཞན་པས་བུད་མེད་སྦྲུམ་མ་སོགས་སྲོག་ཤོར་བའི་ཉེན་ཚབས་ཧ་ཅང་ཆེ། སྐབས་དེར་ཡུལ་ཚོའི་ལས་བྱེད་མི་སྣས་བསྡོམས་བརྩིས་བྱས་པ་ལྟར་ན། ༢༠༠༦ལོར་ཕྲུ་གུ་༤༩སྐྱེས་ཡོད་པ་ལས། འཚོ་བཅུད་ཀྱིས་མི་འདང་བ་དང་བཙའ་མ་ཐུབ་པ་སོགས་ཀྱི་དབང་གིས་ཕྲུ་གུ་༢༥རྐྱེན་ལམ་དུ་ཤོར་བས་ཕྲུ་གུ་ཤི་ཚད་བརྒྱ་ཆ་༥༠ཟིན་ཡོད་ཅེས་བཤད་འདུག །དེ་འདྲའི་ཡིད་སྐྱོ་བའི་ས་མཐོའི་ཉམ་ཐག་གི་སྦྲུམ་མའི་གནས་བབས་དང་ཡ་ང་བའི་ཡུལ་མི་ཚོའི་འཕྲོད་བསྟེན་འདུ་ཤེས། ལྷག་པར་དུ་ཉམ་ཐག་ནད་པའི་ཚེ་སྲོག་གི་མཇུག་མཐའི་སྐྱོ་གར་ལ་བྱམས་བརྩེའི་ཐུགས་ཀྱིས་མ་བཟོད་ནས། རྫོགས་ཆེན་གསོ་རིག་འཛིན་པ་གུར་དགའ་ལགས་ཀྱིས་རྫོགས་ཆེན་གྲོང་རྡལ་དུ་ནད་པར་སྨན་བཅོས་དང་ལྷག་པར་ཕྲུ་གུ་བཙའ་བསུ་བྱེད་སའི་སྨན་ཁང་ཞིག་ཅིས་ཀྱང་འཛུགས་དགོས་པའི་ཐོག་མའི་དམ་བཅའ་ལྷོད་མེད་དུ་བཞག །
དངོས་གཞིའི་ལས་ཀའི་དཀའ་ལས་ལ་གདོང་ལེན་ཇི་ལྟར་བྱས་པ།
ནད་པའི་སད་ཁང་དུ་སྨན་བཅས་བྱེད་བཞིན་པ།
དེ་ནས་བཟུང་སྙིང་སྟོབས་ཞུམ་མེད་དང་། ལྷག་བསམ་ལྷད་མེད་ཀྱིས་དཀའ་ངལ་དང་དུ་བླངས། ངལ་བ་ཁྱད་དུ་བསད་དེ་འབྲེལ་ཡོད་སྡེ་ཁག་དང་དབུ་ཁྲིད་ཀྱིས་རྒྱབ་སྐྱོར་ཆོག་མཆན་ཚད་ལྡན་གནང་བ་དང་། བསམ་བཟང་ལྷག་བསམ་གྱིས་ཕྱུག་པའི་རྒྱ་བོད་གྲོགས་པོ་མང་པོས་རྒྱབ་སྐྱོར་རོགས་རམ་འོག་༢༠༠༥ལོར་སྨན་ཁང་འདི་གསར་འཛུགས་ཐུབ་པ་བྱུང་། དེ་སྐབས་སྨན་ཁང་དེར་སྒོ་བསྟེན་ཁང་གཅིག་དང་ཞག་སྡོད་ཁང་བཅས་ཁྱོན་བསྡོམས་ཁང་མིག་ལྔ་དྲུག་ཙམ་ལས་མེད། སྨན་པའང་གཉིས་གསུམ་ལས་མེད་པས་སྨན་དང་སྨན་པའི་ཆ་རྐྱེན་ཞན་ན་ཡང་། སྨན་པ་རྣམས་ཀྱིས་ནམ་རྒྱུན་སྨན་བཅོས་ཀྱི་ལས་ལ་བྲེལ་ཞིང་ཉམ་ཐག་གི་ནད་པ་ཚོ་དང་མཉམ་དུ་ཡོད། རྫོགས་ཆེན་གྲོང་རྡལ་དུ་དུས་རྒྱུན་གློག་ཆད་འགྲོ་བ་དང་གློག་རྒྱུན་ལྡན་མིན་པའི་གནས་ཚུལ་འོག་སྨན་ཁང་གིས་སྦྲུམ་མ་ལ་ཕྲུ་གུ་བཙའ་བསུ་བྱེད་པ་དང་བརྟག་དཔྱད་མྱུར་སྐྱོབ་སོགས་དགོས་ཚེ་རང་སྨན་ཁང་གི་གློག་འདོན་འཕྲུལ་ཆས་བེད་སྤྱད་ནས་སྨན་བཅོས་དང་ཕྲུ་གུ་སྐྱེ་བསུ་བྱས་པས་མཐོ་སྒང་གི་ཨ་མ་མང་པོར་བདེ་ཐང་ངང་ཤ་ཚ་བའི་ཕྲུ་གུ་མང་པོ་བཙའ་བསུ་བྱས་ཡོད་ལ། ཉམ་ཐག་གི་ནད་པ་མང་པོར་སྨན་བཅོས་ཀྱི་གྲུབ་འབྲས་ཀྱང་མངོན་གསལ་ཐོབ་ཡོད།
