2026ལོའི་ཟླ་3པར། “ལོ་ལྔའི་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་སྟེ་སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་གཏོད་བྱེད་པའི་འགག་རྩའི་མཚམས་ཚིགས་སུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལ་འདེམས་ཤོག་མང་པོ་ཐོབ་ནས་གྲོས་འཆམ་བྱུང་བ་རེད། འདི་ནི་ང་ཚོའི་ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་ནས་ལེགས་འགྲུབ་བྱུང་བའི་མིག་དཔེ་དང་།
དུས་རབས་གསར་པའི་མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་དོན་ཆེན་ཞིག་ཡིན་པས། ཏག་ཏག་དུས་དང་འཕྲད་པར་མ་ཟད། དུས་ཀྱི་འཁོར་ཕྱོགས་དང་། འཕེལ་རྒྱས་ལ་མཁོ་བ། དམངས་སེམས་གཏད་ཕྱོགས་བཅས་དེ་བས་ཀྱང་ཡིན།
དུས་རབས་གསར་པའི་ཏང་གིས་མི་རིགས་ལས་དོན་ཁྲོད་ཐོབ་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་གྱི་ཁྲིམས་འཛུགས་ཕྱོགས་བསྡོམས།
ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ལོ་ངོ་བརྒྱ་ལྷག་གི་རིང་། ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་ཀྲུང་གོའི་མི་རིགས་གནད་དོན་གྱི་དོན་དངོས་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཤིང་། ལག་ལེན་དང་འཚོལ་ཞིབ་ཁྲོད་ཏང་གི་མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཅིག་བཏོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཟུང་འབྲེལ་གཉིས”མཐའ་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་གྲུབ་ཅིང་། ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པར་མཛུབ་སྟོན་གནང་། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་གྱི་མཛུབ་ཁྲིད་འོག་ས་གནས་ཁག་གིས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་པས་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་དཔེ་མཚོན་དང་རྩ་ཆེའི་ཉམས་མྱོང་རབ་དང་རིམ་པ་ཆགས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བྱེད་ཐབས་ལ་བརྟེན་ནས་མི་རིགས་ལས་དོན་ཁྲོད་ཏང་ལ་ཐོབ་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་དེ་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་སེམས་ཤུགས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན།
ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། དེ་ཉིད་ཆབ་སྲིད་ཀྱི་ལས་འགན་དང་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད། 2025ལོའི་ཟླ་8པའི་ཚེས་29ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་དགོངས་ཞུ་སྐོར་ལ་གྲོས་བསྡུར་གནང་བ་དང་འབྲེལ་རྩ་དོན་ཐོག་མོས་མཐུན་ཡང་གནང་བ་རེད། མ་ཟིན་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ཐེངས་གཉིས་བྱས་པ་དང་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་བརྒྱུད། ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་ཡོད། 2026ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་ཆེད་ཁྲིམས་སྐྱོང་གི་འགན་ལེན་སྟོབས་ཆེན་མཁོ་འདོན་བྱས་ཡོད།
དུས་རབས་གསར་པའི་མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན་ལྡན་པའི་བཅའ་ཁྲིམས་ཤིག་ཡིན་པའི་ཆ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་དེ་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་གོ་རིམ་བརྒྱུད། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་དང་ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འདུ་ཤེས་གལ་ཆེན་དེ་རྒྱལ་ཁབ་ཀྱི་འདོད་བློར་རིམ་སྒྱུར་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་བྱེད་སྟངས་ལ་བརྟེན་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཐད་གྲུབ་པའི་རྩ་ཆེའི་ཉམས་མྱོང་དང་གྲུབ་འབྲས་གལ་ཆེན་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་མི་རིགས་ཁག་གི་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་ཁྱད་ཆོས།
