(དེབ་སྔོན་མའི་ལེའུ་དང་པོར་མཐུད)
ལེའུ་གཉིས་པ།
ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པ།
དོན་ཚན་ལྔ་པ། ཞིང་པའི་ཐུན་མོང་ལ་དབང་བའི་ས་ཞིང་དེ་ཁྲིམས་ལྟར་གྲོང་ཚོའི་ཞིང་པའི་ཐུན་མོང་ལ་དབང་བ་ཡིན་ན། གྲོང་ཚོ་རིམ་པའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་འགན་སྤྲོད་བྱེད་དགོས། གྲོང་ཚོ་ནང་ཁུལ་གྱི་ཚོགས་ཆུང་རིམ་པའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་གཉིས་ཡན་གྱི་ཞིང་པའི་ཐུན་མོང་ལ་སོ་སོར་དབང་བ་ཡིན་ན། ཚོགས་ཆུང་རིམ་པའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོ་སོས་འགན་སྤྲོད་བྱེད་དགོས། གྲོང་ཚོ་རིམ་པའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་འགན་སྤྲོད་བྱས་པར། གྲོང་ཚོ་ནང་ཁུལ་གྱི་ཚོགས་ཆུང་རིམ་པའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོ་སོའི་ཞིང་པའི་ཐུན་མོང་ལ་དབང་བའི་ས་ཞིང་གི་བདག་དབང་བསྒྱུར་མི་ཆོག
རྒྱལ་ཁབ་ལ་དབང་ཞིང་ཁྲིམས་ལྟར་ཞིང་པའི་ཐུན་མོང་གིས་བེད་སྤྱོད་བྱེད་པའི་གྲོང་གསེབ་ཀྱི་ས་ཞིང་དེ། ས་ཞིང་དེ་བེད་སྤྱོད་བྱེད་མཁན་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་འགན་སྤྲོད་བྱེད་དགོས།
དོན་ཚན་དྲུག་པ། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་ཁྲིམས་ལྟར་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གས་འགན་སྤྲོད་བྱས་པའི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་བྱེད་པའི་དབང་ཆ་ཡོད།
ཁོངས་མིར་བུ་ཕྲུག་སྐྱེས་ནས་མང་དུ་ཕྱིན་པའི་མི་སྣར། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡིན་པར་ངོས་འཛིན་བྱེད་དགོས། ཁོངས་མི་གཉེན་སྒྲིག་པ་དང་། བུ་ཕྲུག་གསོ་བ། ཡང་ན་སྲིད་ཇུས་རང་བཞིན་གྱི་གནས་སྤོས་བྱས་པའི་རྐྱེན་གྱིས་མང་དུ་ཕྱིན་པའི་མི་སྣར། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་སྤྱིར་བཏང་དུ་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡིན་པར་ངོས་འཛིན་བྱེད་དགོས།
གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ངོས་འཛིན་བྱེད་པར། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་མི་ཆོག
དོན་ཚན་བདུན་པ། ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་འགན་གཙང་ལེན་བྱེད་ཕྱོགས་ནི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཞིང་དུད་ཡིན། ཞིང་དུད་ནང་གི་ཁྱིམ་མིར་ཁྲིམས་ལྟར་འདྲ་མཉམ་གྱིས་ས་ཞིང་འགན་གཙང་ལེན་བྱེད་པའི་ཁེ་དབང་ཁག་ལོངས་སུ་སྤྱོད་དབང་ཡོད།
དོན་ཚན་བརྒྱད་པ། ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་བྱེད་སྟངས་ལག་བསྟར་བྱས་པའི་གྲོང་གསེབ་ཀྱི་ས་ཞིང་ལ། རྨོ་ཞིང་འགན་གཙང་ལེན་བྱེད་པའི་དུས་ཚོད་ལོ་སུམ་ཅུ་དང་། རྩྭ་ས་འགན་གཙང་ལེན་བྱེད་པའི་དུས་ཚོད་ལོ་སུམ་ཅུ་ནས་ལོ་ལྔ་བཅུ། ནགས་ས་འགན་གཙང་ལེན་བྱེད་པའི་དུས་ཚོད་ལོ་སུམ་ཅུ་ནས་ལོ་བདུན་ཅུ་བཅས་ཡིན། བར་མཚམས་ནས་འགན་གཙང་ལེན་བྱས་པའི་དུས་ཚོད་ནི་འགན་གཙང་ལེན་དུས་ཡུན་གྱི་ལྷག་མའི་དུས་ཚོད་ཡིན།
གོང་གསལ་དོན་ཚན་ནང་གཏན་འབེབས་བྱས་པའི་རྨོ་ཞིང་འགན་གཙང་ལེན་བྱེད་པའི་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་སུམ་ཅུའི་བར་དུས་འགྱངས་བྱེད་པ་དང་། རྩྭ་ས་དང་ནགས་ས་འགན་གཙང་ལེན་བྱེད་པའི་དུས་ཚོད་ཐིམ་རྗེས་གོང་གསལ་དོན་ཚན་གྱི་གཏན་འབེབས་ལྟར་དེ་མཚུངས་ཀྱིས་དུས་འགྱངས་བྱེད་དགོས།
