འབུམ་རམས་པས་སྡེ་དཔོན་གྱི་འགན་བཞེས་པ་ནི་དོན་དག་ཁྱད་མཚར་བ་ཞིག་མ་རེད་མོད། ལས་མི་བསྡུ་ཐེངས་གཅིག་ལ་འབུམ་རམས་པ་26བསྡུས་པར་མ་ཟད། རྫོང་གཅིག་ཏུ་ལས་འགན་བཞེས་ནས་བྱས་རྗེས་བཞག་པ་ནི་མཐོང་དཀོན་པོ་ཞིག་རེད། བྲག་འགོ་རྫོང་ལ་མཚོན་ན་མཚོ་འཕགས་སྨི་3860ཡོད། སྔོན་ཆད་ནི་སི་ཁྲོན་གྱི་དབུལ་པོའི་ནང་གི་དབུལ་པོ་དང་དཀའ་ངལ་ཅན། མཐིལ་འདེགས་རོགས་སྐྱོར་བྱེད་དགོས་པའི་རྫོང་ཞིག་ཡིན། གནས་འདིར་མཚན་འཛིན་སྡེ་དཔོན་འབུམ་རམས་པ་26བསྡུས་ནས་བྱ་བ་ལེགས་པོ་བསྒྲུབས་ཡོད།
སྤྱི་ཟླ་3པའི་ཚེས་6ཉིན། འབུམ་རམས་པ་ཀྲང་ལི་ཧྲན་དང་འཕྲད། ཁོས་ཟླ་མཇུག་ལ་བྲག་འགོར་འགྲོ་བའི་འཆར་གཞི་སྔ་ནས་བཀོད་ཟིན། མུ་མཐུད་དུ་ལས་འགན་བཞེས་པའི་གདན་ཞུའི་བརྡ་འབྱོར་རྗེས། ཁོ་ལྕམ་བླ་སྡེ་པ་ནས་རྫོང་ཡོངས་ཀྱི་སྡེ་པ་ཆེ་ཤོས་བ་བཏག་སྡེ་པར་ལས་བགོས་བྱས་ཏེ། འགན་འཁྲི་ཇེ་ལྕིར་ཕྱིན།
གྲངས་འབོར་མང་ལ་ལས་བགོས་ཁྱབ་རྒྱ་ཆེ་བས། འབུམ་རམས་པ་26པོ་དེ་དག་མཐོ་སྒང་ས་ཁུལ་གྱི་དར་རྒྱས་ཞན་པའི་རྫོང་ཞིག་ཏུ་རྐང་ཚུགས་ཐུབ་བམ་ཞེ་ན།
འབུམ་རམས་པས“སྡེ་དཔོན”
གྱི་འགན་བཞེས་པ།
ཁྲེང་ཏུའུ་ནས་བྲག་འགོའི་བར་གྱི་ལམ་ཐག་ལ་སྤྱི་ལེ་500ལྷག་ཡོད། རི་ལམ་ཀྱོག་ཆེ་ལ་རྫ་དུག་ཕོག་སླ། ལོ་ངོ་འདི་གཉིས་ལ་ཀྲང་ལི་ཧྲན་ལམ་འདིར་འགྲོ་འོང་ཐེངས་16བྱས།
ཐེངས་དང་པོར་ལྕམ་བླ་སྡེ་པར་སླེབས་དུས་སྡེ་མི་རྣམས་ཀྱིས་ཁ་བཏགས་དཀར་པོས་བསུ་མ་བྱས། ཀྲང་ལི་ཧྲན་གྱིས་སྐད་བརྡ་མི་འཕྲོད་རུང་སྡེ་མི་རྣམས་ཀྱི་མིག་མདངས་སུ་རེ་བས་ཁེངས་ཡོད་པ་དྲན་ཞེས་བཤད། ཉིན་དེར་གནས་གཞིས་མགྲོན་ཁང་གི་གསང་སྤྱོད་ཁང་ནམ་ཞིག་ལ་ལས་ཚར་བ་དང་སྡེ་པའི་སྐུད་ལམ་རྙིང་པར་གྱུར་བ། རྡོ་འཐག་ཁང་གི་མཆིག་རྡོ་གས་ཡོད་པ། ཟོག་ཁང་མི་བརྟན་པ་ཞེས་ཁོའི་ཟིན་བྲིས་སུ་སྡེ་མི་རྣམས་ཀྱི་སེམས་གཏམ་བཀོད་ཡོད།
སྡེ་མི་རྣམས་ཀྱིས་གླེང་བའི་གནས་ཚུལ་དེ་དག་ནི་བྲག་འགོའི་སེམས་ནད་རེད། ཞིང་ཆེན་ཡོངས་ཀྱི་དར་རྒྱས་ཞན་པའི་རྫོང་ཁོངས་39ཡི་གྲས་ཤིག་ཡིན་པའི་བྲག་འགོ་རྫོང་ནི་འཇོན་མི་ཉུང་ལ་ཐོན་ལས་ཞན་པ། ཡོང་འབབ་འཕར་དཀའ་བའི་གནད་དོན་ཡོད། བྲག་འགོ་ལ་ལས་དོན་སྒྲུབ་ཕོད་པ་དང་སྒྲུབ་མཁས་པའི་འཇོན་མིའི་དཔུང་ཁག་ཅིག་དགོས།