རང་རྒྱལ་གྱི་རྩ་ཁྲིམས་ནི་མི་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཀྱི་སྤྱིའི་གཞི་འཛིན་ས་དང་སྤྱིའི་འབྱུང་ཁུངས་ཡིན་ཞིང་། རྩ་ཁྲིམས་ནང་མི་རིགས་ཀྱི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་གཏན་འབེབས་དོན་ཚན་20ལྷག་ཡོད། 2018ལོའི་རྩ་ཁྲིམས་དག་བཅོས་འཆར་ཟིན་ནང་“ཀྲུང་ཧྭ་མི་རིགས”ཐོག་མར་རྩ་ཁྲིམས་ནང་བཀོད་པ་དང་། “མི་རིགས་ཁག་གི་འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས”ཞེས་གཏན་འབེབས་ཁ་གསལ་བྱས་ཏེ། དུས་རབས་གསར་པར་མི་རིགས་ཀྱི་ལས་དོན་ཐག་གཅོད་དང་མི་རིགས་ཀྱི་ལས་དོན་སྤེལ་བར་རྩ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་བྱེད་པར་རྩ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་སྔར་ལས་ཁ་གསལ་ཡང་མཁོ་འདོན་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱིས་རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་དོན། དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། གླེང་གཞི་བཀོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཆགས་པ་དང་འཕེལ་རྒྱས་གཏོང་ཚུལ་གསལ་འགྲེལ་བྱས་པ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་སྐོར་གྱི་ཆབ་སྲིད་ལངས་ཕྱོགས་གསལ་བསྒྲགས་བྱས་པ། སྤྱིའི་དོན་ཚན་གྱི་འགོ་རྩོམ་སར“རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན”ཞེས་གསལ་སྟོན་བྱས་པ། དོན་ཚན་གྱི་ནང་དོན་ཁྲོད་རྩ་ཁྲིམས་ཀྱི་མི་རིགས་ཁྱབ་ཁོངས་འབྲེལ་ཡོད་གཏན་འབེབས་ཀྱི་ལམ་ལུགས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ། རྩ་ཁྲིམས་དང་ཁྲིམས་ལུགས་གཞན་དག་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།
ཁྲིམས་འཛུགས་ནུས་པའི་སྟེང་ནས་བལྟས་ན། ཁྲིམས་འདི་ནི་སྐུལ་འདེད་རང་བཞིན་གྱི་ཁྲིམས་འཛུགས་ལ་གཏོགས། དོ་དམ་རྣམ་པའི་ཁྲིམས་འཛུགས་དང་ཁེ་དབང་འོས་འགན་གཏན་འཁེལ་དང་། དབྱེ་མཚམས་གཏན་འཁེལ་རྩོད་གླེང་མི་འདྲ་བ་དང་། སྐུལ་འདེད་རྣམ་པའི་ཁྲིམས་འཛུགས་ནི་ལམ་ལུགས་ཇུས་འགོད་བརྒྱུད་དེ། དར་སྤེལ་དང་སྣེ་ཁྲིད་སོགས་ཀྱི་རྣམ་པས་རྒྱལ་ཁབ་ཀྱི་འདོད་བློ་ལག་བསྟར་བྱེད་པ་གཙོ་བོར་འཛིན་དགོས། སྐུལ་འདེད་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱིས་གཤམ་གསལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནི“ཚད་ལྡན”དང་“གཅུན་སྡོམ” “དར་སྤེལ” “སྐུལ་ལྕག”བཅས་ཀྱི་ཚད་གཞི་སྟངས་འཛིན་ཡག་པོ་བྱེད་དགོས། སྐུལ་འདེད་རང་བཞིན་གྱི་ཁྲིམས་འཛུགས་ལ་ཚོད་འཛིན་ནུས་པ་འདང་ངེས་ཤིག་རྒྱུན་འཁྱོངས་བྱེད་དགོས་ལ། སྤྱི་ཚོགས་འཚོ་བའི་རང་བདག་བར་སྟོང་ལ་ཐེ་གཏོགས་ཚད་ལས་བརྒལ་བ་ཡང་བྱེད་མི་རུང་བ་དང་། ལམ་ལུགས་ཇུས་འགོད་ཐད་ཐེ་གཏོགས་ཀྱི་མཐའ་མཚམས་དང་ཚད་གཞི་ཁོང་དུ་ཡང་དག་ཆུད་དགོས་པའི་བླང་བྱ་བཏོན་ཡོད། དཔེར་ན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་གྱི་བྱ་སྤྱོད་བཟོ་མཁན་ལ་བཅའ་ཁྲིམས་དེས་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་པོ་བཟོས་ནས་བཅའ་ཁྲིམས་ཀྱི་འགྱུར་མེད་རང་བཞིན་མངོན་པར་བྱས་ཡོད་པ་དང་། མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་སོགས་དགེ་མཚན་ལྡན་པའི་ལས་དོན་ལ་སྣེ་ཁྲིད་རང་བཞིན་གྱི་ཚད་གཞི་གཙོ་བོར་འཛིན་པ་དང་། སྐུལ་སློང་དང་། དཔེ་སྟོན། དཔྱད་དཔོག་སོགས་མཉེན་གཤིས་ལམ་སྲོལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོས་རང་འགུལ་ངང་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱེད་དགོས། གཉིས་ནས“འབྲེལ་བ་བཞི”ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། བཅའ་ཁྲིམས་དེས་ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་ཀྱི་འབྲེལ་བ། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་ཀྱི་འབྲེལ་བ། དངོས་པོ་དང་བསམ་པའི་འབྲེལ་བ་བཅས་ཁོང་དུ་ཡང་དག་ཆུད་པ་རྒྱུན་འཁྱོངས་དང་། མི་རིགས་ལས་དོན་གྱི་ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་དང་། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བཟོད་སྒོམ་བྱེད་པའི་ལས་ཀའི་རྩ་དོན་དོན་འཁྱོལ་བྱས་ཏེ། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཁྱད་ལྡན་ངང་ཟུང་སྦྲེལ་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གོང་བུ་གཅིག་ཏུ་འགྲིལ་བ་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། གསུམ་ནི་ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་དང་ས་གནས་ཀྱི་ལག་ལེན་བར་གྱི་སྦྲེལ་མཐུད་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། བཅའ་ཁྲིམས་དེས་གཏན་འཁེལ་བྱས་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་ཀྱི་དགོས་མཁོ་དེ་ས་གནས་ཀྱི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་ནས། “ཞིང་ཆེན་དང་།
རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་དང་ཆུས་བཙུགས་པའི་གྲོང་ཁྱེར། རང་སྐྱོང་ཁུལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱས་ཆོག”པ་གསལ་པོར་བཏོན་ནས། ས་གནས་ཁག་གི་ཁྲིམས་འཛིན་ཐད་ཡུལ་བབ་དང་བསྟུན་པའི་བར་སྟོང་བཞག་ཡོད།
ཞིབ་ཕྲའི་ནང་དོན་ཐད། བཅའ་ཁྲིམས་དེས“གླེང་གཞི+ལེའུ་7”གྱི་དཔེ་མཚོན་སྤྱད་པ་དང་ཁྱོན་དོན་ཚན་65ཡོད་པས་གཏན་ཚིགས་ཀྱི་རིམ་པ་གསལ་པོ་མངོན་ཡོད། བཅའ་ཁྲིམས་དེ་ནི་ལོ་30ལྷག་ཙམ་རིང་གླེང་གཞི་བཀོད་སྒྲིག་བྱས་པའི་བཅའ་ཁྲིམས་དང་པོ་དེ་ཡིན་པ་དང་། དུས་རབས་གསར་པའི་ཁྲིམས་འཛུགས་རྣམ་པའི་ཐོག་གི་གསར་གཏོད་གལ་ཆེན་ཞིག་རེད། སྤྱིའི་དོན་ཚན་ནང་། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི“ངེས་པར་དུ་བྱེད་དགོས་པ་བཅུ་གཉིས”ཀྱི་ལྟེ་བའི་དོན་སྙིང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད་པ་དང་། དོན་ཚན་གྱི་ནང་དོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་གནད་འདི་ཁོང་དུ་དམ་པོར་ཆུད་པ་དང་། ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་དང་ལམ་ལུགས་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་པ་དང་། འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ནས་འབྲེལ་ཡོད་གཏན་འབེབས་བཟོས་ཡོད། བཅའ་ཁྲིམས་ཧྲིལ་པོ་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཁྲིམས་འཛུགས་བསམ་ཕྱོགས་སུ་ཁྱབ་པར་བྱས་ཏེ། རིན་ཐང་སྣེ་ཁྲིད་དང་། ཕན་ཚུན་ཕྲ་ཞིབ་མཉམ་འདྲེས། དཔལ་འབྱོར་འཕེལ་རྒྱས། ཁེ་དབང་འགན་སྲུང་སོགས་ཀྱི་ནང་དོན་སྡེབ་སྒྲིག་དམ་ཚགས་བྱས་ཏེ། འཕྲེད་ཚད་མང་བ་དང་ཁྱབ་ཁོངས་ཡོངས་ཀྱི་ལམ་ལུགས་སྒྲོམ་གཞི་འཛུགས་པ་དང་། སྔོན་ཆད་མི་རིགས་ལས་དོན་གྱི་འབྲེལ་ཡོད་ལས་ཀའི་ཁྲོད་གནས་པའི"ལས་རིགས་དང་ས་གནས་ཀྱིས་བཅད་བཟུང་"དང་། ལས་ཀའི་འགྲིལ་ཤུགས་ཆགས་དཀའ་བ་སོགས་ཀྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། མཉམ་སྒྲུབ་རང་བཞིན་དང་མ་ལག་རང་བཞིན་གྱི་ཁྲིམས་འཛུགས་ལ་བརྟེན་ནས་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