དང་པོ། གླེང་སློང་།
སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་ཚན་རིག་ལག་རྩལ་གསར་པ་དབྱར་མཚོ་བཞིན་རྒྱས་པའི་སྐབས་དང་བསྟུན་ནས། ལོ་ཙཱའི་སྡེ་ཁག་ཏུའང་ལས་རིགས་གཞན་དང་འདྲ་བར་འཕོ་འགྱུར་བྱུང་དང་འབྱུང་བཞིན་ཡོད། ཆེས་མངོན་གསལ་ཆེ་ཤོས་ནི་ལོ་ཙཱའི་རམ་འདེགས་སྙི་ཆས་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པ་དེ་རེད། དེ་དང་བསྟུན་ནས་ལོ་ཙཱ་ལ་རྒྱུས་ཡོད་མེད་ཚང་མས་སྙི་ཆས་དེ་རིགས་སྤྱད་དེ་ལོ་ཙཱའི་བྱ་བ་སྒྲུབ་བཞིན་ཡོད་པས། འགྱུར་ཡིག་གི་སྤུས་ཀ་བཟང་ངན་ཡང་ཉ་ཉུང་མཉམ་བསྲེ་རུ་བྱུང་ཡོད། ལོ་ཙཱའི་རམ་འདེགས་སྙི་ཆས་དེ་དག་ནི་རལ་གྲི་ངོ་གཉིས་མ་ཞིག་དང་ཀུན་ནས་མཚུངས་ཏེ། གལ་སྲིད་ལོ་ཙཱའི་ཚད་གཞི་ངེས་ཅན་ཞིག་དང་འགན་སེམས་ཆེན་པོ་ཡོད་མཁན་ཞིག་གིས་བཀོལ་ན། ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་སོང་ནས་ཕན་ཡག་པོ་ཐོགས་རྒྱུ་རེད། གལ་ཏེ་ལོ་ཙཱའི་ཆུ་ཚད་དེ་ཙམ་མེད་ཅིང་འགན་ཡག་པོ་མི་འཁུར་བའི་ལོ་ཙཱ་བས་བཀོལ་ཚེ། མིག་ནང་གི་གྲ་མ་དང་ལྷམ་ནང་གི་རྡོ་འབྲུ་རུ་གྱུར་ཏེ་འགྱུར་ཡིག་གི་སྤུས་ཀ་ལ་གནོད་བྱེད་དུ་འགྱུར་བ་ནི་ལོ་ཙཱའི་ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་ཡོད། དེས་ན་ང་ཚོས་གསར་དར་གྱི་དངོས་པོ་དེ་རིགས་ལ་མཐའ་གཅིག་ཏུ་ཁས་མི་ལེན་མི་ཉན་ལ་ལོ་ཙཱ་བ་རང་གི་བསྲེགས་བཅད་བརྡར་གསུམ་མེད་པར་ལོ་ཙཱའི་རམ་འདེགས་སྙི་ཆས་དེ་དག་གི་བྲན་གཡོག་ཁོ་ནར་འགྱུར་ཡང་མི་རུང་བ་ཤེས་དགོས།
གཉིས་པ། ལོ་ཙཱའི་རམ་འདེགས་སྙི་ཆས་བཀོལ་བའི་དགེ་མཚན།