དོན་ཚན་དགུ་པ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གྱི་ཇུས་གཞི་དེ་འགན་སྤྲོད་ཕྱོགས་ཀྱིས་ཁྲིམས་ལྟར་སྒྲིག་འཛུགས་དང་ཟིན་བྲིས་འགོད་དགོས་པར་མ་ཟད། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁྱབ་ཁོངས་ནང་ཡོངས་བསྒྲགས་བྱེད་དགོས་ཤིང་། ཡོངས་བསྒྲགས་བྱེད་ཡུན་ཉིན་བཅོ་ལྔ་ལས་ཉུང་བ་བྱས་མི་ཆོག །གྲོང་མི་ཁ་ཐོར་ནས་སྡོད་པའམ་ཡང་ན་མི་དང་ཐེམ་ཐོ་ཁ་བྲལ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་གཅིག་བསྡུས་ཡོངས་བསྒྲགས་བྱེད་ཐབས་བྲལ་བའི་རིགས་ལ། འགན་སྤྲོད་ཕྱོགས་ཀྱིས་ཐབས་ཤེས་གཞན་དག་སྤྱད་ནས་བརྡ་གཏོང་དགོས་པ་དང་། འབྲེལ་ཡོད་མི་སྣའི་ཤེས་རྟོགས་དབང་ཆ་འགན་ལེན་བྱེད་དགོས།
འགན་ལེན་ཇུས་གཞི་དེར་ཁྲིམས་ལྟར་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིའི་ཚོགས་ཆེན་གྱི་ཁོངས་མི་ཡོངས་ཀྱི་གསུམ་ཆའི་གཉིས་ཡན་གྱིས་མོས་མཐུན་བྱེད་དགོས།
གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཚོགས་ཆེན་གྱིས་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་དང་འབྲེལ་བའི་དོན་དག་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་སྐབས། ཁོངས་མི་ཚོགས་ར་དངོས་སུ་ཚོགས་འདུར་ཞུགས་ཐབས་བྲལ་ན། དྲ་ཐོག་འཕྲིན་གཏོང་ལག་ཆ་བརྒྱུད་ནས་དྲ་ཐོག་ཏུ་ཚོགས་འདུར་ཞུགས་ཆོག་པའམ། ཡང་ན་ཡིག་ཐོག་ནས་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་དུད་ཚང་གཅིག་གི་ནང་ཁུལ་གྱི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཆ་ཚང་ལྡན་པའི་ཁྱིམ་མི་གཞན་དག་ལ་ཚབ་བྱས་ནས་ཚོགས་འདུར་ཞུགས་རྒྱུའི་མངགས་བཅོལ་བྱས་ཆོག
དོན་ཚན་བཅུ་པ། འགན་སྤྲོད་ཕྱོགས་ཀྱིས་ཁྲིམས་ལྟར་འགན་གཙང་ལེན་བྱེད་ཕྱོགས་དང་ཡིག་ཐོག་གི་འགན་ལེན་གན་རྒྱ་འཇོག་དགོས། འགན་ལེན་གན་རྒྱ་དེ་བཞག་པའི་ཉིན་ནས་བཟུང་ནུས་པ་ཐོན་པ་དང་། འགན་གཙང་ལེན་བྱེད་ཕྱོགས་ལ་འགན་ལེན་གན་རྒྱར་ནུས་པ་ཐོན་པའི་དུས་ནས་བཟུང་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་བྱས་པས་གཉེར་སྐྱོང་གི་དབང་ཆ་ཐོབ་པ་ཡིན།
འགན་ལེན་གན་རྒྱ་དཔར་བཞི་ཡོད་དགོས་པ་དང་། འགན་སྤྲོད་ཕྱོགས་དང་འགན་གཙང་ལེན་ཕྱོགས་ཀྱིས་རེ་རེ་ཉར་ཚགས་བྱེད་དགོས་ཤིང་། འགན་སྤྲོད་ཕྱོགས་ཀྱིས་གན་རྒྱ་བཞག་པའི་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་རྫོང་(གྲོང་ཁྱེར། ཆུས)མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་བམ་ཡང་ན་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་ལ་ཆ་ཤས་གཅིག་ཐོ་འགོད་བྱེད་དགོས་པ་དང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་ལ་ཆ་ཤས་གཅིག་ཐོ་འགོད་བྱེད་དགོས། རྩ་འཛུགས་དང་མི་སྒེར་གང་རུང་གིས་འགན་ལེན་གན་རྒྱ་བཀག་ཉར་བྱས་མི་ཆོག
རྨོ་ཞིང་དང་ནགས་སའི་འགན་ལེན་གན་རྒྱའི་མ་ཡིག་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་གྲོང་གསེབ་དང་། ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་འགན་ལེན་གན་རྒྱའི་དཔེ་སྟོན་མ་ཡིག་ལ་གཞིར་འཛིན་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་བམ་ཡང་ན་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་རང་སྲིད་འཛིན་ས་ཁོངས་ནང་གི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་སོགས་ཀྱི་ཆ་འཕྲིན་བརྟག་དཔྱད་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་དགོས།
དོན་ཚན་བཅུ་གཅིག་པ། འགན་གཙང་ལེན་བྱེད་ཕྱོགས་ལ་ཁྲིམས་ལྟར་ཐོབ་པའི་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཅིང་། རྩ་འཛུགས་དང་མི་སྒེར་གང་རུང་གིས་འགན་གཙང་ལེན་བྱེད་ཕྱོགས་ཀྱིས་ཁྲིམས་ལྟར་འགན་ལེན་ས་ཞིང་བེད་སྤྱོད་དང་། རང་བདག་གིས་ཐོན་སྐྱེད་གཉེར་སྐྱོང་སྒྲིག་འཛུགས། ཐོན་རྫས་ཐག་གཅོད་དང་འགན་ལེན་ཁེ་ཕན་ལེན་པ་བཅས་ཀྱི་དབང་ཆར་གནོད་འཚེ་གཏོང་མི་ཆོག
