ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཁོང་གོ་ཞེས་འབོད་པ་ནི་ཨ་ཧྥེ་རི་ཀ་དབུས་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན། ཁོང་གོ་རྒྱལ་ཁབ་ཀྱི་ཤར་རྒྱུད་ཡུ་གེན་ད་དང་། རུ་ཝང་ཏ། པུ་རུན་དི། ཐན་ཟ་ཉི་ཡ་བཅས་དང་འདབས་འབྲེལ་ཞིང་། ལྷོ་རྒྱུད་ཟེམ་པི་ཡ་དང་། ཨན་གོ་ལ་དང་མཚེས་མར་བཅར། བྱང་རྒྱུད་དབུས་ཧྥེ་རྒྱལ་ཁབ་དང་འབྲེལ་ཡོད། ནུབ་རྒྱུད་ཀྱི་དོག་ལམ་ནུབ་ཀྱི་རྒྱ་མཚོ་ཆེན་མོར་འབྲེལ་ཞིང་། སྐམ་མཚོའི་མཚམས་ཀྱི་རིང་ཚད་ལ་སྨི་སྟོང་37ཡོད། ཁོང་གོའི་བྱང་རྒྱུད་དང་ཤར་རྒྱུད། ལྷོ་རྒྱུད་བཅས་རི་བོའི་མུ་ཁྱུད་ཀྱིས་སྦྲེལ་ཡོད་པས། ཁོང་གོ་རྒྱལ་ཁབ་ཀྱི་ས་དབྱིབས་ནི་ཤར་ལྷོའི་ས་དབྱིབས་མཐོ་ཞིང་། ནུབ་བྱང་གི་རྒྱུད་དམའ་བའི་གཞོང་དབྱིབས་སུ་མངོན། ཁོང་གོའི་རྒྱལ་ཁོངས་ཀྱི་ཆེས་མཐོ་བའི་རི་བོ་ནི་མཱ་གྷི་ལི་ཐཱ་རི་བོ་ཡིན། དེའི་མཚོ་འཕགས་ལ་སྨི་5109ཡོད་པ་དང་། ཧྥེ་གླིང་གི་རི་བོ་ཆེན་པོ་ཨང་གསུམ་པར་ངོས་འཛིན་ནོ། །རྒྱལ་ཡོངས་སུ་གཏེར་ཁ་དང་ནགས་ཚལ། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པས། ཁོང་གོ་ལ་འཛམ་གླིང་ཐོན་ཁུངས་ཀྱི་བང་མཛོད་དང་ཧྥེ་གླིང་དབུས་མའི་རྡོ་རྗེ་ཕ་ལམ་ཞེས་པའི་མཚན་སྙན་གསོལ་ཡོད།
གྷིན་ཧྲ་ས་ནི་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ཞིང་། མིང་གཞན་ལ་ལི་ཨའོ་ཕའོ་དྷི་ཝེར་ཞེས་བྱ། གྲོང་ཁྱེར་དེ་ནི་ཁོང་གོ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན།
དུས་རབས་13-14བར་ཁོང་གོ་ནི་ཁོང་གོ་རྒྱལ་པོའི་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན། སྤྱི་ལོ་1885ལོའི་པེར་ལིན་གྲོས་ཚོགས་སྟེང་བྷེལ་ཇམ་གྱི་རྒྱལ་པོ་སྟེ་ལི་ཨོ་བྷོ་དྷི་སྐུ་ཕྲེང་གཉིས་པའི་སྒེར་གཞིས་ལ་གཏན་འཁེལ་བྱས་ཤིང་། མིང་ལ་ཁོང་གོ་རང་དབང་མངའ་སྡེ་ཞེས་བྱ། སྤྱི་ལོ་1908ལོ་ནས་བྷེལ་ཇམ་སྲིད་གཞུང་གིས་བདག་གཉེར་བྱེད་འགོ་བརྩམས། སྤྱི་ལོ་1960ལོའི་ཟླ་6པའི་ཚེས་30ཉིན་རང་བཙན་བྱས་ཤིང་། རྒྱལ་ཁབ་ཀྱི་མིང་ལ་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཞེས་གསོལ། སྤྱི་ལོ་1997ལོར་རྒྱལ་ཁབ་ཀྱི་མིང་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཅེས་པར་བརྗེས་སོ། །