ལོ་ཙཱའི་རམ་འདེགས་སྙི་ཆས་བཀོལ་བ་ལ་དགེ་མཚན་མེད་པ་མ་ཡིན་པར། ལོ་ཙཱ་བ་ཞིག་ལ་ཆ་མཚོན་ནས་བཤད་ན། གཅིག་ནི་ཡི་གེ་གཏའ་བའི་ངལ་བ་བསལ་ཐུབ་པ་དང་། གཉིས་ནི་དུས་ཚོད་བསྲིས་ཐུབ་པ། གསུམ་ནི་ཡི་གེ་གཏའ་ནོར་ཤོར་བའི་སྐྱོན་ཆ་བསལ་ཐུབ་པ། བཞི་ནི་ལས་ཆོད་ཆེ་རུ་བཏང་ཐུབ་པ་རེད། ལྷག་པར་དུ་འཕྲིན་སྦྱོར་ལས་སྒྲུབ་པ་ཚོས་སྲིད་དོན་དང་འབྲེལ་བའི་གསར་འགྱུར་དང་བཅའ་ཁྲིམས། ཁྲིམས་སྲོལ་སོགས་སྤྱི་ཁྱབ་རང་བཞིན་དང་ངེས་གཏན་རང་བཞིན་ཆེ་བའི་རིགས་ལོ་ཙཱ་བྱེད་སྐབས་མ་ཡིག་གི་བསྟན་དོན་བརྒྱ་ཆ་བདུན་ཅུ་ནས་དགུ་བཅུའི་བར་ཇི་བཞིན་དུ་བསྒྱུར་ཐུབ་པས་ཕན་འབྲས་བཟང་པོ་ཐོན་ཐུབ། ཡང་ཡུལ་སྐོར་འགྲུལ་བཞུད་པ་ལ་མཚོན་ནས་བཤད་ན། ས་ཆ་གང་དུ་སོང་ན་ལོ་ཙཱའི་རམ་འདེགས་སྙི་ཆས་བཀོལ་ནས་སྐད་བརྡ་མི་འཕྲོད་པའི་གནད་དོན་ཕལ་ཆེར་བསལ་ཐུབ་པ་རེད། དཔེར་ན། 推进文化和旅游深度融合发展,是以习近平同志为核心的党中央着眼建设文化强国旅游强国作出的重大战略部署。ཞེས་པ་ལོ་ཙཱའི་རམ་འདེགས་སྙི་ཆས་ཀྱིས་བསྒྱུར་བ་ཡིན་ན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་སྟོབས་ཆེའི་རྒྱལ་ཁབ་དང་ཡུལ་སྐོར་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཞེས་བྱུང་ལ། འགྱུར་ཡིག་གི་སྤུས་དག་ཚད་བརྒྱ་ཆ་དགུ་བཅུ་ཡན་ལ་ཟིན་ཡོད་ཅིང་། དུས་ཡུན་ཡང་སྐར་ཆ་བཅུ་ཕྲག་ལས་བརྒལ་མེད་པས་གོང་གི་བཟང་ཆ་བཞི་ཀ་ཡོངས་སུ་ཐོན་ཡོད། དེ་ནས་ལོ་ཙཱ་བ་རང་གིས་བསྲེགས་བཅད་བརྡར་གསུམ་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་རིག་གནས་དང་ཡུལ་སྐོར་དར་བའི་རྒྱལ་ཁབ་འཛུགས་པར་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ཞེས་པ་ལྟ་བུ་འགྱུར་ཡིག་སྤུས་ཇེ་དག་ཏུ་གཏོང་ཆོག
གསུམ་པ། ལོ་ཙཱའི་རམ་འདེགས་སྙི་ཆས་བཀོལ་བའི་སྐྱོན་ཆ།
ལོ་ཙཱའི་རམ་འདེགས་སྙི་ཆས་བཀོལ་བའི་སྐྱོན་ཆའི་སྐོར་ནས་བཤད་ན། གཅིག་ནི་ལོ་ཙཱ་བར་གཞན་བརྟེན་གྱི་ངན་གོམས་ཐེབས་ནས་སྒྱིད་ལུག་ཏུ་གྱུར་པ་དང་། གཉིས་ནི་ལོ་ཙཱའི་བྱང་ཚད་འཕར་བར་གནོད་པ། གསུམ་ནི་འགྱུར་ཡིག་ལོག་པར་བསྒྱུར་བ་དང་ཇི་བཞིན་དུ་བསྒྱུར་ཐུབ་མེད་པ། བཞི་ནི་