གྲོང་སྲོལ་དམངས་ཆིངས་དང་། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་སྒྲིག་ཡིག །གྲོང་མིའི་ཚོགས་འདུ་དང་། གྲོང་མིའི་འཐུས་མིའི་ཚོགས་འདུ། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཚོགས་ཆེན། ཁོངས་མིའི་འཐུས་མིའི་ཚོགས་ཆེན་གྱི་ཐག་གཅོད་སོགས་སུ་འགན་གཙང་ལེན་བྱེད་ཕྱོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ནང་དོན་ཡོད་མི་ཆོག
དོན་ཚན་བཅུ་གཉིས་པ། གྲོང་གསེབ་ཀྱི་ས་ཞིང་གན་ལེན་བྱེད་པར་བུད་མེད་དང་སྐྱེས་པར་འདྲ་མཉམ་གྱི་དབང་ཆ་ཡོད། གན་ལེན་བྱེད་རིང་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། རྩ་འཛུགས་སམ་མི་སྒེར་གང་རུང་གིས་བུད་མེད་ལ་ཐོབ་འོས་པའི་གྲོང་གསེབ་ཀྱི་ས་ཞིང་གན་ལེན་གཉེར་སྐྱོང་དབང་ཆ་འཕྲོག་པ་དང་གནོད་འཚེ་གཏོང་མི་ཆོག
འགན་ལེན་དུས་ཡུན་ནང་། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་གཉེན་སྒྲིག་བྱས་པ་དང་། གནས་སྡོད་བྱ་ཡུལ་གསར་པར་འགན་ལེན་ས་ཞིང་མ་ཐོབ་ན། འགན་སྤྲོད་ཕྱོགས་ཀྱིས་དེའི་མ་གཞིའི་འགན་ལེན་ས་ཞིང་ཕྱིར་བསྡུ་བྱས་མི་ཆོག །གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་བཟའ་ཚང་ཁ་བྲལ་བའམ་ཡང་ན་བཟའ་ཟླ་གྲོངས་རྗེས། ད་དུང་མ་གཞིའི་གནས་སྡོད་བྱ་ཡུལ་དུ་འཚོ་བ་སྐྱེལ་བའམ་ཡང་ན་མ་གཞིའི་གནས་སྡོད་བྱ་ཡུལ་དུ་འཚོ་བ་མི་སྐྱེལ་ཡང་གནས་སྡོད་བྱ་ཡུལ་གསར་པར་འགན་ལེན་ས་ཞིང་མ་ཐོབ་ན། འགན་སྤྲོད་ཕྱོགས་ཀྱིས་དེའི་མ་གཞིའི་འགན་ལེན་ས་ཞིང་ཕྱིར་བསྡུ་བྱས་མི་ཆོག
གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་གཉེན་སྒྲིག་བྱས་རྗེས་གནས་སྡོད་བྱ་ཡུལ་གསར་པར་འགན་ལེན་ས་ཞིང་ཐོབ་ན། གནས་སྡོད་བྱ་ཡུལ་གསར་པའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ཡིག་ཐོག་ནས་མ་གཞིའི་གནས་སྡོད་བྱ་ཡུལ་གྱི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་བརྡ་གཏོང་དགོས།
དམག་ཞབས་ཐིམ་པའི་དམག་མིའི་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་དེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་གསུམ་པ། འགན་ལེན་དུས་ཡུན་ནང་། གྲོང་ཁྱེར་དུ་གནས་སྤོས་བྱས་ནས་ཐེམ་ཐོ་ཆགས་པའི་ཞིང་དུད་ལ་ཁྲིམས་ལྟར་ཐོབ་ཟིན་པའི་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་སམ་མི་སྒེར་གང་རུང་གིས་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་ཕྱིར་འཐེན་བྱ་རྒྱུ་དེ་ཞིང་དུད་གྲོང་ཁྱེར་དུ་གནས་སྤོས་བྱས་ནས་ཐེམ་ཐོ་ཆགས་པའི་ཆ་རྐྱེན་དུ་བརྩི་མི་ཆོག
ཞིང་དུད་གྲོང་ཁྱེར་དུ་གནས་སྤོས་བྱས་ནས་ཐེམ་ཐོ་ཆགས་རྗེས། རང་མོས་དང་རིན་ལྡན་གྱི་རྩ་དོན་ལྟར་ཁྲིམས་ལྟར་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ནང་ཁུལ་དུ་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་བརྒྱུད་སྤྲོད་བྱེད་པའམ་ཡང་ན་འགན་ལེན་ས་ཞིང་འགན་སྤྲོད་ཕྱོགས་ལ་ཕྱིར་སྤྲོད་བྱས་ཆོག་ལ། ས་ཞིང་གཉེར་སྐྱོང་དབང་ཆ་རྒྱུག་སྤྲོད་བྱས་ཀྱང་ཆོག