2023ལོའི་ཟླ་8པར་གནས་ཚུལ་ལ་འགྱུར་བ་བྱུང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི“རིག་སྟོབས་ཐེན་ཧྥུ་ཆེད་མཁས་པའི་འགྲུལ་བཞུད”ཅེས་ཐིང་དང་རྫོང་མཉམ་ལས་ཀྱི་ཤར་རླུང་ལ་བརྟེན་ནས། བྲག་འགོ་རྫོང་གིས་ཞིང་ཆེན་ཡོངས་སུ“འབུམ་རམས་པ་མཚན་འཛིན་སྡེ་དཔོན”གྱི་བློ་རིག་ནང་འདྲེན་ལམ་སྲོལ་སྔོན་ལ་འཚོལ་ཞིབ་བྱས་ཏེ། ཞིང་ལས་ཐོན་རྫས་ལས་སྣོན་དང་ཞིང་ཚོང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། གསོ་རིག་སྨན་རྫས་བདེ་ཐང་སོགས་ཆེད་ལས་ཁྱབ་ཁོངས་ཀྱི་འབུམ་རམས་པ་26གདན་འདྲེན་ཞུས། ཀྲང་ལི་ཧྲན་ནི་འབུམ་རམས་པ་དེ་རྣམས་ཀྱི་གྲས་ཤིག་ཡིན།
ལོ་ངོ་གཉིས་ཀྱི་རིང་ལ་ཀྲང་ལི་ཧྲན་གྱིས་སྡེ་མིའི་འདོད་དོན་སེམས་ལ་ངེས་བཞིན་རེ་རེ་བཞིན་མངོན་འགྱུར་བྱུང་། ཁོས་འབྲེལ་ལམ་བཙུགས་པའི་གཞོགས་འདེགས་འོག །སྡེ་པའི་ནང་དུ་སྣུམ་ལམ་གསར་པ་བསྐྲུན། ཆེད་ལས་དགེ་རྒན་གདན་འདྲེན་ཞུས་ནས་སྡེ་མི་རྣམས་ལ་བཟའ་བཏུང་གཡོས་སྦྱོར་བསླབས། པང་ཁང་གནས་གཞིས་མགྲོན་ཁང་ལ་ཆུ་འདག་རྣམ་པའི་གསང་སྤྱོད་ཁང་བཀོད་སྒྲིག་བྱས། ཞིང་ཆེན་རླངས་འཁོར་ཐོན་ལས་མཐུན་ཚོགས་དང་ཁང་འཁོར་མཐུན་ཚོགས་ནང་འདྲེན་བྱས་ནས་ཁང་འཁོར་སྒར་ས་བསྐྲུན། ཁྲེང་ཏུའུ་ཡི་སྐད་གྲགས་ཆེ་བའི་སྨན་རྫས་ཁེ་ལས་བྲག་འགོ་རུ་ནང་འདྲེན་བྱས་ཏེ་འོ་སེའི་ཀྲུང་ལུགས་སྨན་ཆུ་གསར་སྤེལ་བྱས།
ཤེས་ལྡན་མི་སྣ་དང་ཐོན་ལས་གནད་ལ་འཁེལ་བའི་སྒོ་ནས་སྙོམ་སྒྲིག་བྱ་ཆེད། བྲག་འགོ་རྫོང་ཨུའི་ཤེས་ལྡན་མི་སྣ་གཞུང་དོན་ཁང་གིས་སྲིད་འཛིན་གྲོང་སྡེ་15ཡི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབུམ་རམས་པ་26གི་ཆེད་ལས་ལྟར“གྲོང་སྡེ་རེ་ལ་ཐབས་ཇུས་རེ་དང་འབུམ་རམས་པ་རེ”བཀོད་སྒྲིག་བྱས། བྲག་འགོ་རྫོང་ཨུའི་ཤེས་ལྡན་མི་སྣ་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་པས་འབུམ་རམས་པ་རྣམས་ཀྱིས་རང་ཉིད་ཀྱི་གྲོང་སྡེ་ཁོ་ན་མ་ཡིན་པར། ནས་དང་འོ་སེ་ཇ། ནོར་གནག་སོགས་བྲག་འགོའི་ཁྱིམ་རྒྱུ་འདི་དག་ལ་དམིགས་ནས། རྫོང་ཡོངས་ཀྱི་ཐོན་ལས་བཀོད་པ་ལ་མཉམ་དུ་བསམ་གཞིགས་གཏོང་བཞིན་ཡོད་ཅེས་བཤད།