ཆུ་ཚད་དེ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤྱི་ཡོངས་ནས་མཐོར་འདེགས་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བ་སྟེ། དཔེར་ན། “རྒྱལ་དར་དང་། རྒྱལ་གླུ། རྒྱལ་རྟགས་སོགས་རྒྱལ་ཁབ་ཀྱི་མཚོན་རྟགས་དང་མཚོན་བྱེད་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་དགོས”ཞེས་གཏན་འབེབས་བྱས་པ་དེ་རྒྱལ་དར་སྐོར་གྱི་བཅའ་ཁྲིམས་དང་། རྒྱལ་གླུའི་སྐོར་གྱི་བཅའ་ཁྲིམས། རྒྱལ་རྟགས་སྐོར་གྱི་བཅའ་ཁྲིམས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་གྱི་བཅའ་ཁྲིམས་བཅས་ཁྲོད་ཀྱི་འབྲེལ་ཡོད་ནང་དོན་དང་གཞོགས་འདེགས་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་ཀྱི་མཚོན་རྟགས་འདི་དག་ནང་དོན་གལ་ཆེན་དུ་བརྩིས་ནས། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྣེ་ཁྲིད་བྱས་ཡོད། “རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ”ནན་བསྟན་བྱས་པ་དང་། སློབ་གྲྭ་དང་སློབ་གསོའི་ལས་ཁུངས་གཞན་དག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་གཞི་རྩའི་སློབ་གསོའི་སློབ་ཁྲིད་དུ་སྤྱོད་པའི་སྐད་ཡིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་གཞུང་དོན་དུ་སྤྱོད་པའི་སྐད་ཡིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཀྱི་རྩ་བའི་རེ་བ་དང་ཕན་ཚུན་རམ་འདེགས་བྱ་རྒྱུ་གཏན་འབེབས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་དང་གཟེངས་བསྟོད་སོགས་ཀྱི་ནང་དོན་ཁ་གསལ་བཟོས་པ་དང་འབྲེལ་ལོ་རེའི་ཟླ་9པའི་གཟའ་འཁོར་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་གཟའ་འཁོར་དུ་གཏན་འཁེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་དེ་དེ་བས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་གྱི་ལག་ལེན་དུ་སྐུལ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་དེ་སྤྱི་པའི་ཁེ་ཕན་དུ་བརྩིས་པར་མ་ཟད་བཅའ་ཁྲིམས་ཐོག་དམིགས་བསལ་གྱི་སྲུང་སྐྱོང་བྱེད་དབང་སྤྲད་པ་དང་། ཞིབ་དཔྱོད་ལས་ཁུངས་ལ་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་སྤྱི་ཕན་གཏུག་བཤེར་བྱེད་པའི་དབང་ཆ་སྤྲད་པ་སྟེ། མི་སྒེར་རམ་རྩ་འཛུགས་གང་རུང་ཞིག་གིས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བར་ཁྲིམས་འཛིན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་དང་།
མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བླང་བྱ་དེ“གཅུན་སྡོམ་མཉེན་མོ”ནས“གཅུན་སྡོམ་མཁྲེགས་པོར”འགྱུར་བར་བྱས་ཏེ། བཅའ་ཁྲིམས་འདི་དངོས་གནས་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་དང་བརྩི་སྲུང་བྱེད་པར་སྐུལ་འདེད་བཏང་བ།
བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པ་དང་། བཅའ་ཁྲིམས་བཟང་པོ་ནི་རྒྱལ་ཁབ་སྐྱོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་བཟོས་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་མི་རིགས་ལས་དོན་ཁྲོད་ཏང་ལ་ཐོབ་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་དེ་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མི་རིགས་ལས་དོན་བཅོས་སྐྱོང་ཁྱབ་ཁོངས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་དང་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ཁྲིམས་ལུགས་ཀྱི་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱེད་ངེས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བར་ཡུན་རིང་ཞིང་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་ངེས་སོ། །