འགན་ལེན་དུས་ཡུན་ནང་། འགན་ལེན་ཕྱོགས་ཀྱིས་རང་མོས་ངང་འགན་ལེན་ས་ཞིང་ཕྱིར་སྤྲོད་བྱས་ན། ལུགས་མཐུན་གྱི་ཁ་གསབ་ཐོབ་ཆོག་མོད། འོན་ཀྱང་སྔ་སྣུར་དུ་ལོ་ཕྱེད་ཀྱི་གོང་ནས་ཡིག་ཐོག་གི་རྣམ་པས་འགན་སྤྲོད་ཕྱོགས་ལ་བརྡ་གཏོང་དགོས། ཁ་གསབ་ཀྱི་ཚད་གཞི་ཞིབ་ཕྲ་ནི་ཕྱོགས་གཉིས་ཀྱིས་འགན་ལེན་ཕྱོགས་ཀྱིས་འགན་ལེན་ས་ཞིང་ལ་མ་དངུལ་བཏང་བ་དང་། ལྷག་མའི་འགན་ལེན་དུས་ཡུན། ས་ཞིང་རྒྱུག་སྤྲོད་ཀྱི་རིན་གོང་སོགས་ཀྱི་རྒྱུ་རྐྱེན་ལ་གཞིར་བཟུང་ནས་གྲོས་མོལ་བྱས་ཏེ་གཏན་འཁེལ་བྱེད་དགོས། འགན་ལེན་གན་རྒྱའི་ནང་ཁ་ཆད་གཞན་དག་ཡོད་ན། དེའི་ཁ་ཆད་ལྟར་བྱེད་དགོས། འགན་ལེན་ཕྱོགས་ཀྱིས་འགན་ལེན་དུས་ཡུན་ནང་འགན་ལེན་ས་ཞིང་ཕྱིར་སྤྲོད་བྱས་ན། འགན་ལེན་དུས་ཡུན་ནང་སླར་ཡང་ས་ཞིང་འགན་ལེན་བྱ་རྒྱུའི་རེ་བ་འདོན་མི་ཆོག
དོན་ཚན་བཅུ་བཞི་པ། འགན་ལེན་དུས་ཡུན་ནང་། གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་ཁ་གྱེས་ན། གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་ཡོད་པའི་ཁྱིམ་མི་ཚང་མས་ཁ་གྱེས་པའི་གྲོས་མཐུན་འཇོག་དགོས་པར་མ་ཟད། འགན་སྤྲོད་ཕྱོགས་ལ་འགན་ལེན་གན་རྒྱ་བསྒྱུར་བཅོས་བྱ་རྒྱུའི་ཡིག་ཐོག་གི་སྙན་ཞུ་འབུལ་དགོས། འགན་སྤྲོད་ཕྱོགས་ཀྱིས་ཁ་གྱེས་རྗེས་ཀྱི་གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་དང་སོ་སོར་འགན་ལེན་གན་རྒྱ་འཇོག་དགོས།
གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་ཟླ་སྒྲིལ་གཏོང་ན། ཟླ་སྒྲིལ་གཏོང་རྒྱུའི་རེ་བ་འདོན་མཁན་གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་གི་ཁྱིམ་མི་ཚང་མས་ཟླ་སྒྲིལ་གྱི་གྲོས་མཐུན་འཇོག་དགོས་པར་མ་ཟད། འགན་སྤྲོད་ཕྱོགས་ལ་ཡིག་ཐོག་གི་སྙན་ཞུ་འབུལ་དགོས། འགན་སྤྲོད་ཕྱོགས་ཀྱིས་ཞིབ་བཤེར་བྱས་ནས་ཟླ་སྒྲིལ་གཏོང་བར་མོས་མཐུན་བྱུང་ན། ཟླ་སྒྲིལ་བཏང་རྗེས་ཀྱི་གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་དང་འགན་ལེན་གན་རྒྱ་འཇོག་དགོས། ཟླ་སྒྲིལ་གཏོང་བར་མོས་མཐུན་མ་བྱུང་ན། ཡིག་ཐོག་ནས་རྒྱུ་མཚན་ཡང་དག་པ་འགྲེལ་བཤད་རྒྱག་དགོས།
གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་ཁ་གྱེས་པའམ་ཡང་ན་ཟླ་སྒྲིལ་བཏང་རྗེས་འགན་སྤྲོད་ཕྱོགས་དང་བསྐྱར་དུ་འགན་ལེན་གན་རྒྱ་བཞག་ན། འགན་སྤྲོད་ཕྱོགས་ཀྱིས་ཁྲིམས་ལྟར་མ་གཞིའི་འགན་ལེན་གན་རྒྱ་ཕྱིར་བསྡུ་བྱེད་དགོས།
དོན་ཚན་བཅོ་ལྔ་པ། འགན་ལེན་ཕྱོགས་ཕན་ཚུན་དབར་རྨོ་འདེབས་སྟབས་བདེ་ཡོང་བའམ་ཡང་ན་སོ་སོའི་དགོས་མཁོར་གཞིགས་ནས། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་གཅིག་གི་ཁོངས་སུ་གཏོགས་པའི་ས་ཞིང་གི་ས་ཞིང་གན་ལེན་གཉེར་སྐྱོང་དབང་ཆ་བརྗེ་རེས་བྱས་ཆོག བརྗེ་རེས་བྱེད་མཁན་ཕྱོགས་གཉིས་ཀྱིས་ཡིག་ཐོག་གི་བརྗེ་རེས་གན་རྒྱ་འཇོག་དགོས་པ་མ་ཟད། ཉིན་བཅོ་ལྔའི་ནང་ཚུན་དུ་གན་སྤྲོད་ཕྱོགས་ལ་ཐོ་འགོད་བྱེད་དགོས། བརྗེ་རེས་གན་རྒྱ་ཐོ་འགོད་བྱས་རྗེས། བརྗེ་རེས་བྱེད་མཁན་ཕྱོགས་གཉིས་ཀྱིས་སོ་སོར་གན་སྤྲོད་ཕྱོགས་དང་གན་ལེན་གན་རྒྱ་བསྒྱུར་བཅོས་བྱེད་དགོས།
འགན་སྤྲོད་ཕྱོགས་ཀྱིས་འགན་ལེན་ཕྱོགས་ཀྱི་འདོད་པ་དང་འགལ་ནས། འགན་ལེན་ཕྱོགས་ཀྱིས་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་བརྗེ་རེས་བྱེད་པར་བཙན་ཤེད་དམ་ཡང་ན་འགོག་རྐྱེན་བཟོས་མི་ཆོག
དོན་ཚན་བཅུ་དྲུག་པ། འགན་ལེན་ཕྱོགས་ཀྱིས་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་ཆ་ཤས་སམ་ཡང་ན་ཚང་མ་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཞིང་དུད་གཞན་དག་ལ་བརྒྱུད་སྤྲོད་བྱེད་ན། འགན་སྤྲོད་ཕྱོགས་ལ་ཡིག་ཐོག་གི་སྙན་ཞུ་འབུལ་དགོས། བརྒྱུད་སྤྲོད་བྱེད་པའི་དུས་ཚོད་དེ་འགན་ལེན་དུས་ཡུན་གྱི་ལྷག་མའི་དུས་ཚོད་ལས་བརྒལ་མི་ཆོག
འགན་སྤྲོད་ཕྱོགས་ཀྱིས་ཡིག་ཐོག་གི་སྙན་ཞུ་འབྱོར་བའི་ཉིན་ནས་བཟུང་ཉིན་བདུན་གྱི་ནང་ཚུན་དུ་ཡིག་ཐོག་ནས་ལན་སྤྲོད་དགོས།