སྲིད་འཛིན་འགན་འཁྲི་མེད་ལ་ཟླ་ཕོགས་སྐར་གང་ཡང་མེད་མོད། རང་འགན་ལེགས་འཁུར་གྱིས་བཀོད་པ་འཐེན་ནས་རྣམ་གྲངས་ལ་སྐུལ་འདེད་དང་ཐོན་ཁུངས་བརྩོན་ལེན་བྱེད་མུས་འདུག །འབུམ་རམས་པ་མཚན་འཛིན་སྡེ་དཔོན་རྣམས་ཀྱིས་བྲག་འགོའི་གྲོང་གསེབ་དར་རྒྱས་ཀྱི་འགྲུལ་བཞུད་དུ་ལས་ལ་བྲེལ་མུས་འདུག །ཀྲང་ལི་ཧྲན་གྱིས་བཤད་པ་ནང་བཞིན། མཚན་འཛིན་སྡེ་དཔོན་ནི་གཟི་བརྗིད་མིན། དེ་ནི་འགན་འཁུར་ཡིན། རང་ཉིད་ཀྱིས་ཕྲག་ཏུ་བླངས་ན་འགན་ཡག་པོ་འཁུར་དགོས།
ཕྱིའི་རིག་སྟོབས་ཆེ་ཤོས་སུ་
གྱུར་ཡོད།
ནས་ནི་བྲག་འགོའི་མིང་བྱང་ཡིན་ཀྱང། སྲ་མཁྲེགས་ཀྱི་རུས་པ་བཞིན་ཐོན་ལས་ཀྱི་བཀག་རྒྱ་ལས་སྒྲོལ་དཀའ། ལོ་འདི་དག་ལ་ཐོན་ལས་ཡོད་མོད་ཐོན་རྒྱ་ཆེ་རུ་བསྐྱེད་ཁག་པོ་འདུག །ཞིང་འབྲོག་མང་ཚོགས་ཀྱི་སྒོར་ཁུག་ཀྱང་དེ་བཞིན་དུ་མཐུག་པོར་ཆགས་དཀའ།
འོན་ཏེ་འབུམ་རམས་པ་མཚན་འཛིན་སྡེ་དཔོན་ཀྲུའུ་པོ་ནི་དེའི་སྐོར་གྱི་ཆེད་མཁས་པ་ཞིག་རེད།
མཚོ་འགོ་ཡུལ་ཤོག་སྒང་རི་སྡེ་པའི་ནས་ཞིང་དུ་ཁོས་སྡེ་མིའི་སྣེ་ཁྲིད་ནས་ཚོད་ལྟ་ཁང་ཆུང་ངུ་བསྐྲུན། སྡེ་མི་རྣམས་ལ་ཁ་པར་གྱི་Appསྤྱད་དེ་ས་རྒྱུའི་བརླན་ཚད་ཐོ་འགོད་དང་ལོ་འདབ་ནད་ཅན་དབྱེ་འབྱེད་བྱེད་སྟངས་ཁྲོད། “གངས་དཀར་1པའི”ནས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་200ནས་སྤྱི་རྒྱ་408བར་མཐོ་རུ་བཏང་ནས། གྲོང་སྡེ་3གྱི་ཞིང་དུད་500ལ་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.4ལྷག་འཕར་བར་སྐུལ་ཁྲིད་བྱས།