ཕྱོགས་ཀྱི་སྨན་པ་མཁས་པ་གདན་འདྲེན་ཞུས།
ཞོགས་པའི་ཚོགས་འདུ།
སྨན་ཁང་གི་སྨན་པ་དང་། ལག་རྩལ་གྱི་དཀའ་ངལ་་སེལ་ཕྱིར་ཕྱི་ཕྱོགས་ནས་རྒྱ་བོད་ཀྱི་སྨན་པ་དང་། སྨན་ཁང་ཆེ་ཁག་གི་སྨན་པ་མཁས་དབང་བོད་ལྗོངས་སྨན་རྩིས་ཁང་གི་འབུམ་རབས་པ་གཡང་དགའ་དང་། ཡུལ་ཤུལ་གྱི་སྨན་ཆེན་ཀརྨ་ཐུབ་བསྟན། སྡེ་དགེའི་ར་སྐོར་སྨན་ཆེན་སྒྲོལ་མ་ཚེ་རིང་། ལི་ཐང་རྫོང་མི་དམངས་སྨན་ཁང་མོ་ནད་ཚན་ཁག་གི་འབུམ་རམས་པ་རྡོར་སྒྲོན། དཀར་མཛེས་ཁུལ་བོད་སྨན་ཁང་གི་སྨན་ཆེན་འགྲོལ་འདུལ་རྣམ་རྒྱལ། སྡེ་དགེ་རྫོང་བོད་སྨན་ཁང་གི་སྨན་ཆེན་ཚེ་གྲུབ་རྡོ་རྗེ་དང་བྱང་དགའ། ཨུ་རྒྱན་བསྟན་འཛིན་སོགས་དང་། ཀྲུང་གོའི་མི་དམངས་བཅིངས་གྲོལ་དམག་དོན་གསོ་རིག་སློབ་ཆེན་བཞི་པ་ནས་ཐོན་པ་དང་ཀྲུང་ལུགས་དང་ནུབ་ལུགས་ཟུང་འབྲེལ་གྱི་རིགས་གཅིག་མཁས་ཅན་སྨན་པ་ཀུའོ་ཞང་ཧྭ། བོད་ལྗོངས་གསོ་རིག་སློབ་ཆེན་ནས་ཐོན་པའི་ཕུལ་བྱུང་སྨན་པ་དོན་གྲུབ་ཚེ་རིང་། མིང་གྲགས་ཅན་གྱི་སྨན་པ་སྐལ་བཟང་དོན་གྲུབ། རྒྱལ་ཁབ་རིམ་པའི་བོད་སྨན་སློབ་དཔོན་ཐམ་ཁ་ངག་དབང་རྒྱ་མཚོའི་དངོས་སློབ་ཨ་རྡོ། ཕྱི་ནད་ཚན་ཁག་གི་ཆེད་ལས་སྨན་པ་ལའུ་ཕིན་ཨན་དང་ཐང་ཡོན་བཅས་གདན་ཞུ་བྱས་ཏེ་སྔར་མེད་ལག་རྩལ་ཁ་སྐོང་དང་སྨན་བཅོས་ལག་རྩལ་གྱི་སྤུས་ཚད་ཇེ་མཐོར་བཏང་བ་རེད།
སྨན་དང་སྨན་པའི་ཆ་རྐྱེན་རིམ་བཞིན་ཡར་རྒྱས་ཕྱིན།
དེ་ནས་ལོ་ཟླའི་འཁོར་སྐྱོད་ཁྲོད་རིམ་བཞིན་སྨན་ཁང་རྒྱ་བསྐྱེད་དང་འཕེལ་རྒྱས་ཀྱི་འགོ་བརྩམས་ཏེ་སྨན་ཁང་འདིར་ཞག་སྡོད་ཁང་དང་། ནད་བཅོས་ཁང་། ཁམས་གསོ་ཁང་། བརྟག་དཔྱད་ཁང་། སྨན་བཟོ་ཁང་། ལས་བཟོ་སྨན་པའི་སྡོད་ཁང་བཅས་གསར་འཛུགས་བྱས་ཡོད་ལ། སྨན་བཅོས་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་༠.༥༤ཙམ་ཟིན་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༡.༤དང་སྤྱིའི་རྒྱ་ཁྱོན་ལ་མུའུ་༤༥བཅས་ཡོད། སྨན་ཁང་ཆེ་ཁག་གི་སྲོལ་རྒྱུན་ལྟར་སྨན་ཁང་འདི་ལ་ཡང་ཚན་ཁག་དང་གཞོག་འདེགས་བརྟག་ཆས་སོགས་རོང་འབྲོག་མང་ཚོགས་གཙོ་བོར་གྱུར་པའི་ནད་པ་ཡོངས་ལ་ཕན་བདེ་བསྐྲུན་ཆེད་དུ་འཕྲལ་བཅོས་ཚན་ཁག་དང་། ཁོག་ནད་ཚན་ཁག །ཕྱི་ནད་ཚན་ཁག །མོ་ནད་ཚན་ཁག །བྱིས་ནད་ཚན་ཁག །འཕྲོ་འོད་ཚན་ཁག །ཞིབ་དཔྱད་ཚན་ཁག །ཚོན་ལྡན་སྒྲ་རླབས་བརྟག་དཔྱད་ཁང་། འཕྲོ་འོད་ཚན་ཁག །སྒྲ་འདས་སྙིང་པར་ཁང་། བོད་ལུགས་གསོ་རིག་ཕྱོགས་བསྡུས་སྒོ་བསྟེན་ཁང་། བོད་ལུགས་གསོ་རིག་ཚན་ཁག །བོད་ལུགས་གསོ་རིག་ཁམས་གསོ་ཁང་བཅས་གསར་འཛུགས་བྱས་ནས་ད་ལྟའི་ཆར་ལས་བཟོ་པ་༣༣དང་ནད་པའི་ཞག་སྡོད་ཉལ་ཁྲི་༣༣བཅས་ཡོད། ད་དུང་སྨན་ཁང་དུ་དེང་རབས་སྨན་བཅོས་སྒྲིག་ཆས་ལ་ཕྲུ་གུ་དམར་འབྱར་གྱི་དྲོད་གཏན་སྒམ། ཕྲུ་གུ་དམར་འབྱར་གྱི་འགྱེད་འཕྲོ་སྟེགས་བུ། མ་བུ་ལྟ་སྲུང་འཕྲུལ་ཆས། སྙིང་གློག་ལྟ་སྲུང་འཕྲུལ་ཆས། ཨང་མང་སྙིང་པར་བརྟག་ཆས་སོགས་ཡོད་པས་ནད་པར་སྨན་བཅོས་ལག་ལེན་ལ་སྟབས་བདེ་དང་མཐུན་རྐྱེན་ཆེན་པོ་བསྐྲུན་ཡོད།
དེ་ལས་ཁོག་ནད་ཚན་ཁག་ནི་གཙོ་བོར་དོན་ལྔ་དང་སྣོད་དྲུག་གཙོ་བོར་གྱུར་པའི་ཁོག་ནད་རིགས་ཐམས་ཅད་གསོ་བཅོས་བྱེད་ས་ཡིན།
ཕྱི་ནད་ཚན་ཁག་ནི་གཙོ་བོར་ཞག་སྡོད་མ་ཡིན་པའི་ནད་པ་ཚང་མ་ལྟ་བཞིན་ཡོད་ཅིང་། རྨས་སྐྱོན་ཤོར་བ་དང་། ཆམ་རིམས་སོགས་རྒྱུན་ལྡན་གྱི་ནད་རིགས་ཐམས་ཅད་གསོ་བཅོས་བྱེད་ས་ཡིན།
མོ་ནད་ཚན་ཁག་ནི་གཙོ་བོར་མོ་ནད་ཁྲག་ཚབས་དང་རླུང་ཚབས་གཙོ་བོར་གྱུར་པའི་མོ་ནད་རིགས་ཐམས་ཅད་གསོ་བཅོས་བྱེད་ས་ཡིན།
བྱིས་ནད་ཚན་ཁག་ནི་གཙོ་བོར་བྱིས་པའི་ཆུང་ནད་དང། ཚ་བ་རྒྱས་པ། ཆམ་རིམས་སོགས་ལྟ་ས་ཡིན།
འཕྲོ་འོད་ཚན་ཁག་ནི་གཙོ་བོར་ཡན་ལག་གི་རུས་པ་བརྡབ་འགྲམས་དང་། བྱང་ཁོག་གི་རུས་པ་ཆག་སྐྱོན། ཚིགས་ཆེན་བཅུ་གཉིས་ལ་སོགས་པར་ཆུ་གསོག་ཡོད་མེད་དང་རུས་པ་ཆག་གས་གྱུར་ཡོད་མེད་དང་། གཉན་ཁ་ཡོད་མེད། སོབ་ཡོད་མེད། འབྱར་ཡོད་མེད། གྲུམ་བུ་རིགས་སྤྱི་དང་ཁྱད་པར་རུས་ཏྲེམ། མཁལ་འགྲམས་བར་རྒྱས་དང་། སྨད་ལྷུང་། སྟོད་བྱེར་གྱི་ནད་འགྱུར་རིགས་དང་། གློ་བར་ཆུ་གསོག་ཡོད་མེད། གཉན་ཁ་ཡོད་མེད། གློ་རྒྱས་དང་གློ་ཚད་སོགས་དང་། སྙིང་རྒྱས། སྙིང་ཆུ། སྙིང་རྩ་ཕྲ་སྦོམ། རྒྱུ་འགག །རྒྱུ་ཚད་སོགས་དང་། ད་དུང་ཤ་ལྤགས་བར་ལྕགས་རིགས་ཟུག་པ་དང་། མིད་པར་དངོས་རྫས་ཕྲ་མོ་ཤོར་བ་སོགས་བརྟག་ས་ཡིན།