འགན་སྤྲོད་ཕྱོགས་ཀྱིས་འགན་ལེན་ཕྱོགས་ཀྱིས་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་བརྒྱུད་སྤྲོད་བྱེད་པར་མོས་མཐུན་བྱས་ན། བརྒྱུད་སྤྲོད་སྙན་ཞུའི་ཐོག་མོས་མཐུན་གྱི་བསམ་འཆར་བཀོད་དེ་གཞུང་ཐམ་རྒྱག་དགོས། གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་བརྒྱུད་སྤྲོད་བྱས་རྗེས། བརྒྱུད་ལེན་ཕྱོགས་ཀྱིས་འགན་སྤྲོད་ཕྱོགས་དང་འགན་ལེན་གན་རྒྱ་འཇོག་དགོས་པ་དང་། མ་གཞིའི་འགན་ལེན་ཕྱོགས་ཀྱིས་འགན་སྤྲོད་ཕྱོགས་དང་འབྲེལ་ཡོད་གོ་རིམ་ལྟར་འགན་ལེན་གན་རྒྱ་བསྒྱུར་བཅོས་སམ་ཡང་ན་མཇུག་འགྲིལ་དགོས་ཤིང་། འགན་ལེན་དུས་ཡུན་ནང་སླར་ཡང་ས་ཞིང་འགན་ལེན་བྱ་རྒྱུའི་རེ་བ་འདོན་མི་ཆོག
འགན་སྤྲོད་ཕྱོགས་ཀྱིས་མོས་མཐུན་མ་བྱས་ན། འགན་ལེན་ཕྱོགས་ལ་ཡིག་ཐོག་ནས་རྒྱུ་མཚན་འགྲེལ་བཤད་རྒྱག་དགོས། ཁྲིམས་ཀྱི་རྒྱུ་མཚན་མེད་ན། འགན་སྤྲོད་ཕྱོགས་ཀྱིས་འགན་ལེན་ཕྱོགས་ཀྱི་བརྒྱུད་སྤྲོད་སྙན་ཞུར་མོས་མཐུན་མི་བྱེད་པའི་ཁ་གཡར་མི་ཆོག
དོན་ཚན་བཅུ་བདུན་པ། འགན་ལེན་དུས་ཡུན་ནང་། གཤམ་གསལ་གྱི་དམིགས་བསལ་གནས་ཚུལ་ཕུད། འགན་སྤྲོད་ཕྱོགས་ཀྱིས་འགན་ལེན་ས་ཞིང་ལ་བཀོད་སྒྲིག་བྱས་མི་ཆོག
(གཅིག)རང་བྱུང་གནོད་འཚེའི་རྐྱེན་གྱིས་འགན་ལེན་ས་ཞིང་ལ་གནོད་སྐྱོན་ཚབས་ཆེན་ཕོག་པ།
(གཉིས)འགན་ལེན་ས་ཞིང་རྒྱལ་ཁབ་ཀྱིས་བསྡུས་པ་དང་། འགན་ལེན་ཕྱོགས་ཀྱིས་རང་མོས་ངང་དངུལ་ལོར་སོགས་ཀྱི་ཁ་གསབ(ས་ངོས་ཀྱི་ཟུར་གཏོགས་དངོས་པོ་དང་ལོ་ཏོག་སྔོ་ལྗང་གི་ཁ་གསབ་དངུལ་ཕུད)བློས་བཏང་ནས། མུ་མཐུད་ས་ཞིང་འགན་ལེན་བྱ་རྒྱུའི་རེ་བ་བཏོན་པ།
(གསུམ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག
གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་སྤྱི་པའི་སྒྲིག་བཀོད་དང་སྤྱི་ཕན་བྱ་གཞག་སོགས་འཛུགས་སྐྲུན་བྱེད་པར་འགན་སྤྲོད་བྱས་ཟིན་པའི་ས་ཞིང་བེད་སྤྱོད་བྱེད་དགོས་བྱུང་ན། ལུགས་མཐུན་གྱི་ཁ་གསབ་སྤྲོད་དགོས་པ་དང་། འགན་སྤྲོད་ཕྱོགས་ཀྱིས་མ་གཞིའི་འགན་ལེན་ཕྱོགས་ལ་ས་ཞིང་བཀོད་སྒྲིག་བྱས་ཆོག
འགན་ལེན་གན་རྒྱའི་ནང་འགན་ལེན་ས་ཞིང་བཀོད་སྒྲིག་བྱས་མི་ཆོག་པའི་ཁ་ཆད་ཡོད་ན། དེའི་ཁ་ཆད་ལྟར་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། གཤམ་གསལ་གྱི་ས་ཞིང་རྣམས་འགན་ལེན་ས་ཞིང་བཀོད་སྒྲིག་བྱེད་པའམ་ཡང་ན་མི་འབོར་གསར་དུ་མང་དུ་ཕྱིན་པར་འགན་ལེན་བྱེད་པར་སྤྱོད་དགོས།
(གཅིག)གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་སྔོན་ཉར་བྱས་པའི་འགུལ་བདེའི་ས་ཞིང་།
(གཉིས)ཁྲིམས་ལྟར་ས་རྒོད་སློག་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་མང་དུ་ཕྱིན་པ།
(གསུམ)འགན་སྤྲོད་ཕྱོགས་ཀྱིས་ཁྲིམས་ལྟར་ཕྱིར་བསྡུ་བྱས་པ་དང་འགན་ལེན་ཕྱོགས་ཀྱིས་ཁྲིམས་ལྟར་རང་མོས་ངང་ཕྱིར་སྤྲོད་བྱས་པ།
གོང་གསལ་དོན་ཚན་ནང་བཀོད་པའི་གྲོང་གསེབ་ཀྱི་ས་ཞིང་དེ་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིར་ཡོངས་བསྒྲགས་བྱེད་དགོས་པ་དང་། འགན་ལེན་ས་ཞིང་བཀོད་སྒྲིག་གམ་ཡང་ན་མི་འབོར་གསར་དུ་མང་དུ་ཕྱིན་པར་འགན་ལེན་མ་བྱས་གོང་། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཚབ་རྨོ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་བཅུ་དགུ་པ། འགན་ལེན་ས་ཞིང་བཀོད་སྒྲིག་བྱེད་པར་གཤམ་གསལ་གྱི་གོ་རིམ་ལྟར་བྱེད་དགོས།
(གཅིག)འགན་སྤྲོད་ཕྱོགས་ཀྱིས་ལག་བསྟར་བྱ་ཐབས་འདིའི་དོན་ཚན་བཅུ་བདུན་པ་དང་། དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་ལ་གཞིར་བཟུང་ནས་ཆ་རྐྱེན་དང་མཐུན་པའི་ཞིང་དུད་ཀྱི་ཁྱབ་ཁོངས་དང་། བཀོད་སྒྲིག་གོ་རིམ། བཀོད་སྒྲིག་རྒྱ་ཁྱོན། ས་དུམ་གནས་ཡུལ་སོགས་ཀྱི་དོན་ཚན་ལ་ངོས་འཛིན་བྱས་ཏེ་བཀོད་སྒྲིག་ཇུས་གཞི་ཟིན་བྲིས་འགོད་དགོས།