ཨ་མ་རྒན་མོ་དབྱངས་ཅན་གྱིས་བོད་ལུགས་པར་རིས་བཀོད་པའི་ནས་ཀྱི་ཀ་ར་གོ་རེ་བཟུང་ནས་གདོང་ལ་འཛུམ་གྱིས་ཁེངས་བཞིན་བཤད་རྒྱུར། མི་ཚེ་གང་པོར་ནས་བཏབ་པ་ཡིན་མོད། ནས་ཀྱི་ཐོན་རྫས་འདི་འདྲ་མང་པོ་ཐོན་སྐྱེད་ཐུབ་པ་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད། དུས་ད་སྐབས་རྫོང་གི་ལས་སྣོན་བཟོ་གྲྭས་ལེགས་བཅོས་བྱས་རྗེས་ཀྱི་ནས་ནག་ཀ་ར་གོ་རེ་རིགས་8བཟོས་པ་དང་དེ་སྔ་རྒྱ་མ་རེར་སྒོར་ཁ་ཤས་ལས་རག་མི་ཐུབ་པའི་ནས་ཀྱི་རིན་གོང་ལྡབ་ལྔ་འཕར་དུ་བཅུག
ལོ་ངོ་འདི་གཉིས་ཀྱི་རིང་ལ་བྲག་འགོ་རྫོང་གིས་འབུམ་རམས་པ་མཚན་འཛིན་སྡེ་དཔོན་གྱི་ཆེད་ལས་དང་ཐོན་ཁུངས་ལེགས་ཆ་གང་ལེགས་བཏོན་ནས། ཤེས་ལྡན་མི་སྣའི་ཕུགས་ཕན་ཞབས་ཞུར་འདེགས་སྐྱོར་བྱེད་པའི་ལས་ཀའི་མ་ལག་བཙུགས། ནས་ནས་འོ་སེ་ཇ་དང་། ནོར་གནག་ནས་སྟག་ལག་ཤ་མོང་བཅས་སྲོལ་རྒྱུན་གྱི་ཐོན་ལས་རེ་རེ་ལ་གསོན་ཤུགས་རྒྱས།
སྐྱུར་བསྙལ་ལྕགས་ཀྲིན་དེའི་དྲོད་ཚད་ངེས་པར་དུ་ཧྲེ་ཧྲི་ཏུའུ་28.5ལ་ཚོད་འཛིན་བྱེད་དགོས། ས་མཐོའི་རླུང་གནོན་དམའ་བ་དང་ཧེ་བག་ཧྲེ་ཧྲི་ཏུའུ་0.5ལས་བརྒལ་མི་རུང་། ཞེས་བྲག་འགོ་གངས་ལྗོངས་འོ་སེ་ཚད་ཡོད་འགན་འཁྲི་ཀུང་སིའི་ཚོད་ལྟ་ཁང་དུ་འབུམ་རམས་པ་མཚན་འཛིན་སྡེ་དཔོན་ཚའེ་ཞའོ་དབྱང་གིས་དཔྱད་ཆས་སྡེར་མར་བལྟས་ནས་ལག་རྩལ་པར་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱ་རྒྱུར་མཛུབ་ཁྲིད་བྱེད་བཞིན་འདུག
མཛུབ་ཁྲིད་དེས་བྱས་རྗེས་གང་མང་བཞག །ཁོའི་གཞོགས་འདེགས་འོག་གངས་ལྗོངས་འོ་སེ་ཀུང་སིས་འོ་སེ་ཇ་དྲོད་ཚད་དམའ་བའི་ངང་སྐྱུར་བསྙལ་བྱེད་པའི་ལག་རྩལ་དཀའ་གནད་ཁྱད་བསད་བྱས་ཏེ། འཁྱགས་སྐམ་ཇ་ལེབ་དང་སྐྱུར་བསྙལ་ཇ་ཁུ་སོགས་ཐོན་རྫས་གསར་པ་ཁག་8གསར་སྤེལ་བྱས་ནས། ལོ་རེའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་200ནས་སྒོར་ཁྲི་530བར་འཕར་བ་རེད།
མཚན་འཛིན་དེ་ལས་འགན་དུ་བསྒྱུར་ནས་འབུམ་རམས་པ་མཚན་འཛིན་སྡེ་དཔོན་དེ་བྲག་འགོ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་ཕྱིའི་རིག་ནུས་སྟོབས་ལྡན་དུ་གྱུར་ཡོད། ཁོ་ཚོས་འཁྱེར་ཡོང་བ་ན་ལག་རྩལ་ཁོ་ན་མ་ཡིན་པར་འདུ་ཤེས་གསར་པ་ཡིན། མཐོ་སྒང་དང་ཕྱི་རོལ་བར་འབྲེལ་ཟམ་བཙུགས་ནས། བྲག་འགོའི་ཁྱད་ལྡན་ཐོན་རྫས་རིམ་པ་བཞིན་རྒྱང་རིང་ཡུལ་དུ་ཁྱབ་སྤེལ་བྱས།