ཞིབ་དཔྱད་ཚན་ཁག་ནི་གཙོ་བོར་རྫས་འགྱུར་དབྱེ་ཞིབ་བྱེད་ཆས་དང་། ཁྲག་རིལ་དབྱེ་ཞིབ་བྱེད་ཆས། ཁྲག་དཀག་ཚད་འཇལ་ཆས། གློག་འབྱེད་དངོས་རྫས་དབྱེ་ཞིབ་བྱེད་ཆས་བཅས་ཡོད་ཅིང་། དེ་དག་གིས་མཆིན་པའི་ནུས་པ་དང་། མཁལ་མའི་ནུས་པ། གཤེར་རྨེན། ཁྲག་གི་མངར་ཆ། བསྐ་སླ། མཆིན་པའི་རང་བཞིན་གྱི་འགོས་ནད་རིགས། རྒྱུན་སྲོལ་ཁྲག །ཁྲག་མཐོ་དམན། སྙིང་རྩ་འགག་ཡོད་མེད། ཁྲག་གི་འཁོར་སྐྱོད་རྒྱུན་སྲོལ། གཅིན་བཅས་གསལ་པོར་བརྟག་ས་ཡིན།
ཚོན་ལྡན་སྒྲ་རླབས་བརྟག་དཔྱད་ཁང་ནི་གཙོ་བོར་མཆིན་པའི་ནད་རིགས། མཁལ་མའི་ནད་རིགས། གཤེར་རྨན་ནད་རིགས། ཕོ་བའི་ནད་རིགས། རྒྱུ་མའི་ནད་རིགས། མཚེར་བའི་ནད་རིགས། ལྒང་པའི་ནད་རིགས། བུ་སྣོད། མངལ་གྱི་ཟླ་ཚོད་ཚེས་གྲངས་དང་མངལ་གནས་བྱིས་པའི་གནས་ལུགས་བཅས་བརྟག་ས་ཡིན།
སྒྲ་འདས་སྙིང་པར་ཁང་ནི་གཙོ་བོར་སྙིང་གི་གནས་སྟངས་དང་འཕར་ཚད། ཁྲག་རྩ་འགག་ཡོད་མེད། སྙིང་གཟེར་དང་སྙིང་འཕྱོས་སོགས་སྙིང་ནད་ཀྱི་རྒྱུན་སྲོལ་ནད་བརྟག་ས་ཡིན།
བོད་ལུགས་གསོ་རིག་ཕྱོགས་བསྡུས་སྒོ་བསྟེན་ཁང་དང་བོད་ལུགས་གསོ་རིག་ཚན་ཁག་ལ་གཙོ་བོར་བོད་སྨན་དཔྱད་བཅོས་ཁང་དང་། ལུམས་བཅོས་ཁང་། བོད་སྨན་གཞུང་ལས་ཁང་བཅས་ཡོད། བོད་སྨན་དཔྱད་བཅོས་ཁང་ནས་གཏར་ག་དང་མེ་བཙའ། ཚ་ཐུར། གྲང་ཐུར། ཏེལ་བ། དུགས། བྱུགས་པ། སྐམ་ཁབ། ཧོར་མེ། མེ་བུམ་སོགས་ནད་ངོས་དང་ནད་བབས་ལ་བསྟུན་ནས་གསོ་བཅོས་ཀྱི་ལག་ལེན་ཚད་ལྡན་བྱེད་ཀྱི་ཡོད། ལུམས་བཅོས་ཁང་དུ་རླངས་ལུམས་དང་ཆུ་ལུམས། བཅིངས་ལུམས་གསུམ་ནི་གཙོ་བོའི་ལག་ལེན་དང་ལུམས་རྗེས་འཕུར་མཉེ་བྱ་བ་དང་སྣུམ་བྱུགས་སོགས་བྱས་ནས་སྔོན་འགྲོ་དངོས་གཞི་རྗེས་གཅོད་ཀྱི་གོ་རིམ་མ་ནོར་བར་ལག་ལེན་བྱེད་བཞིན་ཡོད།
སྨན་ཁང་དེས་ནད་པ་དྲག་བསྐྱེད་གཏོང་བའི་གྲངས་ཀ་དང་དཔེ་མཚོན་ཁ་ཤས།
སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་བཙུགས་རྗེས་རྫོགས་ཆེན་གྲོང་རྡལ་དང་དེ་བཞིན་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་བརྒྱད་ཀྱི་འབྲོག་པ་༢༨༠༠༠ཙམ་ལ་རྒྱུན་མཐོང་གི་ནད་དང་། ཕོག་སླ་བའི་ནད། ཉེན་ཚབས་རང་བཞིན་གྱི་ནད་བཅས་ལ་སྨན་བཅོས་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ཏེ། ༢༠༠༥ལོའི་ཟླ་བ་དང་པོ་ནས་༢༠༢༥ལོའི་ཟླ་༥པའི་བར་གསོ་བཅོས་བྱས་པའི་ནད་པའི་གྲངས་ཀ་ཁྲི་༣༥ཡན་ཟིན་ཡོད་པ་དང་། ༢༠༠༥ལོ་ནས་༢