ལར་ལོ་ཙཱའི་བྱ་གཞག་གཉེར་བར་བསྒྱུར་བྱའི་སྐད་རིགས་གང་དེའི་སྐད་བརྡའི་ཁྱད་ཆོས་དང་ཐ་སྙད་སྦྱར་སྟངས། ཡུལ་དུས་ཀྱི་རྣམ་གཞག །མ་ཟད་སྐད་རིགས་དེ་སྤྱོད་པའི་མི་རིགས་ཀྱི་བསམ་གཞིག་གཏོང་སྟངས་བཅས་རྒྱུས་ལོན་ཟབ་གསལ་བྱས་ཏེ་ལོ་ཙཱ་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེང་གི་རྒྱ་བོད་ལོ་ཙཱའི་ཁྲོད་བྱ་བའི་མིང་བསྒྱུར་བའི་ཐད་རྙོག་དྲ་དང་ནོར་འཛོལ་མང་བར་འཕྲད་བཞིན་ཡོད་པས། རྩོམ་འདི་རུ་རྒྱ་བོད་ལོ་ཙཱའི་སྐབས་སུ་འབྱུང་སླ་བའི་འགྱུར་སྐྱོན་དག(འགའ)འཁོལ་དུ་ཕྱུང་ནས། དེ་དག་སྐྱོན་དུ་གྱུར་བའི་རྟགས་བཀོད་པ་དང་ཆབས་ཅིག་ཏུ་སྐྱོན་སེལ་གྱི་སྒྱུར་ཐབས་ཡང་དག་སྐོར་རང་གི་ཉམས་མྱོང་དང་བཅས་ལྟ་ཚུལ་ཅུང་གླེང་པར་བྱའོ། །
དང་པོ། རྒྱ་བོད་ལོ་ཙཱའི་ཁྲོད་བྱ་བའི་མིང་གི་འགྱུར་སྐྱོན་སྐོར།
ཀ །དུས་གསུམ་འཁྲུལ་བ།
སྐད་རིགས་སོ་སོར་མི་རིགས་ཀྱི་ཁྱད་ཆོས་ཡོད་པས་ལོ་ཙཱའི་ལས་ནི་ཤིན་ཏུ་དཀའ་བ་ཞིག་ཡིན། དེ་བས་ལོ་ཙཱ་ལེགས་པོ་ཞིག་འཁྱོངས་དགོས་ན། ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་སྐད་རིགས་གཉིས་ཀྱི་རང་རང་གི་མིང་དང་ཚིག་གི་སྦྱོར་སྲོལ། ལྷག་པར་དུ་སོ་སོའི་ཚིག་གི་གྲུབ་སྟངས་ཁྲོད་ཀྱི་བྱ་ཚིག་གི་སྦྱོར་སྟངས་ཀྱི་འདྲ་ས་དང་མི་འདྲ་ས་ཡག་པོར་ངེས་དགོས། རྒྱ་སྐད་ནི་མིང་གཞི་ཅན་གྱི་སྐད་ཆའི་ཁོངས་སུ་གཏོགས་པས་བྱ་བའི་མིང་རང་ངོས་ལ་བོད་སྐད་ལྟ་བུའི་དུས་གསུམ་སྐུལ་ཚིག་གི་རྣམ་གཞག་མེད་པར། གཙོ་བོར་ཚིག་གྲོགས་དང་མིང་མཐར་བརྟེན་ནས་དུས་གསུམ་དང་སྐུལ་ཚིག་གི་ཁྱད་པར་བསྟན་དགོས་པ་ཡིན་ལ། བོད་ཡིག་གི་བྱ་བའི་མིང་ནི་དེ་དག་ལ་བརྟེན་མི་དགོས་པར་བྱ་བའི་མིང་རང་ངོས་ཀྱི་རྣམ་པའི་འགྱུར་བ་ལ་བརྟེན་ནས་དུས་གསལ་པོར་སྟོན་ནུས། དེ་བས་ན། ལོ་ཙཱའི་སྐབས་སུ་ཁྱད་པར་འདི་གཞིར་བཟུང་ནས་རང་རང་སྐད་ཀྱི་ཆོས་ཉིད་ལྟར་བསྒྱུར་དགོས་པ་ཡིན་གྱི། བོད་རང་གི་དུས་གསུམ་གྱི་རྣམ་གཞག་བོར་བ་ན་འགྱུར་སྐྱོན་མང་དུ་འབྱུང་ངེས་སོ། །
