སྡེ་དགེ་རྫོགས་ཆེན་རུ་དམ་ལུང་ནི་སྔར་གྱི་ཡིག་ཚགས་དང་ཆོས་ཕྱོགས་ཀྱི་ཤོད་སྲོལ་ལྟར་ན། ཨོ་རྒྱན་ཡུལ་གྱི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཡིན་ལ། ཁྱད་པར་དུ་རུ་དམ་ཡང་དབེན་པདྨའི་ཐང་དུ་སློབ་དཔོན་ཆེན་པོས་དར་ཟབ་ཀྱི་གུར་ཕུབས་ནས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་ནམ་མཁའ་ནས་སྨན་རྒྱལ་ཨ་རུ་ར་ཡི་ཆར་བབ་པ་ད་ལྟ་ཡང་གངས་ཀྱི་སྟེང་དུ་རྙེད་རྒྱུ་ཡོད། བདུད་རྩི་སྨན་གྱི་གཏེར་ཁ་སྦས་པ་ཕྱིས་གཏེར་ཆེན་མཆོག་གྱུར་གླིང་པས་གཏེར་ནས་བཏོན། ས་གནས་འདིའི་རི་ཀླུང་ཀུན་ཏུ་སྐྱེས་པའི་རྩི་ཤིང་དང་། མེ་ཏོག །འབྲས་བུ། སྔོ་ལྡུམ་སྨན་རིགས་ཕལ་ཆེར་བ་མ་སྐྱེས་པ་མེད་པས་བདུད་རྩི་སྨན་ལུང་ཞེས་ཡོངས་གྲགས་བཅས་ཀྱི་དམངས་ཁྲོད་ཤོད་རྒྱུན་དང་། ལོ་རྒྱུས་རྒྱབ་ལྗོངས། རང་བྱུང་ཆ་རྐྱེན་སོགས་ཀྱི་ཁོར་ཡུག་དམིགས་བསལ་བ་ཞིག་ཆགས།
དགེ་སློབ་ཚོ་ཅིག་གི་མཉམ་པར།
ཁྱད་པར་རྫོགས་ཆེན་དུ་དར་བའི་བོད་ལུགས་གསོ་བ་རིག་པའི་བརྒྱུད་པའི་ཐད་གསོ་རིག་གི་ལུགས་ཆེན་གཉིས་ཏེ་བྱང་ལུགས་དང་ཟུར་ལུགས་གཉིས་ཀ་དར་ཡོད་ཅིང་། ཟུར་ལུགས་ཀྱི་རྒྱུད་པ་མི་ཕམ་རིན་པོ་ཆེ་ཡིན་ལ། མི་ཕམ་རིན་པོ་ཆེ་ནི་རྫོགས་ཆེན་ཤྲཱི་སེང་བཤད་གྲྭའི་མཁན་རབས་བཅུ་གཉིས་པ་ཡིན་པ་རྫོགས་ཆེན་ཆོས་འབྱུང་སོགས་སུ་འཁོད་ཡོད། ཁོང་ཟུར་ལུགས་ཀྱི་རྒྱུད་པ་ཡོད་ཚུལ་ནི་གསོ་རིག་འཆད་ཉན་གྱི་སློབ་དཔོན་གཙོ་བོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་ཡིན་པས་ཟུར་ལུགས་སུ་ངེས། བྱང་ལུགས་ཀྱི་རྒྱུད་པ་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སྐུ་ཕྲེང་གསུམ་པ་རྫོགས་ཆེན་སྐུ་ཞབས་དགེ་མང་སྤྲུལ་སྐུ་ནས་བརྒྱུད་ཡོད་ཅིང་། སྐུ་ཞབས་དགེ་མང་སྤྲུལ་སྐུ་ནི་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་རུ་དུས་ཡུན་རིང་པོར་བཞུགས་ནས་སློབ་རྒྱུད་སྐྱོང་མྱངས་།
བཻཌཱུརྱ་གསོ་དཔྱད་གླིང་གི་སྨན་པ་ཁག་ཅིག
ཁོང་བྱང་ལུགས་ཀྱི་བརྒྱུད་པ་ནི། དགེ་མང་རིན་པོ་ཆེས་ལྷ་སའི་ལྕགས་པོ་རི་གསོ་རིག་འགྲོ་ཕན་གླིང་གི་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུའི་མདུན་ནས་སྡེ་སྲིད་ཀྱི་བཻཌཱུརྱ་སྔོན་པོ་སོགས་ཀྱི་ཁྲིད་ལུང་གི་རྒྱུན་དང་སྦྱང་བ་ཚད་ལྡན་ཐོབ་ཡོད་པས་བྱང་ལུགས་ཀྱི་བརྒྱུད་པའང་གནས་འདིར་ཆེས་ཆེར་དར། དེ་བཞིན་དུ་གླིང་འདིའི་ཕྱག་འདེབས་པ་པོ་སྨན་པ་གུར་དགའ་རིན་པོ་ཆེ་ལ་བྱང་ལུགས་དང་ཟུར་ལུགས་གཉིས་ཀའི་བརྒྱུད་