༠༢༣ལོའི་བར་མཐོ་སྒང་ཞིང་འབྲོག་མང་ཚོགས་ཀྱི་སྤྱིར་བཏང་སྦྲུམ་མ་དང་བཙའ་དཀའ་བའི་སྦྲུམ་མ། མྱུར་སྐྱོབ་བྱས་པའི་སྦྲུམ་མ་བཅས་སྨན་ཁང་དེར་ཞག་སྡོད་བྱས་ཏེ་ཕྲུ་གུ་༡༡༨༤ལྷག་ཅིག་མ་བུ་བདེ་ཐང་ངང་བཙའ་ཐུབ་ཡོད་པ་དང་། ལོ་རེའི་ནང་ཆ་སྙོམ་ཕྲུ་གུ་༦༥ཡན་ལ་འཇིག་རྟེན་གྱི་མཛེས་སྡུག་མཐོང་དུ་བཅུག་ཡོད། དེ་མིན་ས་མཐོ་རི་གཟར་གྱི་རུ་བའི་འབྲོག་པ་ཚོར་ཕྱུགས་ཟོག་གིས་བརྡུངས་ནས་རྨས་སྐྱོན་ཕོག་པ་དང་འགྲིམ་འགྲུལ་གྱིས་བརྡབ་སྐྱོན་བྱུང་བ། དགོན་སྡེའི་གྲྭ་པ་དང་ཇོ་མོ་སོགས་ཁྱིམ་མེད་པ་དང་ཉེ་འབྲེལ་མེད་པའི་ནད་པ་ཉམ་ཐག །ཐག་རིང་ནས་འོང་བའི་ཡུལ་སྐོར་མི་སྣར་དབྱང་དབུགས་ཀྱིས་མི་འདང་བའི་ས་མཐོའི་ནད་པ་སོགས་ལ་སྨན་ཁང་དེས་མྱུར་སྐྱོབ་རླངས་འཁོར་གྱིས་སྐྱེལ་བསུ་བྱེད་པ་དང་མྱུར་སྐྱོབ་བྱེད་པ། ཡང་ན་སྨན་ཁང་གཞན་དུ་སྐྱེལ་བ་སོགས་ས་གནས་དེ་གའི་མང་ཚོགས་ཀྱིས་བཤད་མི་ཚར་བའི་ལོ་རྒྱུས་དང་གཏམ་རྒྱུད་མང་པོ་བྲིས་ཡོད་ལ། ཡིད་ཆེས་དང་འདིང་འཇོག་ཆེན་པོ་ཡང་ཐོབ་ཡོད་ཅིང་། སྨན་ཁང་དེ་ནི་ས་གནས་མང་ཚོགས་ལ་མཚོན་ན་མེད་དུ་མི་རུང་བའི་ཚེ་སྲོག་གི་རེ་བ་ཉག་གཅིག་ཏུ་གྱུར་ཡོད།
སྨན་ཁང་གིས་ས་གནས་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཚུལ།
༢༠༠༧ལོའི་ཟླ་༧པར། ཀྲུའུ་ཧའེ་གྲོང་ཁྱེར་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་མངགས་གཏོང་བྱས་པ་ལྟར་མོ་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཧོ་མིང་ཡས་སྣེ་ཁྲིད་བྱས་པའི་སྨན་བཅོས་རུ་ཁག་སྨན་ཁང་དེར་ཡོང་ནས་ས་གནས་དེ་གའི་དགོན་པའི་དགེ་འདུན་པ་དང་མང་ཚོགས། སློབ་ཆུང་སོགས་མི་༥༡༥ལ་མཆིན་ཚད་ཁ་པའི་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་། མང་ཚོགས་ལ་མོ་ནད་ཚན་ཁག་གི་བདེ་སྲུང་སློབ་གསོ་དང་བརྟག་དཔྱད་བྱས་པར་མ་ཟད། སྨན་ཁང་དེའི་སྨན་བཅོས་མི་སྣར་འབུ་ཕྲ་མེད་པའི་བཀོལ་སྤྱོད་གསོ་སྦྱོང་ཡང་བྱས་པ་རེད།
༢༠༠༦ལོ་ནས༢༠༡༠ལོའི་བར་པེ་ཅིན་སློབ་ཆེན་གྱི་BiMBAདང་། ཀོང་ཀྲོའུ་ཅི་ནན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། ཧྲང་ཧའེ་ཕུའུ་ཐུའོ་ཁུལ་ལྟེ་གནས་སྨན་ཁང་སོགས་རིམ་པ་གསུམ་པའི་སྨན་ཁང་དག་དང་བཻཌཱུརྱ་གསོ་དཔྱད་གླིང་མཉམ་འབྲེལ་ཐོག་སྔ་རྗེས་སུ་སྨན་ཁང་དེར་མིག་ནད་སྐྱ་འགྲིབ་སྤྱི་ཕན་བསྐྱར་མཐོང་གཤགས་བཅོས་བྱས་པ་དང་། སྐྱ་འགྲིབ་བསྐྱར་མཐོང་གཤགས་བཅོས་༤༨། མིག་ཕྱིའི་གཤགས་བཅོས་༢། ཆ་ཚང་གཤགས་བཅོས་༣། མཐའ་ཁ་སྐྱ་འགྲིབ་གཤགས་བཅོས་བྱས་རྗེས་རྨ་ཁར་གཉན་ཚད་རྒྱས་པའི་ནད་པ་༣ལ་སྨན་བཅོས་བྱས་པ་དང་། ཁྱོན་མི་༡༢༠༠ལྷག་ཙམ་ལ་སྨན་བཅོས་བྱས་པར་སྤྱི་ཚོགས་ལས་རིགས་ཁག་གིས་བསྔགས་བརྗོད་རྒྱ་ཆེར་ཐོབ་ཡོད།
༢༠༢༡ལོ་ནས་༢༠༢༣ལོའི་བར་ཀོང་ཀྲོའུ་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་དང་། ཧྲེན་ཀྲེན་སེང་གེ་ཚོགས་པ། ཉི་གཞོན་ཚོགས་པ་དང་བཻཌཱུརྱ་གསོ་དཔྱད་གླིང་མཉམ་འབྲེལ་ཐོག་སྤེལ་བའི་སྤྱི་ཕན་བདེ་ཐང་བྱེད་སྒོ་དང་ནད་པ་༦༩ལ་སྐྱ་འགྲིབ་སྒྲ་འདས་གཤེར་གཟུགས་འདྲེས་སྦྱོར་དང་དེ་བཞིན་མིས་བཟོས་ཤེལ་གཟུགས་འཇུག་པའི་གཤགས་བཅོས་ལེགས་གྲུབ་བྱུང་ནས་ཁོང་ཚོར་སླར་ཡང་འོད་སྣང་གསར་པ་ཞིག་མཐོང་དུ་བཅུག་ཡོད་པ་དང་། མིག་ནད་མིག་འཛེར་ཅན་གྱི་ནད་པ་༡ལ་གཤགས་བཅོས་བྱས་ནས་ལོ་མང་ཞིག་གི་སྡུག་བསྔལ་བསལ་བ་དང་རྣ་བའི་ནུས་པ་ཉམས་པའི་ནད་པ་༢༨ལ་སྒྲ་ཚོར་རྣ་རོགས་སྤྲད་པས་ནད་པ་རྣམས་ཀྱི་རྣ་ཚོར་ནུས་པ་ཇེ་མཐོ་རུ་བཏང་ཡོད།
སྨན་ཁང་དེས་བོད་སྨན་དང་སྨན་ཆེན་རིགས་སྦྱོར་བཟོ་བྱས་ཚུལ།
ད་ལྟ་སྨན་ཁང་རང་གི་སྨན་སྦྱོར་ཁང་ནས་རིན་ཆེན་མུ་ཏིག་བདུན་ཅུ། མང་སྦྱོར་ཆེན་མོ། མུ་ཏིག་ཉེར་ལྔ། བྱུར་དམར་ཉེར་ལྔ་སོགས་རིན་ཆེན་རིགས་དང་། རྒྱུན་སྤྱོད་སྨན་སྦྱོར་བཅས་སྨན་སྣ་༡༢༠ཙམ་བསྡུ་སྦྱོར་ཚད་ལྡན་བྱས་པས་ནད་པ་རྣམས་ཀྱིས་དགའ་བསུ་གདེང་འཇོག་ཚད་མཐོ་ཐོབ། ད་དུང་སྨན་ཁང་རང་གི་ཐུན་མིན་མན་ངག་ལྟར་སྦྱར་བའི་སྲིན་འཇོམས་སྣ་སྨན་དང་། རླུང་བདུག་གཉིད་སྨན། ཟླ་ཤེལ་བདུད་རྩི། ཟུག་གཅོག་བྱུགས་པ། བདུད་རྩི་ལུམས་སྦྱོར། སྨན་སྤོས་གྲིབ་འཇོམས་སོགས་ལ་ནུས་ཁྱད་ཐུན་མིན་ལྡན་པའི་གྲགས་པ་རིམ་བཞིན་འབར་གྱི་འདུག །ད་དུང་༢༠༡༢ལོར་སྡེ་དགེའི་སྨན་རམས་པ་གྲགས་ཅན་མཁས་དབང་ཚེ་གྲུབ་རྡོ་རྗེས་དམར་ཁྲིད་ལག་ལེན་ཟུང་འབྲེལ་གྱིས་བདུད་རྩི་དར་ཡ་ཀན་དངུལ་ཆུབབཙོ་བཀྲུ་ཆེན་མོ་ཐེངསས་དང་པོ་ལེགས་འགྲུབ་བྱུང་བ་དང་། སླར་༢༠༢༥ཐེངས་བོད་སྨན་མཁས་དབང་ཟུར་ལུགས་དྲུང་འཚོ་བརྒྱུད་འཛིན་ཨོ་རྒྱན་བསྟན་འཛིན་དང་ཀྱིས་ལག་ལེན་དམར་ཁྲིད་ཟུང་འབྲེལ་གྱིས་ཐེངས་གཉིས་པ་ལེགས་འགྲུབ་རྣམ་པར་རྒྱལ་བ་མཛད།