དཔེར་ན། ལོ་ཙཱ་བྱ། ལོ་ཙཱ་བྱེད། ལོ་ཙཱ་བྱས་ལྟ་བུ་བྱ་བའི་མིང་རང་ངོས་ནས་དུས་གསུམ་དང་སྐུལ་ཚིག་གི་རྣམ་དབྱེ་རྣམས་གསལ་པོར་མཚོན་ཐུབ། རྒྱ་སྐད་དུ་要翻译、正在翻译、已翻译ལྟ་བུ་ལ་要、在、已སོགས་སྔ་ཞུགས་སུ་ཚིག་གྲོགས་སྦྱར་ན་ད་གཟོད་དུས་གསུམ་གྱི་དབྱེ་བ་རྟོགས་ཐུབ་པ་ལས་སྒྲ་རང་ངོས་སམ་翻译ཞེས་པའི་བྱ་བའི་མིང་དེ་ལས་ཐད་ཀར་དབྱེ་བ་རྟོགས་མི་ཐུབ། ལོ་ཙཱ་བྱེད་སྐབས། དུས་གསུམ་འཁྲུལ་ན་དོན་ལ་ནོར་འཛོལ་འབྱུང་ངེས་པས་རྒྱ་ཡིག་གི་དུས་གསུམ་སྟོན་བྱེད་ཀྱི་ཚིག་གྲོགས་ལ་མཉམ་པར་གཞག་དགོས། ཡང་དཔེར་ན་要杀敌人ཞེས་པ་དགྲ་བོ་གསོད་དགོས་ལྟར་བསྒྱུར་ན་མ་ཡིག་གི་ནང་དོན་དང་མི་འདྲ་སྟེ། གསོད་ནི་དུས་གསུམ་ལས་ད་ལྟ་བར་འཇུག་ཅིང་མ་ཡིག་གིས་མ་འོངས་པ་བསྟན་པས་མ་ཡིག་གི་བསྟན་དོན་དང་འགལ། དེ་བས་དགྲ་བོ་བསད་དགོས་ཞེས་བྱ་བའི་ཚིག་མ་འོངས་པ་སྦྱར་ནས་འབྲི་དགོས། ཡང་དཔེར་ན་希望进一步促进双方经贸、科技合作ཞེས་པ་ལས་མ་འོངས་པར་མུ་མཐུད་དུ་མཉམ་ལས་སྤེལ་བའི་རེ་བ་སྟོན་པ་སྟེ། 进一步、促进、合作བཅས་སྦྱར་ནས་མ་འོངས་པའི་དོན་བསྟན་ཡོད། དེས་ན་བོད་ཡིག་ཏུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་མཉམ་ལས་སྤེལ་རྒྱུའི་རེ་བ་ཡོད་ཡང་ན་མཉམ་ལས་བྱ་བའི་རེ་བ་ཡོད་ཅེས་མཉམ་ལས་ལ་བྱ་ཚིག་བྱའམ་སྤེལ་རྒྱུ་སྦྱར་ནས་མ་འོངས་པ་སྟོན་དགོས་པ་ལས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་མཉམ་ལས་བྱེད་པའི་རེ་བ་ཡོད་ཅེས་བྱ་ཚིག་ལ་བྱེད་དེ་ད་ལྟ་བ་སྦྱར་ན་མ་ཡིག་གི་ནང་དོན་དང་འགལ་བའོ། །
ཁ། བདག་གཞན་འཁྲུག་པ།
བོད་སྐད་ཡིག་གི་བརྡ་སྤྲོད་ནང་། བདག་གཞན་གྱི་དབྱེ་བ་གསལ་བར་མངོན་ཏེ། ལས་གང་བྱེད་པ་པོ་དང་དངོས་སུ་འབྲེལ་བའི་དབང་དུ་བཏང་ནས་བྱེད་པ་པོ་ཁོ་རང་དང་དེའི་བྱེད་པ་དང་བྱ་བ་བཅས་ལ་བདག་ཅེས་བྱ་ཞིང་། དཔེར་ན། རྔོན་པ་དང་དེའི་ལག་ཆ་མདའ་གཞུ། འཕེན་པའི་བྱ་བ་གསུམ་ཡིན། དེའི་བསྒྲུབ་སའི་ཡུལ་དང་། བསྒྲུབ་བྱ། དེ་དང་དངོས་སུ་འབྲེལ་བའི་བྱ་བ་འཕངས་བཅས་ལ་གཞན་ཞེས་བྱ་ཞིང་།