(གཉིས)བཀོད་སྒྲིག་ཇུས་གཞི་ཡོངས་བསྒྲགས་བྱེད་དགོས་ཤིང་། ཡོངས་བསྒྲགས་བྱེད་ཡུན་ཉིན་བཅོ་ལྔ་ལས་ཉུང་བ་བྱས་མི་ཆོག
(གསུམ)བཀོད་སྒྲིག་ཇུས་གཞིར་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིའི་ཚོགས་ཆེན་གྱི་ཁོངས་མི་ཡོངས་ཀྱི་གསུམ་ཆའི་གཉིས་ཡན་གྱིས་མོས་མཐུན་བྱེད་དགོས།
(བཞི)བཀོད་སྒྲིག་ཇུས་གཞིར་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ལས་ཀའི་ཉིན་ཉི་ཤུའི་ནང་ཚུན་དུ། འགན་སྤྲོད་ཕྱོགས་ཀྱིས་བཀོད་སྒྲིག་ཇུས་གཞི་དེ་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་རྫོང་(གྲོང་ཁྱེར། ཆུས)མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་བམ་ཡང་ན་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་ལ་ཕུལ་ནས་ཆོག་མཆན་ཞུ་དགོས།
(ལྔ)ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ལས་ཀའི་ཉིན་ཉི་ཤུའི་ནང་ཚུན་དུ་བཀོད་སྒྲིག་ཇུས་གཞིར་ཞིབ་མཆན་འགོད་རྒྱུ་ལེགས་གྲུབ་བྱེད་དགོས་པ་དང་། རྫོང(གྲོང་ཁྱེར། ཆུས)མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་བམ་ཡང་ན་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་ལ་འབུལ་དགོས། རྫོང་(གྲོང་ཁྱེར། ཆུས)མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་བམ་ཡང་ན་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་ལས་ཀའི་ཉིན་ཉི་ཤུའི་ནང་ཚུན་དུ་བཀོད་སྒྲིག་ཇུས་གཞིར་ཞིབ་མཆན་འགོད་རྒྱུ་ལེགས་གྲུབ་བྱེད་དགོས། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། རྫོང་(གྲོང་ཁྱེར། ཆུས)མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་བམ་ཡང་ན་ནགས་ལས་དང་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་བའི་བཀོད་སྒྲིག་ཇུས་གཞིར། དུས་ཐོག་ཏུ་འགན་སྤྲོད་ཕྱོགས་ལ་བརྡ་བཏང་ནས་ཡོ་བསྲང་བྱེད་དུ་འཇུག་དགོས་པར་མ་ཟད། བསྐྱར་དུ་ཆོག་མཆན་ཞུ་དགོས།
(དྲུག)འགན་སྤྲོད་ཕྱོགས་ཀྱིས་ཆོག་མཆན་ཐོབ་པའི་བཀོད་སྒྲིག་ཇུས་གཞི་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།
(བདུན)འགན་སྤྲོད་ཕྱོགས་ཀྱིས་འགན་ལེན་ཕྱོགས་དང་འགན་ལེན་གན་རྒྱ་འཇོག་པའམ་ཡང་ན་བསྒྱུར་བཅོས་བྱེད་དགོས།
དོན་ཚན་ཉི་ཤུ་པ། འགན་ལེན་ཕྱོགས་ཀྱིས་འགན་ལེན་གན་རྒྱའི་ཁ་ཆད་ལྟར་ས་ཞིང་བེད་སྤྱོད་བྱེད་དགོས་པ་དང་། ཁྲིམས་ལྟར་ས་ཞིང་གི་ཞིང་ལས་བེད་སྤྱོད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་ལ། གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག
(གཅིག)རྨོ་ཞིང་བེད་མེད་དུ་འཇོག་པ་དང་རྒོད་དུ་འཇུག་པ།
(གཉིས)གཏན་འཇགས་གཞི་རྩའི་ས་ཞིང་བཟུང་ནས་ནགས་འབྲས་ལས་རིགས་གོང་འཕེལ་གཏོང་བ་དང་། ཉ་གསོའི་རྫིང་བུ་བྲུ་བ་སོགས།
(གསུམ)རྨོ་ཞིང་བཟུང་ནས་སོ་ཕག་བཟོ་བ་དང་། དུར་ས་བཟོ་བ། ཡང་ན་རང་དགར་རྨོ་ཞིང་ཐོག་ཁང་པ་རྒྱག་པ་དང་། བྱེ་མ་སྔོག་པ། རྡོ་སྔོག་པ། གཏེར་ཁ་སྔོག་པ། ས་ལེན་པ་སོགས།
(བཞི)སྒྲིག་འགལ་གྱིས་རྨོ་ཞིང་བཟུང་ནས་སྔོ་འགྱུར་ནགས་བཟོ་དང་། མཚེའུ་བྲུས་ནས་ཡུལ་ལྗོངས་བཟོ་བ་སོགས།
(ལྔ)ནགས་ས་གཏོར་ནས་ས་རྒོད་སློག་པ་དང་། རྩྭ་ཐང་སློག་པ།
(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་བཀག་འགོག་བྱས་པའི་ས་ཞིང་གི་ཞིང་ལས་བེད་སྤྱོད་རང་བཞིན་ལ་བསྒྱུར་བ་གཏོང་བའམ་ཡང་ན་ས་ཞིང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་གཞན་དག
