རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་འདི་བཙུགས་ཐུབ་པར་སྐྱེས་བུ་དམ་པ་རྫོགས་ཆེན་གུར་དགའ་ལགས་ཀྱི་བཀའ་དྲིན་ཡིན་པར་མ་ཟད་ད་དུང་དེའི་རྒྱབ་ཀྱི་བློ་གཅིག་སེམས་གཅིག་གིས་རོགས་སྐྱོར་གནང་མཁན་དེ་དག་གི་བཀའ་དྲིན་དང་ཡང་ཁ་བྲལ་ཐབས་མེད་པ་ཞིག་རེད།
༢༠༠༩ལོའི་ཟླ་༨པའི་ཚེས་༢༡ཉིན་ཁྲང་ཅང་ཚོང་ལས་སློབ་གྲྭ་EMBAསློབ་ཐེངས་14པའི་སློབ་མ་ཚོའི་ཚོང་དོན་ཞིག་གི་ཡོང་འབབ་སྒོར་ཁྲི་༧༠༠སྒོར་ལས་ཁྲི་༥༠༠རོགས་སྐྱོར་ལས་གཞི་ཁ་ཤས་ཐོག་འབུལ་རྒྱུའི་གྲོས་བྱས། ཉིན་ཤས་རིང་གནས་ཚུལ་འཚོལ་བསྡུ་བྱེད་སྐབས་ཅཱ་སུང་ཐའོ་ཡིས་བཻཌཱུརྱ་གསོ་དཔྱད་གླིང་ངོ་སྤྲོད་བྱས་པས་ཚང་མས་དེར་སྒོར་ཁྲི་༥༠ འབུལ་རྒྱུའི་ཐག་བཅད་པར་མ་ཟད་སྒོར་མོ་དེ་དག་གིས་སྨན་བཅོས་སྒྲིག་ཆས་དང་། གློག་འདོན་འཕྲུལ་ཆས། རྡོ་སྣུམ་སོགས་ཉོ་བྱེད་དུ་སྤྱོད་དགོས་པའི་བསམ་ཚུལ་བཏོན།
དེ་བཞིན་བཻཌཱུརྱ་གསོ་དཔྱད་གླིང་གི་མི་ལོ་ཉི་ཤུའི་རིང་བྱམས་བརྩེ་དང་ལྷག་བསམ་ཅན་གྱི་མི་མང་པོས་སྨན་ཁང་གི་ཕྱིའི་འཛུགས་སྐྲུན་དང་། ནང་གི་སྒྲིག་ཆས། མི་སྣ་གསོ་སྐྱོང་། སློབ་མའི་འཚོ་བའི་ཁ་གསབ་སོགས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱེད་མཁན་མང་དག་བྱུང་ཡོད་པས་བཻཌཱུརྱ་གསོ་དཔྱད་གླིང་བཙུགས་ནས་མི་ལོ་ཉི་ཤུ་འཁོར་བའི་སྨན་ཁང་འདི་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་མྱོང་མཁན་དེ་དག་བརྗེད་མི་རུང་ལ་བརྗེད་ཀྱང་མི་སྲིད་པའོ། །