རྒྱ་བོད་སྐད་ཡིག་གི་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པ་འབྱུང་ཉེན་ཆེ་བ། ལྔ་ནི་ཚིག་ཚོགས་ཀྱིས་བཅིངས་ཏེ་གོ་བདེ་བའི་རྩ་དོན་དང་འགལ་བ། དྲུག་ནི་འགྱུར་ཡིག་ལ་ཆད་ལུས་མང་བ་བཅས་རེད། སྐྱོན་ཆ་དང་པོ་དང་གཉིས་པ། ལྔ་པ། དྲུག་པ་བཅས་ནི་ཚང་མས་རྗེས་སུ་དཔགས་ནས་ཤེས་ཐུབ་པས་རྒྱས་པར་སྤྲོས་མི་དགོས་ལ། འདིར་སྐྱོན་ཆ་གསུམ་པ་དང་བཞི་པ་དམིགས་སུ་བཏོན་ནས་ལག་ལེན་གྱི་དཔེར་མཚོན་དང་བཅས་པར་ཅུང་ཞིབ་རྒྱས་སུ་ཤོད་ཡིན།
དཔེར་ན། 党的最终目标是实现共产主义 ཞེས་པར་སྙི་ཆས་ཀྱིས་བསྒྱུར་ན། ཏང་གི་མཐར་ཐུག་གི་དམིགས་ཡུལ་ནི་གུང་ཁྲན་རིང་ལུགས་མངོན་དུ་འགྱུར་རྒྱུ་ཡིན། ཞེས་བྱུང་བ་དང་། བོད་སྐད་ཀྱི་འགྲོས་ལྟར་ན་གུང་ཁྲན་རིང་ལུགས་མངོན་དུ་འགྱུར་བ་ནི་ཏང་གི་མཐར་ཐུག་གི་དམིགས་ཡུལ་ཡིན་ཞེས་ཟེར་དགོས་པས་སྙི་ཆས་ནས་བྱུང་བའི་འགྱུར་ཡིག་ལ་རྒྱ་བོད་ལོ་ཙཱའི་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པའི་སྐྱོན་བྱུང་ཡོད། ཡང་དཔེར་ན། 铸牢中华民族共同体意识 ཞེས་པར་མཚོན་ན། སྙི་ཆས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཞེས་བསྒྱུར་བར་གཞིགས་ན། “共同体”ལ་གཅིག་མཐུན་འདུས་གྲུབ་ཅེས་དང་“铸牢意识”ལ་འདུ་ཤེས་བརྟན་པོར་འཛུགས་ཞེས་བསྒྱུར་ཡོད། “共同体”ལ་ཐུན་མོང་ཚོགས་པ་ཞེས་བསྒྱུར་ན་འཚམ་ལ། འདུ་ཤེས་འཆང་བ་དང་འཛིན་པ་ལས་འཛུགས་མི་ཐུབ་པས་འགྱུར་ཡིག་ལ་ཇི་བཞིན་དུ་བསྒྱུར་ཐུབ་མེད་པའི་སྐྱོན་ཆ་ཡོད། དེ་ནས་ལོ་ཙཱ་བ་རང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཅང་ཞེས་པ་སྤུས་དག་ཏུ་གཏོང་ཤེས་པ་གནད་ཀྱི་དམ་པ་ཡིན། ཡང་དཔེར་ན། 