ཁོང་གོའི་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་སྟེ། ནགས་ཀྱི་ཁེབས་ཚད་53%ལ་སླེབས་ཡོད་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་123ཡོད། དེས་ཧྥེ་གླིང་ཡུལ་ཁོངས་ཀྱི་ཐིག་དམར་རྒྱུད་ཀྱི་ནགས་ཚལ་རྒྱ་ཁྱོན་གྱི་47%ཟིན་པ་དང་། འཛམ་གླིང་ཚ་ཁུལ་ནགས་ཚལ་རྒྱ་ཁྱོན་གྱི་6.5%ཟིན། ཁོང་གོ་གཞོང་སར་ཡོད་པའི་ཁོང་གོ་ནགས་ཚལ་ནི་ཨཱ་མ་ཟོན་གདོད་མའི་ནགས་ཚལ་ཕུད་པའི་འཛམ་གླིང་གདོད་མའི་ནགས་ཚལ་ཨང་གཉིས་པ་ཡིན། ནགས་ཚལ་དེར་ཤིང་སྣ་མི་འདྲ་བ་རིགས་བརྒྱ་ལྷག་ཡོད་པར་བཞེད།
གཙང་པོ་དང་མཚེའུ་མང་བར་མ་ཟད། ཆར་འབབ་ཚད་མོད་པས། ཁོང་གོའི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཏེ། ཁོང་གོ་གཙང་པོའི་ཆུ་ལག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་2900ཡོད་པ་དང་། ཆ་སྙོམས་སྐར་ཆ་རེར་རྒྱ་དཔངས་སྨི་ཁྲི་4.2བཞུར་བཞིན་ཡོད་པས། ཆུའི་བཞུར་ཚད་འཛམ་གླིང་གི་གཙང་པོ་ཨང་གཉིས་པ་ཡིན་པར་གྲགས།
ལི་ཝུན་སི་ཏུང་རྦབ་ཆུ་འདུས་ཁུལ་ནི་ཁོང་གོ་གཙང་པོའི་མིང་དུ་གྲགས་པའི་རྦབ་ཆུ་ཆེ་ཆུང་མི་འདྲ་བ་མང་པོ་ཡོད་པའི་རྦབ་ཆུའི་འདུས་ཁུལ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་གཟར་ཚད་ཆེས་ཆེ་བའི་རྦབ་ཆུའི་འདུས་ཁུལ་ཡང་ཡིན། རྦབ་ཆུའི་འདུས་ཁུལ་དེའི་མིང་ནི་སུའུ་གྷི་ལན་གྱི་མྱུལ་དཔྱད་པ་དང་ཆོས་སྤེལ་མཁན་ཝེ·ལི་ཝུན་སི་ཏུང་གི་མིང་ལས་ཐོགས་ཤིང་རིམ་བཞིན་ཁྱབ་བརྡལ་དུ་ཕྱིན་པར་བཞེད། དེ་ནི་ཁོང་གོ་གཙང་པོའི་སྨད་རྒྱུད་ཀྱི་མཱ་ཊི་ཏི་ནས་གྷིན་ཧྲ་སའི་བར་གྱི་བཞུར་རྒྱུན་ལ་སྨི་སྟོང་354ཡོད་པའི་གཙང་པོའི་བར་རྒྱུད་དུ་ཡོད་ཅིང་། དྲག་བཞུར་གཙང་པོ་དང་རྦབ་ཆུ་32ཡིས་གྲུབ་པ་ཡིན། རྦབ་ཆུའི་གཟར་ཚད་ལ་སྨི་270ཡོད་པས། འཛམ་གླིང་གི་ཁྱད་མཚར་བའི་རང་བྱུང་བཀོད་པར་ངོས་འཛིན་ནོ། །