དཔེར་ན། རི་དྭགས་རྔོན་སའི་སྤང་ཐང་དང་། བསད་བྱའི་རི་དྭགས། འཕངས་པའི་བྱ་བ་གསུམ་ཡིན། དེས་ན་བདག་འབྲེལ་གྱི་བྱ་བ་དང་གཞན་འབྲེལ་གྱི་བྱ་བ། བདག་གཞན་གང་ལའང་མ་འབྲེལ་བའི་བྱ་བ་གང་གང་ཡིན་ཞེ་ན། འཕེན་པ་ནི་བདག་འབྲེལ། འཕང་ནི་གཞན་འབྲེལ་དང་། འཕངས་པ་ནི་བདག་གཞན་གང་དུའང་མ་གཏོགས་པའི་བྱ་བ་ཡིན། ཡང་དཔེར་ན། 三个代表ཞེས་པ་བོད་སྐད་དུ་བསྒྱུར་ན། ཁ་ཤས་ཀྱིས་མཚོན་བྱེད་གསུམ་ཞེས་བསྒྱུར་བ་དང་། ཡང་ཁ་ཤས་ཀྱིས་མཚོན་བྱ་གསུམ་ཞེས་བསྒྱུར་ཡོད་པ་རེད། མཚོན་བྱེད་གསུམ་ཞེས་བསྒྱུར་ན་དངོས་པོ་བདག་དང་། མཚོན་བྱ་གསུམ་ཞེས་བསྒྱུར་ན་དངོས་པོ་གཞན་ཡིན།
ག །མིང་ལྷག་གམ་ཚིག་ལྷག་སྦྱར་བ།
རྒྱ་བོད་བྱ་བའི་མིང་བསྒྱུར་བའི་གོ་རིམ་ཁྲོད། རྒྱ་སྐད་དུ་ཡིག་འབྲུ་ཉུང་ངུ་དེ་བོད་སྐད་དུ་བསྒྱུར་ན་འབྲུ་མང་པོ་ཅན་དུ་གྱུར་བས། ཚིག་རྙོག་མང་བའི་སྐྱོན་དུ་གྱུར། དཔེར་ན། 命令ལ་བཀའ་བསྐོས་གནང་བ། 募捐ལ་དངུལ་གྱི་ཞལ་འདེབས་སློང་བ། 诬害ལ་ནག་མེད་ཉེས་འགེལ་གྱི་གནོད་འཚེ་གཏོང་བ་སོགས་མིང་ཐུང་ངུ་ཞིག་ལ་ཚིག་རིང་པོས་མཚོན་པ་ནི་དོན་གསལ་པོར་སྟོན་པ་ཡིན་གྱི། དོན་གྱི་གནད་འཛིན་མ་ནུས་པས་ཟོར་ཡང་དུ་མ་གྲུབ་པར་ཚིག་རྙོག་ཏུ་གྱུར།
ང་། མིང་གི་ངོ་བོ་དང་དེའི་འགྱུར་ལྡོག་ལ་དོ་སྣང་མ་བྱས་པ།
བོད་རང་གི་ཐ་སྙད་དུ་མིང་གཅིག་ངོ་བོ་དུ་མ་ལྡན་པའི་སྣང་ཚུལ་ནི་འབེལ་པོ་ཡོད་པར་བཞིན། རྒྱའི་ཐ་སྙད་དུའང་ཤིན་དུ་མང་། དཔེར་ན། 希望ལྟ་བུ་ལ་མཚོན་ན། དེ་ནི་དངོས་པོའི་མིང་དང་བྱ་བའི་མིང་གཉིས་ཀར་འགྲོ་བས། མཐའ་གཅིག་ཏུ་ཕུགས་འདུན་དུ་བསྒྱུར་མི་རིགས། མ་ཟད་རྒྱའི་ཐ་སྙད་དུ་དངོས་པོའི་མིང་བྱ་བའི་མིང་ལྟར་སྤྱོད་སྲོལ་ཡང་ཡོད། དཔེར་ན། 手刃ཞེས་པ་手中之刃དང་手中持刃ལྟར་གོ་བ་བླངས་ཏེ་ལག་གི་གྲིའམ་ལག་ལ་གྲི་ཐོགས་ལྟར་བསྒྱུར་ཚེ་ནོར་རོ། །
ཅ། བྱ་བའི་མིང་ལ་ཤས་ཀྱི་དོན་ཆ་ཚང་གོ་བ་མ་ལོན་པ་དང་ཚིག་གནད་འཛིན་མ་ནུས་པ།