འགན་སྤྲོད་ཕྱོགས་ཀྱིས་གན་ལེན་ཕྱོགས་ལ་གོང་གསལ་གྱི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་བཀག་འགོག་བྱེད་དགོས་པ་མ་ཟད། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང(གྲོང་ཁྱེར། ཆུས)མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་། ནགས་ལས་དང་རྩྭ་ཐང་། རང་བྱུང་ཐོན་ཁུངས་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གན་ལེན་རྨོ་ཞིང་དེ་ནགས་ས་དང་། རྩྭ་ས། སྐྱེད་ཚལ་ས་ཞིང་སོགས་ཞིང་ལས་སྤྱོད་ས་གཞན་དག་ཏུ་བསྒྱུར་བར་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་གཙང་ལེན་བྱེད་པའི་དམིགས་ཚད་ལས་འགན་ལ་གཞིར་བཟུང་ནས། འགན་ལེན་རྨོ་ཞིང་འདེབས་འཛུགས་ཀྱི་བེད་སྤྱོད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། རྨོ་ཞིང་བེད་སྤྱོད་ཀྱི་སྔོན་རིམ་དོན་འཁྱོལ་བྱེད་པ། འདེབས་འཛུགས་གྲུབ་ཆ་བཀོད་སྒྲིག་ལེགས་སྒྱུར་བྱེད་དགོས།
དོན་ཚན་ཉི་ཤུ་རྩ་གཅིག་པ། འགན་ལེན་ཕྱོགས་ལོ་ན་དང་། ལུས་པོ། ལས་ཞུགས་སོགས་ཀྱི་རྒྱུ་རྐྱེན་གྱིས་རྨོ་འདེབས་བྱེད་ཐབས་བྲལ་ན། རྫོང་(གྲོང་ཁྱེར། ཆུས)དང་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་། འགན་སྤྲོད་ཕྱོགས་བཅས་ཀྱིས་འགན་ལེན་ཕྱོགས་ལ་ཞིང་ལས་ཐོན་སྐྱེད་བཅོལ་གཉེར་དང་། ས་ཞིང་གཉེར་སྐྱོང་དབང་ཆ་ཁྲིམས་ལྟར་རྒྱུག་སྤྲོད། ཚབ་རྨོ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་རྨོ་འདེབས་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།
འགན་ལེན་ཕྱོགས་ཀྱིས་གནས་སྐབས་རིང་རྨོ་འདེབས་མི་བྱེད་ལ་བཅོལ་གཉེར་རམ་ཡང་ན་ས་ཞིང་གཉེར་སྐྱོང་དབང་ཆ་རྒྱུག་སྤྲོད་བྱེད་འདོད་མེད་ན། མི་གཞན་ལ་ཚབ་རྨོ་བྱེད་རྒྱུའི་མངགས་བཅོལ་བྱེད་དགོས། ལོ་གཅིག་ལས་བརྒལ་ནས་རྨོ་འདེབས་མི་བྱེད་པ་དང་མི་གཞན་ལ་ཚབ་རྨོ་བྱ་རྒྱུའི་མངགས་བཅོལ་ཡང་མ་བྱས་པར། འགན་སྤྲོད་ཕྱོགས་ཀྱིས་ཡིག་ཐོག་ནས་སྐུལ་འདེད་བཏང་རྗེས་ད་དུང་རྨོ་འདེབས་སླར་གསོ་མ་བྱས་ན། འགན་སྤྲོད་ཕྱོགས་ཀྱིས་ཚབ་རྨོ་སྒྲིག་འཛུགས་བྱས་ཆོག །ཚབ་རྨོ་སྒྲིག་འཛུགས་མ་བྱས་གོང་། འགན་སྤྲོད་ཕྱོགས་ཀྱིས་ཡིག་ཐོག་ནས་འགན་ལེན་ཕྱོགས་ལ་བརྡ་གཏོང་དགོས་པར་མ་ཟད། ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ནང་ཁྱབ་བསྒྲགས་བྱེད་དགོས་ཤིང་། ཁྱབ་བསྒྲགས་བྱེད་ཡུན་ཉིན་བཅོ་ལྔ་ལས་ཉུང་བ་བྱས་མི་ཆོག
ཚབ་རྨོ་བྱེད་རིང་། ཚབ་རྨོ་བྱེད་མཁན་གྱིས་འགན་སྤྲོད་ཕྱོགས་དང་བཞག་པའི་ཁ་ཆད་ལྟར་ཚབ་རྨོའི་ཁེ་ཕན་ལོངས་སུ་སྤྱོད་དགོས་པ་དང་། དུས་མཚུངས་སུ་འགན་ལེན་ཕྱོགས་ཀྱིས་སྒྲུབ་དགོས་པའི་ཁྲིམས་ཀྱི་འོས་འགན་སྒྲུབ་དགོས། འགན་ལེན་ཕྱོགས་ཀྱིས་ས་ཞིང་དེའི་གཉེར་སྐྱོང་སླར་གསོ་བྱ་རྒྱུའི་རེ་བ་བཏོན་ན། སྔ་སྣུར་དུ་འགན་སྤྲོད་ཕྱོགས་ལ་བརྡ་གཏོང་དགོས་པ་དང་། འགན་སྤྲོད་ཕྱོགས་ཀྱིས་དུས་ཚིགས་དེའི་ལོ་ཏོག་བསྡུ་རུབ་བྱས་རྗེས་ས་ཞིང་འགན་ལེན་ཕྱོགས་ལ་ཕྱིར་སྤྲོད་དགོས།
དོན་ཚན་ཉི་ཤུ་རྩ་གཉིས་པ། འགན་ལེན་དུས་ཡུན་ནང་། འགན་སྤྲོད་ཕྱོགས་ཀྱིས་ཁྱིམ་ཚང་གིས་འགན་ལེན་བྱེད་པའི་བྱེད་སྟངས་སྤྱད་ནས་འགན་ལེན་བྱས་པའི་གྲོང་གསེབ་ཀྱི་ས་ཞིང་ཕྱིར་བསྡུ་བྱས་མི་ཆོག །འོན་ཀྱང་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་པ་ཕུད།
(གཅིག)རྨོ་ཞིང་དང་རྩྭ་སའི་གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་ནང་གི་ཁྱིམ་མི་ཚང་མ་གྲོངས་པ།
(གཉིས)ནགས་སའི་གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་ནང་གི་ཁྱིམ་མི་ཚང་མ་གྲོངས་པ་དང་ཤུལ་འཛིན་མཁན་མེད་པ།
(གསུམ)གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་ནང་གི་ཁྱིམ་མི་ཚང་མའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཐོབ་ཐང་ཤོར་བ།
