ནུབ་མོའི་སྨག་རུམ་གྱི་ཡོལ་བ་རྒྱང་ལ་བཀྱེད་ཁར།
རི་ཚོགས་དང་གྲོང་ཚོའི་མཁའ་དབྱིངས་ན་འཚེར་བའི།
སྐར་ཚོགས་ཀྱི་འོད་སྣང་མོག་པོར་གྱུར།
རླུང་བུ་བསིལ་མོ་ཞིག་དལ་གྱིས་ལྡང་བ་དང་ལྷན་དུ།
སྐྱ་རེངས་བུ་མོ་ཉི་ཟེར་གྱི་ཐག་ལ་འཁྱུད་ནས།
ས་སྒང་འདིའི་པང་ལ་ལྷོད་ཀྱིས་འཇགས་པ་དེ་མཐོང་ན།
ངས་ཞི་འཇགས་ཀྱིས་སྤུད་པའི་ཚོ་པ་ཞིག་གི་ལོངས་སྤྱོད་དྲན་འོང་།
ནང་མོ་དེར། བྱ་ཕོས་མགྲིན་པ་གཟེངས་སུ་བཏེགས་ཏེ།
སྐད་གསང་མཐོན་པོས་བྱ་སྐད་གཏོང་བ་དེས།
མང་པོ་ཞིག་གཉིད་ལས་བསླང་སྲིད།
ཞོགས་ཀའི་སྐྱ་རེངས་ཐོད་ལ་འདེགས་པའི་ཉི་ཟེར་གྱིས།
རི་ཚོགས་ཀྱི་སྒོ་ཀུན་ལ་ཞིབ་དཔྱོད་བཏང་།
གྲོང་མཐའ་དང་རི་ངོས་སུ་ལྷག་ཏུ་སྐྱེས་པའི་རྩྭ་ལོ་དག
མགོ་ལྕོག་ཡོམ་ཡོམ་གནང་བ་དེས།
གང་ཞིག་གི་བྱ་སྤྱོད་ལ་མི་འཐད་པའི་རྣམ་འགྱུར་སྟོན་པ་དང་འདྲ།
ཞོགས་ཀ་དེར། ཉི་མ་དལ་གྱིས་རི་རྩེར་འཕགས་པ་དང་མཉམ་དུ།
ལུང་པ་འདིར་གཞིས་ཆགས་པའི་ཕུ་ནུ་ཚོས།
རང་གི་མདུན་ཕྱོགས་ན་འཁྱིལ་བའི་མཚོ་མོའི་གཞུང་ལ།
ལག་པ་བསྲིངས་ནས་ཆུ་སྐྱོགས་གནམ་ལ་འཁྱེར་བ་དེས།
ངའི་ཡོད་ཚད་ལ་རེ་སྨོན་བཏེགས།
གཞིས་ཀ་འདིའི་ལྷས་རར་བསྐྱིལ་བའི་ཕྱུགས་ཟོག་དག
གཅིག་རྗེས་གཅིག་གིས་དེད་ནས་རི་ལ་ཕྱོགས་པ་དེ།
ཞོགས་པ་གཞན་ཞིག་གི་བསུ་སྟངས་ཡིན་འགྲོ།
ཞོགས་ཀ་འདིར། ཉི་ཟེར་སྒོམ་པའི་ལམ་འགྲོ་བ་ཚོས།
རི་སུལ་གྱི་རྐང་ལམ་འཕྲེད་དུ་གཅོད་བཞིན་འདུག
ལ་ལས་བཤད་ན་ལྷ་སར་མཆོད་མཇལ་དུ་འགྲོ་མཁན་རེད་ཟེར།
ཡང་ཁ་ཅིག་ན་རེ། ཁོར་ཡུག་སྲུང་སྐྱོང་ཚོགས་པ་རེད་ཟེར།
གནའ་སྔ་མོར་ཡ་ཀིི་རྐང་ལམ་བརྒྱུད་ནས་འགྲོ་མཁན་མང་ནའང་།
ཕྱིས་སུ་རྒྱུ་རྐྱེན་གང་ཡིན་མི་ཤེས་མོད།
ལོ་ངོ་མང་པོའི་རིང་ལ་རྐང་ལམ་དེར་འགྲོ་མཁན་གཅིག་ཀྱང་མ་བྱུང་།
ཡུལ་མི་ཚོར་བལྟ་ས་གང་ཡང་མེད་པར་ལུས།
ཉི་འོད་སྦྲུམ་པའི་ཞོགས་ཀ་འདིར།
གྲལ་འགྲིག་པའི་ལམ་འགྲོ་བ་དག་མཐོང་བའི་ཚེ།
གནའ་བོའི་ཚོང་དཔོན་ནོར་བུ་བཟང་པོའི་སྣང་བརྙན་ཡིད་ལ་ཤར་འོང་།
ཞོགས་པའི་ཉི་འོད་ཀྱིས་དཀྲིས་པའི་གྲོང་པ་འདིར།
གྲོང་མི་ཚོ་ཉི་ཟེར་གྱི་ཀློང་ན།
ལུས་རྩལ་སྦྱོང་བ་ལ་བྱང་ཆ་དོད་འདུག །