སྐྱོན་འདི་རིགས་ཀྱི་འབྱུང་ཤས་ནི་ཤིན་ཏུ་ཆེ། ཚིག་མཛོད་དུའང་སྐྱོན་འདི་རིགས་བྱུང་ཡོད་པ་མང་པོ་མཐོང་ཐུབ། བསྒྱུར་བྱའི་རྒྱ་ཡིག་གི་བྱ་བའི་མིང་གང་དེའི་དོན་ཆ་ཚང་གོ་བ་མ་ལོན་པར་དོན་གྱི་ངོས་གཅིག་གམ་ཕྱོགས་ཙམ་གོ་བ་བླངས་ཏེ་བསྒྱུར་བ་དང་། བྱ་བའི་མིང་སྦྲགས་མ་བསྒྱུར་སྐབས་མིང་དེ་ལས་གཙོ་ཆེ་ཤོས་གཟུང་མ་ནུས་བར་བསྒྱུར་ན་མཐར་བརྗོད་བྱའི་དོན་ཧྲིལ་པོ་ལའང་འཁྲུལ་བ་འབྱུང་། དཔེར་ན། 警醒ཞེས་པའི་མིང་ནི་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གཉི་ཀར་འགྲོ། འོན་ཀྱང་ཚིག་མཛོད་ཁ་ཤས་སུ་དེའི་བྱེད་མེད་ལས་ཚིག་གི་དོན་ཏེ། རྨོངས་གཉིད་ལས་སད་པ་གཅིག་པུ་མ་གཏོགས་བསྒྱུར་མེད། གཞན་དཔེར་ན། 动弹ཞེས་པ། བྱ་བའི་མིང་སྦྲགས་མ་སྟེ་动དང་弹གཉིས་ཀ་བྱ་བའི་མིང་ཡིན། 动འགུལ་བའི་དོན་དང་弹ནི་དཀྲོལ་བའི་དོན་ཡིན། དེ་ལས་ཚིག་གཙོ་བོ་ནི་动ཡིན་པ་ལས་弹མིན་པས། འགུལ་དཀྲོལ་ཞེས་བསྒྱུར་ན་ནོར་རོ། །
འོ་ན། སྐྱོན་དེ་རིགས་སེལ་བྱེད་ཀྱི་སྒྱུར་ཐབས་དམ་པ་གང་དག་ཡོད་ཅེ་ན།
གཉིས་པ། གོང་གི་འགྱུར་སྐྱོན་དག་སེལ་བྱེད་ཀྱི་སྒྱུར་ཐབས་ཡང་དག
སྤྱིར་བཏང་དུ་བྱ་བའི་མིང་བསྒྱུར་སྐབས་དོན་སྒྱུར་དང་འགྲེལ་སྒྱུར་གཙོར་བྱས་ཏེ་བསྒྱུར་ན་རབ་ཀྱི་རྩེ་མོ་ཡིན་པར་འདོད། སྒྲ་སྒྱུར་གྱི་ཐབས་ནི་བྱ་བའི་མིང་བསྒྱུར་སྐབས་ཡེ་ནས་སྤྱོད་མི་རུང་། དོན་སྒྱུར་ནི་བསྒྱུར་བྱ་གང་དེའི་ཚིག་གདོང་ངམ་ཚིག་ཟིན་གྱི་བསྟན་དོན་བཞིན་ཐད་ཀ་ཐད་སོར་སྒྱུར་བྱེད་སྐད་དུ་བསྒྱུར་བ་ལ་བྱ། འགྲེལ་སྒྱུར་ཞེས་པ་ནི་འགྲེལ་བཤད་རང་བཞིན་གྱི་ཐབས་ལ་བསྟན་ནས་བསྒྱུར་བྱ་གང་གི་ནང་དོན་དེ་མཚོན་པར་བྱེད་པའི་སྒྱུར་ཐབས་ཤིག་ཡིན། སྒྱུར་ཐབས་སྤྱི་བཤད་ན་འདི་མོད། བྱེ་བྲག་གི་བླང་བྱ་ནི་གཤམ་གསལ་ལྟར།
ཀ །བྱ་བའི་མིང་སྦྱར་ཡུལ་གྱི་ཚིག་གང་གི་ནང་དོན་ལ་གཞིག་དགོས།
དུས་གསུམ་དང་བདག་གཞན། དེ་མིན་མིང་གི་ངོ་བོ་འགྱུར་ཡོད་མེད་སོགས་ལེགས་པར་སྤྱོད་དགོས་ན་ཚིག་ཧྲིལ་པོའི་ནང་དོན་ལ་བསམ་གཞིག་གཏང་དགོས་སྟེ། གོང་གི་དཔེ་ལས། 吃ནི་ཟ་བའི་དོན་ཡིན་གྱི། དེ་ཚིག་ཏུ་འཇུག་དུས་ཚིག་གྲོགས་སོགས་ལ་མ་ལྟོས་ན་འགྱུར་སྐྱོན་འབྱུང་སླ་སྟེ། 羊被狼吃了ལྟ་བུར་མཚོན་ན། འགྱུར་ཡང་དག་ལུག་ནི་སྤྱང་ཀིས་ཟས་ལྟར་ཡིན། དེ་ནི་了དང་被གཉིས་ལ་ལྟོས་པས་ད་གཟོད་བྱེད་པ་ནི་སྤྱང་ཀི་དང་དུས་ནི་འདས་པ་ཡིན་པ་ཤེས་གྱུར། རྒྱ་ལ་了དང་被གཉིས་མ་ལྟོས་ན་ལུག་གིས་སྤྱང་ཀི་ཟ་ལྟ་བུའི་འགྱུར་ནོར་འབྱུང་སྲིད།