“སྡེ་དཔོན”སྔར་ལས་མང་པོ་
སླེབས་བྱུང་།
ན་ནིང་གི་ཟླ་བ་7པར། བྲག་འགོ་རུ་སྡེ་མི་གསར་པ་ཞིག་སླེབས་པ་སྟེ། དབྱིན་ཧེང་ཚན་རྩལ་གྱི་སྲོལ་གཏོད་པ། ཞང་ཀང་སློབ་ཆེན་གྱི་འབུམ་རམས་པ་དབྱང་ལིན་རེད།
གྲངས་འཛིན་ལག་རྩལ་གྱི་ལས་ལ་མཁས་པའི་ལས་གཏོད་པ་ཞིག་ཡིན་པའི་ཆ་ནས། ཁོས་ཀྲང་ལི་ཧྲན་དང་མཉམ་དུ་ཚོགས་པའི་སྣེ་ཁྲིད་དེ་ཉི་པ་ཡུལ་ཤོག་སུ་རྒྱས་སྡེ་པར་བསྐྱོད་དེ། སྡེ་པ་དེར“གྲངས་འཛིན་ཀླད་ཆེན”ཞིག་འཛུགས་རྩིས་བྱེད་ཀྱི་ཡོད། སུ་རྒྱས་སྡེ་པ་ཚོད་ལྟ་བྱ་ཡུལ་བྱས་ནས། “རིག་སྟོབས་གྲོང་གསེབ་དོ་དམ་ལས་སྟེགས”བསྐྲུན། ས་ཞིང་དང་མི་འབོར། ཐོན་ལས་བཅས་ཀྱི་ཆ་འཕྲིན་ཚང་མ་སྤྲིན་ཚོགས་སུ་སྤེལ་བ་དང་འབྲེལ་རིམ་བཞིན་རྫོང་ཡོངས་ལ་ཁྱབ་གདལ་བཏང་།
དབྱང་ལིན་གྱིས་གསར་འགོད་པར་བཤད་རྒྱུར། མིག་སྔར་སུ་རྒྱས་སྡེ་པ་ལྟེ་བའི་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ་0.8ཡོད་པའི་ཞིབ་མཐོ་གྲངས་གཞིའི་གཞི་གདན་བསྐྲུན་ཚར་ཡོད། དེ་ནི་འགུལ་རྣམ་གསར་བརྗེ་བྱེད་པའི“གྲོང་གསེབ་ཀྱི་གྲངས་གཞིའི་དྲ་བ”ཞིག་ཡིན་པ་དང་། ཆུ་ལོག་དང་འདམ་རྡོའི་ཆུ་རུད་བྱུང་སྐབས་མ་ལག་དེས་དུས་ལྟར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཐུབ། དེ་མིན་མིས་བཟོས་རིག་ནུས་ཀྱི་བརྩི་ཐབས་བརྒྱུད་ཐང་ཀ་དང་སྟག་ལག་ཤ་མོང་ལྷན་སྐྱེས་ཀྱི་ཁྱད་ཆོས་ལེགས་པར་མངོན་ནས་མ་རྩ་གཏོང་མཁན་ལ་གནད་འཁེལ་ཁྱབ་གདལ་གཏོང་ཐུབ་ཅེས་བཤད།
དབྱང་ལིན་དང་མཉམ་དུ་སྡེ་དཔོན་གྱི་འགན་བཞེས་མཁན་ལ་ད་དུང་ས་གནས་ཀྱི་ཁེ་ལས་པ་མཚན་འཛིན་སྡེ་དཔོན་13ཡོད།
བྲག་འགོ་རྫོང་ཨུའི་ཤེས་ལྡན་མི་སྣ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། ཤེས་ལྡན་མི་སྣའི་འཇོན་ནུས་གང་ལེགས་འདོན་ཆེད། ང་ཚོས་འབུམ་རམས་པ་མཚན་འཛིན་སྡེ་དཔོན+ཁེ་ལས་པ་མཚན་འཛིན་སྡེ་དཔོན་གཉིས་འབྲེལ་གྱི་ལས་རྣམ་བཏོད། མི་ཤུགས་རིག་སྟོབས+ཁེ་ལས་ཐོན་ཁུངས+རང་ཡུལ་གྱི་སྟོབས་ཤུགས་བཅས“ཕྱོགས་གསུམ་གཅིག་འདུས”ཀྱི་རོགས་སྐྱོར་མ་ལག་བཙུགས་ནས། སྣ་གཅིག་ཅན་གྱི་རིག་སྟོབས་འདེགས་སྐྱོར་ནས་ཀུན་འདུས་ཐོན་ཁུངས་ནུས་སྤྲོད་ལ་འཕོ་འགྱུར་བྱུང་།