༢༠༢༡ལོར་རྒན་ལྷ་མོ་སྐྱབས་དང་བུ་འཇིགས་ཡག་གཉིས་གདན་འདྲེན་ཞུས་ནས་རིན་ཆེན་མུ་ཏིག་༧༠དང་རིན་ཆེན་མང་སྦྱོར་སོགས་སྦྱོར་བཟོ་བྱས་ནས་ད་ལྟ་བོད་སྨན་རྒྱུན་སྤྱོད་སྨན་རིགས་བརྒྱ་ལྷག་དང་རིན་ཆེན་རིགས་མུ་ཏིག་བདུན་ཅུ་དང་། མང་སྦྱོར་སོགས་ཅུང་ཆ་ཚང་བ་སྨན་ཁང་རང་ནང་ནས་སྦྱོར་བཟོ་བྱེད་བཞིན་ཡོད་པ་དང་། བོད་ལུགས་གསོ་རིག་གི་ཁྱད་ཆོས་གཙོ་འདོན་དང་དམིགས་བསལ་དཔྱད་ལྔའི་མན་ངག་ལག་ལེན་བྱེད་བཞིན་ཡོད་པས་མ་ཚད། རིག་གཞུང་སློབ་ཁྲིད། ནད་འགོག་དྲིལ་བསྒྲགས། བདེ་ཐང་མཛུབ་སྟོན། མི་སྣ་གསོ་སྐྱོང་། གསར་གཏོད་རྒྱུད་འཛིན། ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་ཏུ་གྱུར་ཡོད།
༢༠༢༡ལོ་ནས་དཀར་མཛེས་ཁུལ་གཞི་རྩའི་སྨན་བཅོས་འགན་བཅོལ་དམིགས་འཛུགས་སྒྲིག་གཞིའི་ས་ཚུགས་སུ་ཚུད་ནས། ལོ་མང་རིང་སྨན་ཁང་གིས《སྨན་བཅོས་སྒྲིག་གཞིའི་དོ་དམ་སྲོལ་ཡིག》སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ་ཚད་གཞི་བཅས་ལ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་དང་། ནད་པ་དཀྱིལ་སྙིང་དུ་འཛིན་པར་མཐའ་འཁྱོངས་བྱས་ཏེ་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་དོ་དམ་ལམ་ལུགས་ཟམ་མ་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་པ་དང་། སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་དང་། ཚད་མཐུན་ཅན་གྱི་སྨན་བཅོས། ཚད་མཐུན་ཅན་གྱི་སྨན་རྫས་རིན་གོང་སོགས་ལ་བརྟེན་ནས་ས་གནས་དེ་གའི་མི་སེར་གྱིས་ཡིད་ཆེས་དང་གདེང་འཇོག་ཆེན་པོ་ཐོབ་ཡོད་པར་མ་ཟད། རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཀྱང་ཚད་མཐོའི་ཁས་ལེན་ཆེན་པོ་ཐོབ་ཡོད་ལ། ད་དུང་སྨན་ཁང་དེའི་གྲོང་རྡལ་སྨན་ཁང་ཨང་དང་པོར་འགྱུར་བའི་དམིགས་ཡུལ་བཟུང་ནས་དཀའ་སྤྱད་འབད་བརྩོན་གྱི་གོམ་ཁ་མི་ལྷོད་པར་ནམ་ཡང་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