为人类发展作出了积极贡献ཞེས་པ་ལས“贡献”ལ་ལེགས་སྐྱེས་ཞེས་བསྒྱུར་བར་ཐེ་ཚོམ་མེད། འོན་ཀྱང་ལེགས་སྐྱེས་ཞེས་པ་བོད་རྒྱ་ཚིག་མཛོད་དུ་གསོལ་རས་དང་ལག་རྟགས་ཞེས་དོན་གཉིས་ལ་གོ་ཆོག་པ་བྲིས་ཡོད་པས། “积极贡献”ལ་གསོལ་རས་དང་ལག་རྟགས་ཧུར་ཐག་གིས་ཕུལ་ཞེས་བསྒྱུར་ན་གོ་ལོག་ཏུ་སོང་བས་མི་འགྲིག་ལ། བྱས་རྗེས་ཞེས་པ་བོད་རྒྱ་ཚིག་མཛོད་ལས་ལས་ཀ་བྱས་པའི་ལག་རྗེས་སམ་གྲུབ་འབྲས་ཞེས་འགྲེལ་ཡོད་པ་ལྟར་ན་བྱས་རྗེས་ཧུར་ཐག་གིས་བཞག་ཅེས་བསྒྱུར་ན་དོན་དང་མཐུན་པ་ཡིན། དེ་བཞིན་撤回错误言论ལ་ནོར་འཁྲུལ་གྱི་གཏམ་བརྗོད་ཕྱིར་འཐེན་བྱེད་ལྟ་བུ་བསྒྱུར་བ་ལ་གཏམ་བརྗོད་ནོར་འཁྲུལ་ཡོ་བསྲང་བྱེད། 深入学习贯彻ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་ཅེས་བསྒྱུར་བ་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཞེས་པར་བཅོས་ཚེ་གོ་བདེ་ཞིང་བོད་རང་གི་སྐད་དུ་གོ་བརྡ་འཕྲོད་སླ་བ་རེད། སྙི་ཆས་ལས་ད་དུང་རྒྱ་ཡིག་གི་འགྲོ་ལུགས་དང་བསྟུན་ནས་ཐད་བསྒྱུར་དྲགས་པས་ཡིག་ངོས་ཀྱི་དོན་ཙམ་རྙེད་པ་ལས་བསྟན་དོན་དངོས་བསྟན་མི་ཐུབ་ཁར་གོ་ལོག་ཏུ་འགྲོ་ཉེན་ཆེ་བ་ཡང་ཡོད། དཔེར་ན། 天人合一ལ་གནམ་དང་མི་མཐུན་ཞེས་པ་བྱུང་བ་ལ། རང་བྱུང་ཆོས་ཉིད་ཅེས་བསྒྱུར་ན་འགྲིག “黑天鹅”“灰犀牛” 事件ལ་ངང་པ་ནག་པོ་དང་བསེ་རུ་སྐྱ་བོ་ཞེས་བསྒྱུར་བ་ལ། “黑天鹅”ལ་འབྱུང་ཉེན་ཆུང་ཡང་ཤུགས་རྐྱེན་ཆེ་ཞེས་པ་དང་ “灰犀牛” ལ་འབྱུང་ཉེན་ཆེ་ལ་ཤུགས་རྐྱེན་ཡང་ཆེ་ཞེས་དོན་སྒྱུར་བྱས་ན་བརྗོད་དོན་གནད་ལ་འཁེལ་ཞིང་གོ་བདེ་བ་རེད།
མདོར་ན། གོ་མཚོན་བཟང་པོ་རང་ལ་ཡོད་ཚེ་སྤྱོད་མཁས་པོ་བྱས་ན་རང་ལ་ཕན་པ་མང་པོ་ཐོབ་པ་དང་། སྤྱོད་མཁས་པོ་མེད་ན་རང་ལ་རྨས་ཕོག་ཉེན་ཡོད་པའི་དཔེ་ལྟར། ལོ་ཙཱའི་རམ་འདེགས་སྙི་ཆས་ཀྱི་དགེ་སྐྱོན་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དེ་ཉིད་རང་གི་བྲན་གཡོག་བཟང་པོ་ཞིག་ཏུ་བསྒྱུར་དགོས་པ་ལས་རང་དབང་མེད་པར་དེའི་བྲན་གཡོག་ཏུ་སོང་ནས་ལོ་བརྒྱར་སོང་ཡང་བཟང་སྐྱེད་མེད་པར་དུས་ཚོད་འདའ་ཐབས་ཙམ་དུ་གནས་མི་རུང་ངོ་། །