བྲག་འགོ་རུ་གཉིས་འབྲེལ་ལས་རྣམ་དེ་རིགས་ལ་མེ་སྟག་འཕྱུར་བཞིན་འདུག །རྫོང་ཡོངས་ཀྱིས་གཅིག་འགྱུར་འཆར་འགོད་དང་སྡེ་པ་དང་སྡེ་པ་འབྲེལ་ནས་མཉམ་སྤྱོད་བྱེད་པ། དགོས་མཁོ་ལྟར་བཀོད་སྒྲིག་བཅས་ཀྱི་ལམ་སྲོལ་གྱིས་རིག་སྟོབས་ཐོན་ཁུངས་དང་ཁྲོམ་རའི་མ་རྩ་སྐུད་པ་གཅིག་ལ་སྦྲེལ།
ཁེ་ལས་པ་རྣམས་ཀྱིས་ཀྱང་རང་ནུས་ཡོད་རྒུ་བཏོན། བོད་ཆི་ཀུང་སིའི་སྤྱི་གཉེར་པ་ཐན་ཨའེ་པིན་གྱིས“མ་མཐའི་འགན་ལེན་ཉོ་སྒྲུབ”བྱ་རྒྱུའི་ཁས་བླངས། ཡུལ་གྲོང་3གྱི་སྡེ་པ་12ལ་ནས་འབྲུ་ངེས་ཉོའི་གྲོས་མཐུན་བཞག་པས། མི་སེར་རྣམས་ཀྱིས་ནས་བཏབ་ཀྱང་བཙོང་མི་ཐུབ་པར་སེམས་ཁྲལ་བྱེད་མི་དགོས། བྲག་འགོ་ཁམས་པའི་བདེ་སྲུང་སྐམ་ཤ་ཐོན་ལས་ཚད་ཀུང་སིའི་འགན་འཛིན་པ་ཀྲེང་ལེང་གིས་མིག་རྒྱང་ཕྱུར་བ་ལ་ཕྱོགས། ཁོས་གཙང་ཐ་ཡུལ་ཤོག་དང་། གཙང་སྨད་ཡུལ་ཤོག །དགུ་གཙོས་ཡུལ་ཤོག་བཅས་སུ་ཕྱིན་ནས་འོ་ཕྱུར་ཉོ་སྒྲུབ་བྱས་ཏེ་ཕྱུར་བ་སྤྲི་དཀར་ལས་སྣོན་བྱས། འབྲོག་པ་རྣམས་ཀྱིས་ཚོད་རྩིས་བྱས་དོན། མཛོ་མོ་གཅིག་གིས་འོ་ཕྱུར་རྒྱ་མ་100ཐོན་ཐུབ་ན་ཕྱུར་བ་གཅིག་རྐྱང་གིས་མ་མཐའ་ཡང་སྒོར་1200ལེན་ཐུབ།
རྒྱབ་སྐྱོར་སྔར་ལས་མང་པོས་ད་དུང་མུ་མཐུད་དུ་ནུས་ཤུགས་འདོན་མུས་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་པས་མུ་མཐུད་དུ་ལས་སྟེགས་ཡག་པོ་མཁོ་འདོན་དང་སྐུད་པ་ལེགས་འཐེན་གྱིས“འབུམ་རམས་པ་མཚན་འཛིན་སྡེ་དཔོན”སྔར་ལས་མང་པོ་གདན་འདྲེན་ཞུས་ཏེ། གནས་འདིར་གཞིས་སྡོད་དང་ལས་འཇུག་གི་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་ཡིན་ཞེས་བཤད།
འབུམ་རམས་པ་ནས་ཁེ་ལས་པ། “མཚན་འཛིན་སྡེ་དཔོན”ཇེ་མང་ནས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས། བྲག་འགོའི་ཡུལ་མི་རྣམས་ལ་བདེ་སྐྱིད་འཚོ་བ་རོལ་བའི་རེ་ལྟོས་གསར་པ་བཏེགས། །