ཧོ་ཡའོ་རི་བོ་ནི་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱང་ཤར་རྒྱུད་ཀྱི་མིང་དུ་གྲགས་པའི་གནས་རི་ཞིག་ཡིན། རི་བོ་དེ་ལའོ་ཝུན་ཙའོ་ལི་རི་བོའི་ནུབ་བྱང་རྒྱུད་ཀྱི་དབྱི་ཐོ་ལི་ནགས་ཚལ་དུ་ཡོད་པ་དང་། མཚོ་འཕགས་སྨི་1450ཡོད། རི་བོའི་སྟེང་བྲག་ཕུག་མང་པོ་ཡོད་པ་དང་། བྲག་ཕུག་ནང་གནའ་བོའི་ཡི་གེའི་བརྡ་རྟགས་དང་ལྡེབས་རིས། ཉ་ལྕིབས་ཕྱི་སྐོགས། རྫ་ཆས་ཆག་རོ་སོགས་ལོ་རྒྱུས་ཀྱི་དྲན་པ་སྦྲུམ་པའི་རིག་དངོས་ཤུལ་བཞག་མང་པོ་མཐོང་རྒྱུ་ཡོད།
ཁཱ་ལི་ཞིན་བྷི་མེ་རི་ནི་ཧྥེ་གླིང་དབུས་རྒྱུད་ཀྱི་ཝེ་ལོན་ག་མེ་རིའི་ཚོགས་ལས་ཆེས་མཐོན་པོ་དེ་ཡིན་ཞིང་། མཚོ་འཕགས་ལ་སྨི་4507ཡོད། རྔམ་བརྗིད་ལྡན་པའི་མེ་རི་དེ་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དང་རུ་ཝང་ཏ་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་སུ་ཡོད། རི་བོའི་བྱང་རྒྱུད་ཁོང་གོ་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་ཡོད་པའི་ཝེ་ལོན་ག་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་གཏོགས། དེ་ནི་འཕྱུར་མེད་མེ་རི་ཡིན་ཞིང་རི་ཟོམ་ལ་དུས་བཞིར་ཁ་བ་ཆགས་ཡོད། མེ་རིའི་འདབས་རོལ་དུ་ཤིང་སྣ་མང་པོ་འཛོམས་པའི་ནགས་ཚལ་སྟུག་པོས་བརྒྱན་ཞིང་སྤྲ་སོགས་སྲོག་ཆགས་མང་པོའི་བསྟི་གནས་ཆེན་པོ་ཞིག་ཀྱང་ཡིན། ཡུལ་གྱི་བཀོད་པ་མཛེས་ཤིང་མཐོང་ལམ་ཡངས་པས། ལོ་རེའི་ཟླ་དང་པོ་ནས་གསུམ་པ་དང་། ཟླ་བདུན་པ་ནས་བཅུ་པར་འཛམ་གླིང་ཡུལ་ཕྱོགས་སོ་སོའི་གནས་སྐོར་བ་མང་པོ་གནས་འདིར་ཐོན་ཞིང་། ཁཱ་ལི་ཞིན་བྷི་མེ་རིའི་སྟེང་འགོས་ཏེ་ཡུལ་འདིའི་སྣོད་བཅུད་ཀྱི་མཛེས་པ་ཉམས་སུ་མྱོང་བཞིན་ཡོད།
བྷོ་ཡོ་མཱ་རྦབ་ཆུ་ནི་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་གནས་སྐོར་མཛེས་ལྗོངས་ཤིག་ཡིན། དེའི་མིང་གཞན་ལ་གྷི་སང་ག་ཎི་རྦབ་ཆུ་ཞེས་ཀྱང་བྱ། རྦབ་ཆུ་དེ་ནི་ཁོང་གོ་རྒྱལ་ཁབ་ཀྱི་བྱང་ཤར་རྒྱུད་ཀྱི་ཁོང་གོ་གཙང་པོའི་སྟོང་རྒྱུད་དུ་ཡོད་ཅིང་། གྷི་སང་ག་ཎི་ནས་ཝོ་པིན་ཏའོ་བར་གྱི་གཙང་པོའི་སྨི་སྟོང་100ཅན་གྱི་ཁུགས་སོར་གནས་པའི་རིམ་པ་བདུན་ཅན་གྱི་རྦབ་ཆུས་གྲུབ་ཅིང་། རྦབ་ཆུའི་གཟར་ཚད་ལ་སྨི་60ཡོད། དར་དཀར་གྱི་ཡོལ་བ་འཐེན་འདྲའི་རྦབ་ཆུའི་མཛེས་ཉམས་ཀྱིས་གནས་སྐོར་བ་མང་པོའི་ཡིད་སེམས་འཕྲོག་ཡོད་དོ། །