པ་ཡོད་དེ། ཁོང་ལ་ཟུར་ལུགས་ཀྱི་བརྒྱུད་པ་སི་ཏུ་རིན་པོ་ཆེ་ནས་མི་ཕམ་རིན་པོ་ཆེ་ལ་རྒྱུད། མི་ཕམ་ནས་ཁོང་གི་དངོས་སློབ་ཁྲོ་རུ་འཇམ་དཔལ་ལ་རྒྱུད། ཁྲོ་རུ་འཇམ་དཔལ་ནས་མདོ་ཟླ་གསལ་དབང་མོ་ལ་རྒྱུད། མདོ་ཟླ་གསལ་དབང་མོ་དང་སྐུ་ནུབ་འོད་ཟེར་ལ་བརྒྱུད་ནས་སྨན་པ་གུར་དགའ་ལ་བརྒྱུད་དོ། །བྱང་ལུགས་ཀྱི་རྒྱུད་པ་ནི། མཁས་དབང་མཁྱེན་རབ་ནོར་བུ་ནས་སྐུ་ཞབས་དགེ་མང་རིན་པོ་ཆེ་ལ་རྒྱུད། དགེ་མང་རིན་པོ་ཆེ་ནས་ར་སྐོར་མཁན་པོ་ཐུབ་བསྟན་ནོར་བུ་ལ་རྒྱུད། ར་སྐོར་ཐུབ་ནོར་ནས་སྨན་པ་གུར་དགའ་ལ་རྒྱུད་པས་བརྒྱུད་པ་ཟམ་མ་ཆད་པ་བྱང་ཟུར་ཆུ་བོ་ཆེན་པོ་གཅིག་འདྲེས་ཀྱི་ཚུལ་དུ་ཡོད་པར་མ་ཟད་ཁོང་སླར་ཡང་ལྷ་ས་སྨན་རྩིས་ཁང་དུ་བྱང་ལུགས་ནས་བརྒྱུད་པའི་སྨན་པ་མཁས་དབང་ཀུན་དགའ་ཕུན་ཚོགས་དང་། བྱམས་པ་འཕྲིན་ལས། བྱམས་པ་དངོས་གྲུབ་སོགས་ལ་བསྟེན་པ་དང་། ཁྲོ་རུ་མཁན་པོ་ཚེ་རྣམ་དང་། ཚུལ་ཁྲིམས་རྒྱལ་མཚན། བློ་བཟང་སྙན་གྲགས་སོགས་ལ་བསྟེན་པས་བྱང་ཟུར་བརྒྱུད་པའི་ཆུ་བོ་ཟུང་འབྲེལ་དུ་གྱུར།
ས་གནས་འདིར་སྔོན་ནས་བཟུང་འཇུ་མི་ཕམ་སོགས་མཁས་དབང་གསེར་རིའི་ཕྲེང་བ་ལྟ་བུ་དག་གི་བཀའ་དྲིན་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གནས་འདིར་བཞུགས་སྐབས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་ལུགས་གསོ་བ་རིག་པའི་རིག་གཞུང་གི་རྨང་གཞི་དང་ལག་ལེན་གྱི་རྒྱུན་བརྟན་པོ་ཆགས་ཡོད་ན་ཡང་ཕྱིས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གནས་འདི་ལས་གནས་སྤར་བ་ནས་བཟུང་ས་གནས་རང་དུ་བོད་སྨན་ལ་ཆེད་གཏད་ཀྱིས་སློབ་གཉེར་བྱ་སའི་སློབ་ར་ཞིག་མེད་པར་གྱུར་ཏེ་ལོ་མང་འགོར་བས་ས་ཆ་འདི་ལ་བོད་སྨན་རྐང་རྗེན་སྨན་པ་ཁ་ཤས་ཡོད་པ་ལས་སྤྱིའི་ཆ་ནས་བོད་སྨན་སློབ་སྦྱོང་གི་གནས་སྟངས་དེ་ཧ་ཅང་སྐྱོ་པོའི་ངང་དུ་ལུས། དེ་འདྲའི་གནས་བབས་དེ་རྫོགས་ཆེན་སྨན་པ་གུར་དགའ་ལགས་ཀྱིས་གཟིགས་ཏེ་བོད་སྨན་ལ་ཆེད་གཏད་ཀྱིས་སློབ་གཉེར་བྱ་སའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཐུགས་འདུན་བཅངས་ནས། གཅིག་ནས་བོད་ལུགས་གསོ་བ་རིག་པ་མ་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་དང་། ཁྱད་པར་དུ་བོད་སྨན་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱས་ནས་ས་གནས་མང་ཚོགས་ལ་བོད་སྨན་གྱིས་ཞབས་ཕྱི་ཡང་དག་བསྒྲུབ་པའི་ཆེད་དུ་ས་གནས་འདི་གར་བོད་ཀྱི་གསོ་རིག་གི་སློབ་གསོའི་རྟེན་གཞི་ཞིག་འཛུགས་རྒྱུའི་འབད་པ་གནང་།