(བཞི)གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་ནང་གི་ཁྱིམ་མི་ཚང་མར་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་གཞན་དག་གི་ཁོངས་མིའི་ཐོབ་ཐང་ཐོབ་པ་དང་འགན་ལེན་ས་ཞིང་ཐོབ་པ།
(ལྔ)གྲོང་གསེབ་ཀྱི་འགན་ལེན་གཉེར་སྐྱོང་དུད་ཚང་ནང་གི་ཁྱིམ་མི་ཚང་མས་རང་མོས་ངང་གྲོས་མཐུན་བཞག་ནས་འགན་ལེན་ས་ཞིང་ཕྱིར་སྤྲོད་བྱས་པ།
(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག
དོན་ཚན་ཉི་ཤུ་རྩ་གསུམ་པ། འགན་ལེན་ས་ཞིང་ཁྲིམས་ལྟར་བསྡུས་པ་དང་། སྤྱོད་པ། བཟུང་བ་བཅས་བྱས་ན། འགན་ལེན་ཕྱོགས་ལ་ཁྲིམས་ལྟར་དེ་མཚུངས་ཀྱི་ཁ་གསབ་ཐོབ་དབང་ཡོད། རྩ་འཛུགས་དང་མི་སྒེར་གང་རུང་གིས་བཀག་ཉར་དང་། འགྱངས་ཆད། བཙན་བཟུང་བྱས་མི་ཆོག
ས་ཞིང་བསྡུས་པའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ས་ཞིང་ཁ་གསབ་དངུལ་སོགས་ཀྱི་བགོ་བཤའ་དང་བེད་སྤྱོད་ཐག་གཅོད་བྱེད་དགོས་པར་མ་ཟད། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིར་ཡོངས་བསྒྲགས་བྱས་ཏེ། ལྟ་སྐུལ་དང་ལེན་བྱེད་དགོས་པ་ལས། ཉུང་བ་མང་བར་བསྟུན་པའི་མིང་ཐོག་ནས་འགན་ལེན་ཕྱོགས་ལ་ཐོབ་འོས་པའི་ས་ཞིང་ཁ་གསབ་དངུལ་དང་འབྲེལ་ཡོད་གྲོན་དངུལ་གཞན་དག་བཙན་བཟུང་བྱས་མི་ཆོག
དོན་ཚན་ཉི་ཤུ་རྩ་བཞི་པ། འགན་ལེན་ཕྱོགས་ཀྱིས་འགན་ལེན་གན་རྒྱར་གཞིར་བཟུང་ནས། ཁྲིམས་ལྟར་ས་ཁང་བདག་ཁོངས་ཐོ་འགོད་ལས་ཁུངས་ལ་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་ཐོ་འགོད་བྱ་རྒྱུའི་སྙན་ཞུ་ཕུལ་ཏེ། ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆའི་ལག་ཁྱེར་རམ་ཡང་ན་ནགས་དབང་ལག་ཁྱེར་སོགས་ཀྱི་ལག་ཁྱེར་ལེན་དགོས། འགན་སྤྲོད་ཕྱོགས་ཀྱིས་འགན་ལེན་ཕྱོགས་སྒྲིག་འཛུགས་བྱས་ཏེ་འགན་ལེན་གན་རྒྱ་འཇོག་སྐབས་དུས་མཚུངས་སུ་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་ཐོ་འགོད་ཀྱི་སྙན་ཞུ་འབུལ་དུ་བཅུག་ཆོག
གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་ཐོ་འགོད་བྱེད་པར་འགན་ལེན་གན་རྒྱའི་ཆ་འཕྲིན་ལ་གཞིར་བཟུང་ནས། གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་ཡོད་པའི་ཁྱིམ་མི་ཚང་མ་འགོད་དགོས།
ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆའི་ལག་ཁྱེར་རམ་ཡང་ན་ནགས་དབང་ལག་ཁྱེར་སོགས་ཀྱི་ལག་ཁྱེར་ནི་འགན་ལེན་ཕྱོགས་ལ་གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་དང་། ནགས་དབང་སོགས་ཀྱི་ཁེ་དབང་ཡོད་པའི་ཁྲིམས་ལུགས་ཀྱི་དཔང་ཡིག་ཡིན་པས། རྩ་འཛུགས་དང་མི་སྒེར་གང་རུང་གིས་རང་དགར་བཀག་ཉར་དང་། བསྒྱུར་བཅོས། བསུབ་བཅོས་བྱས་མི་ཆོག
དོན་ཚན་ཉི་ཤུ་རྩ་ལྔ་པ། གྲོང་གསེབ་ཀྱི་ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆ་བརྗེ་རེས་དང་བརྒྱུད་སྤྲོད་བྱས་ན། དོ་བདག་གིས་ས་ཁང་བདག་ཁོངས་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་སྙན་ཞུ་ཕུལ་ཆོག །ཐོ་འགོད་མ་བྱས་ན། བསམ་པ་བཟང་པོའི་ཕྱོགས་གསུམ་པར་ཁ་གཏད་གཅོག་མི་ཆོག
གོང་གསལ་དོན་ཚན་ནང་གཏན་འབེབས་བྱས་པའི་གནས་ཚུལ་ཕུད། འགན་ལེན་དུས་ཡུན་ནང་། ས་ཞིང་འགན་ལེན་གན་རྒྱ་བསྒྱུར་བཅོས་སམ་ཡང་ན་མཇུག་འགྲིལ་ན། འགན་ལེན་ཕྱོགས་ཀྱིས་ཁྲིམས་ལྟར་ས་ཁང་བདག་ཁོངས་ཐོ་འགོད་ལས་ཁུངས་ལ་བསྒྱུར་བཅོས་སམ་ཡང་ན་ཐོ་བསུབ་ཐོ་འགོད་བྱ་རྒྱུའི་སྙན་ཞུ་འབུལ་དགོས།
ས་ཞིང་འགན་ལེན་གཉེར་སྐྱོང་དབང་ཆའི་ལག་ཁྱེར་རམ་ཡང་ན་ནགས་དབང་ལག་ཁྱེར་སོགས་ཀྱི་ལག་ཁྱེར་བརྗེ་སྤྲོད་དང་། གསབ་སྤྲོད། ཐོ་བསུབ་སོགས་ནི་ས་ཁང་བདག་ཁོངས་ཐོ་འགོད་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།