ཀ་རམ་བྷ་རྒྱལ་ཁབ་སྤྱི་གླིང་ནི་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་གནས་སྐོར་ལྗོངས་ཁུལ་ཡིན། སྤྱི་གླིང་དེ་ཁོང་གོ་རྒྱལ་ཁབ་ཀྱི་བྱང་ཤར་རྒྱུད་ཀྱི་མཐའ་མཚམས་སུ་ཡོད་པ་དང་། དེ་ནི་སྤྱི་ལོ་1983ལོར་བསྐྲུན་ཞིང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་4920ཡོད། སྤྱི་གླིང་དུ་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་དང་ཤག་ཤག་བཞུར་བའི་ཆུ་ཕྲན་སོགས་ལྷུན་ཆགས་པའི་རང་བྱུང་གི་བཀོད་པས་ཡོངས་སུ་བརྒྱན་པར་མ་ཟད། གླང་ཆེན་དང་བསེ་རུ། ཆུ་རྟ། ཤྭ་བ་སྐེ་རིང་སོགས་འོ་འཐུང་སྲོག་ཆགས་དག་ཀྱང་བག་ཡངས་སུ་རྒྱུ། གཞན་ད་དུང་གླང་ཆེན་འདུལ་ར་དང་གླང་ཆེན་གསོ་ས་སོགས་རང་བྱུང་ཁམས་དང་ཉེ་བར་བཅར་ནས་སྲོག་ཆགས་མི་འདྲ་བའི་རྒོད་གཤིས་དང་ཁྱད་ཆོས་ལ་རྒྱུས་ལོན་དང་མྱོང་རོལ་བྱེད་སའང་ཡོད་དོ། །
ཎི་ར་ཀོན་གྷི་མེ་རི་ནི་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་རི་གྲགས་ཆེན་ཞིག་ཡིན། མེ་རི་དེ་ནི་ཝེ་ལོན་ག་མེ་རི་ཁུལ་གྱི་ཆེས་འགྱུར་བག་རྒོད་པའི་མེ་རི་གྲས་ཀྱི་གཅིག་ལ་ངོས་འཛིན། དེ་ནི་ཁོང་གོ་རྒྱལ་ཁབ་ཀྱི་ཝེ་ལོན་ག་རྒྱལ་ཁབ་སྤྱི་གླིང་གི་ལྷོ་སྣེ་ན་ཡོད། མེ་རི་དེའི་མཚོ་འཕགས་ལ་སྨི་3470ཡོད་པ་དང་། མེ་རིའི་གས་ཁའི་ཚངས་ཐིག་ལ་སྨི་2000དང་། གཏིང་ཚད་ལ་སྨི་250ཡོད། མེ་རི་དེ་ལས་བྲག་ཞུན་མང་པོ་འཕྱུར་བས་རྔམ་བརྗིད་ལྡན་པའི་རང་བྱུང་གི་བཀོད་པ་གྲུབ་ཡོད། སྤྱི་ལོ་1977ལོར་མེ་རི་ཆེན་པོ་འཕྱུར་ཞིང་། ཆུ་ཚོད་གཅིག་གི་ནང་དུ་བྲག་ཞུན་སྨི་སྟོང་60བཞུར་བ་དེས་བྲག་ཞུན་བཞུར་ཚད་ཀྱི་འཛམ་གླིང་ཟིན་ཐོ་བརྒལ་བ་རེད།
ས་ལོན་གྷ་རྒྱལ་ཁབ་སྤྱི་གླིང་ནི་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞི་ཁྱོན་ཆེས་ཆེ་བའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན། སྤྱི་གླིང་དེ་ཁོང་གོ་གཞོང་སའི་དབུས་རྒྱུད་དུ་ཡོད་ཅིང་། སྤྱི་ལོ་1970ལོར་བསྐྲུན། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་3.6ཡོད། གནས་དེ་ནི་ཚ་ཁུལ་ཆར་ནགས་གནམ་གཤིས་སུ་གཏོགས་ཤིང་། སྤྱི་གླིང་ཡོངས་ནགས་ཚལ་སྟུག་པོས་ཁེངས་ཡོད། ནེ་ཙོ་དང་གླང་ཆེན་སོགས་ཚ་ཁུལ་གནམ་གཤིས་ལ་འཕྲོད་པའི་སྲོག་ཆགས་མང་པོ་གནས་འདིར་རང་གར་རྩེན་ནོ། །