ཁ། ཚིག་ལྷག་སེལ་དགོས།
འདི་ནི་གོང་གི་འགྱུར་སྐྱོན་གསུམ་པ་ལ་དམིགས་ཏེ་བརྗོད། མིང་གི་གཙོ་གནད་ཟིན་ཚེ། མིང་དེ་གསལ་བར་བྱེད་པའི་ཚིག་ལྷག་ནི་མིང་དུ་མི་དགོས། དཔེར་ན་命令བཀའ་བསྐོས་གནང་བ་ལྟར་བསྒྱུར་བའི་ཁྲོད་གནང་བ་ནི་ཚིག་ལྷག་ཏུ་གྱུར་ཡོད། བཀའ་བསྐོས་སམ་བཀའ་ཕབ་ལྟར་བསྒྱུར་ན་དོན་ཧྲིལ་པོ་རྫོགས་པར་སྟོན་ནུས་པས་གནང་བ་སྦྱར་ན་ཟོར་མི་ཡང་གྱུར་ཞིང་བཟློས་པས་ཚིག་ལྷག་ཏུ་ཆགས།
ག །དོན་དུ་མར་འཇུག་པ་དང་ངོ་བོ་དུ་མ་ལྡན་པའི་མིང་གི་འཇུག་ཡུལ་ལ་བརྟག་དགོས།
གོང་གི་དཔེ་བརྗོད་ལྟར། 希望དང་刃ཞེས་པའི་མིང་ནི་བྱ་བའི་མིང་དང་དངོས་པོའི་མིང་གཉིས་ཀར་འཇུག་པས། སྐབས་བབ་ཀྱི་དོན་ལ་ལྟོས་ཏེ་བསྒྱུར་དགོས། དཔེར་ན། 希望我的梦想能实现ནི་བདག་གི་ཕུགས་བསམ་འགྲུབ་པར་སྨོན་ལྟར་བསྒྱུར་དགོས་ཤིང་། 那是我们的一线希望ནི་དེ་ནི་ང་ཚོའི་རེ་བ་ཉག་གཅིག་ཡིན་ཞེས་ལྟར་བསྒྱུར་དགོས། 他手刃了凶手ནི་ཁོས་དངོས་སུ་ལག་དམར་བསད་ལྟར་བསྒྱུར་དགོས་ཤིང་། 刀刃很锋利ནི་གྲིའི་ཁ་རྣོ་དབལ་ཆེ་ལྟར་བསྒྱུར་དགོས།
མཇུག་གི་གཏམ།
ལོ་ཙཱ་ནི་ཡིག་རིགས་གཉིས་ཕན་ཚུན་ལ་བསྒྱུར་བའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཡིན་ཕྱིན། ལོ་ཙཱ་དོན་གཉེར་བྱེད་སྐབས་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་ཡིག་རིགས་ཁོང་དུ་ཆུད་དགོས་ཐོག །སྐད་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་དང་བརྡ་སྤྲོད་ཀྱི་གོམས་གཤིས་སོགས་ལ་བྱང་ན་ལོ་ཙཱ་མཐར་ཕྱིན་པར་ཞིག་འཁྱོངས་ཐུབ། དེ་བས་ང་ཚོས་བྱ་བའི་མིང་ལོ་ཙཱ་བྱེད་སྐབས་ཀྱང་རང་གཞན་གཉིས་ཀྱི་ཐ་སྙད་ལ་སྦྱོང་པ་དཔྱིས་ཕྱིན་པ་ཞིག་དགོས་པར་མ་ཟད། ལོ་ཙཱའི་རིགས་ལམ་ཕྲ་ཞིང་རྣོ་བ། རིག་གནས་ཀྱི་རྒྱབ་བརྟེན་སྲ་ཞིང་བཀན་པ་ཞིག་དགོས་པ་ནི་འགངས་ཤིན་ཏུ་ཆེའོ། །