སྨན་ཁང་དེས་སྤྱི་ཚོགས་ཀྱི་འོས་འགན་ཕྲག་ཏུ་བཞེས་ནས་སྤྱི་ཕན་གྱི་བྱ་བ་སྤེལ་ཚུལ།
ཝུན་ཁྲོན་ས་འགུལ་དང་ཡུས་ཧྲུའུ་ས་འགུལ་སྐབས་སུ་བཻཌཱུརྱ་གས་དཔྱད་གླིང་གིས་སྨན་པ་དང་སྨན་རྫས་རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ་རོགས་སྐྱོར་བྱས་པ།
༢༠༠༨ལོའི་ཝེན་ཁྲོན་ས་ཡོམ་སྐབས་སྨན་པ་གུར་དགའི་སྣེ་ཁྲིད་འོག་སྨན་ཁང་གི་ལས་མི་ཡོངས་ནས་རོགས་དངུལ་བསྡུས་པའི་དངུལ་སྒོར་དང་། སྨན་རྫས། ཟས་རིགས་། སྤྱོད་དངོས་གཞན་བཅས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་༡༦༠ལྷག་ཙམ་ས་ཡོམ་གེགས་སེལ་བྱ་སྤྱོད་ལ་གཞོགས་འདེགས་བྱས་ཏེ་གནོད་འཚེ་ཕོག་པའི་ས་ཁུལ་དུ་དུས་ཡུན་ཉིན་ཉི་ཤུ་ལྷག་ཙམ་གྱི་རིང་ལ་རོགས་སྐྱོར་དང་ཞལ་འདེབས་ལས་དོན་སྤེལ། སྐབས་དེར་གུར་དགའ་ལགས་ཀྱི་སྤྱི་ཕན་ལས་འགུལ་ལ་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་དང་བསྟོད་བསྔགས་ཐོབ་པར་མ་ཟད། སི་ཁྲོན་ཞིང་ཆེན་སྐབས་དང་པོའི་ཀུན་སྤྱོད་དཔེ་བཟང་ལ་བདམས་པ་དང་། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཁོང་ལ《ཡོམ་འགོག་གེགས་སེལ་སྔོན་ཐོན་མི་སྒེར་》 གྱི་བྱ་དགའ་སྤྲད་པ་དང་། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གིས་བཻཌཱུརྱ་གསོ་དཔྱད་གླིང་ལ《སྔོན་ཐོན་སྤྱི་ཚོགས་རྩ་འཛུགས》 ཀྱི་བྱ་དགའ་སྤྲད་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཚོགས་པས་གུར་དགའ་ལགས་ལ《གཅེས་སེམས་ཞལ་འདེབས་ལག་ཁྱེར》སྤྲད་པ་དང་། རྒྱལ་སྤྱིའི་དགེ་སྒྲུབ་གླེང་སྟེགས་སྐབས་གཉིས་པར་གུར་དགའ་ལགས་ལ་《རྒྱལ་སྤྱིའི་དམངས་ཁྲོད་དགེ་སྒྲུབ་ལེགས་སྐྱེས་བྱ་དགའ 》 སྤྲད་པ་རེད། དེའི་ཕྱི་ལོ་༢༠༠༩ལོའི་ཟླ་བཞི་པར་ཡུལ་ཤུལ་ས་ཡོམ་སྐབས་སྔར་བཞིན་གུར་དགའ་རིན་པོ་ཆེའི་ཐུགས་བཀོད་བཞིན་ལས་མི་ཡོངས་ནས་རོགས་དངུལ་བསྡུ་བ་དང་། སྨན་རྫས་དང་ཟས་རིགས། དེ་མིན་གྲང་འགོག་གྱོན་ཆས་དང་དངོས་རྫས་གཞན་སོགས་སྒོར་ཁྲི་༣༠༢ཀྱིས་ནད་པར་སྐྱོབ་བཅོས་བྱས་ནས་གནོད་ཐེབས་ཁུལ་དུ་རོགས་སྐྱོར་བྱས་པ་དང་ས་ཡོམ་གེགས་སེལ་གྱི་བྱེད་སྒོ་ལ་ཞུགས་ནས་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་བཀའ་དྲིན་དང་བསྟོད་བསྔགས་ཆེན་པོ་ཐོབ་ཡོད།