
སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་བརྐོས་བརྙན།
ཁྲོན་བོད་དང་མཚོ་བོད་གཞུང་ལམ་འདི་གཉིས་ཀྱིས་མཐའ་མཚམས་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོ་གཉིས་དམ་པོར་སྦྲེལ་ཡོད་དེ། འདི་ནི་དངོས་ལུགས་ཐོག་གི་གཞུང་ལམ་ཙམ་དུ་མ་ཟད། རྔུལ་ཁྲག་དང་ཚེ་སྲོག་གིས་བརྩིགས་ནས་གྲུབ་པའི“སེམས་སྦྲེལ་ལམ”ཞིག་ཀྱང་ཡིན་པ་སྟེ། དེ་ཡིས་རྒྱ་བོད་མི་དམངས་གཉིས་ཀྱི་སེམས་པ་དམ་པོར་སྦྲེལ་བ་རེད།

དཀར་མཛེས་མཁར་གྲོང་།
འདི་ལྟར་བཤད་དགོས་དོན་ཅི་ཡིན་ནམ་ཞེ་ན། དེའི་རྒྱུ་མཚན་ནི་ལམ་འདི་ཉིད་འབྱུང་བའི་གོ་རིམ་ནང་དུ་སྦས་ཡོད་པ་དང་། དཀའ་སྡུག་ལ་མི་སྐྲག་པ་དང་འཆི་བ་ལ་མི་སྐྲག་པ། དཀའ་སྤྱད་འབད་བརྩོན་དང་ལམ་རྡོ་བྱེད་ཕོད་པ། དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་གྱི“ལམ་གཉིས”སྙིང་སྟོབས་ནང་དུ་སྦས་ཡོད་པ་ང་ཚོས་སེམས་པའི་གཏིང་རོལ་ནས་ཚོར་ཐུབ།

རྒྱལ་ལམ་214ཡི་བོད་ལྗོངས་སྨར་ཁམས་ཆ་ཚན་ཁའི་ལམ་དུམ།
1950ལོར། ཀྲུང་གོ་གསར་པ་ཉམས་པ་ཀུན་གསོ་བྱེད་པར་བསྒུགས་ནས་ཡོད་ཅིང་།བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་སྔར་བཞིན་བཀས་བཀོད་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་ནང་དུ་མནར་གཅོད་མྱོང་བཞིན་ཡོད། ཏང་ཀྲུང་དབྱང་གིས“ཕྱོགས་གཅིག་ནས་དམག་དཔུང་སྐྱོད་པ་དང་ཕྱོགས་གཅིག་ནས་ལམ་སྐྲུན་པའི”འཐབ་ཇུས་གཏན་འཁེལ་བྱས་ཏེ། དམག་དཔུང་བཅོ་བརྒྱད་པའི་འཐབ་མོ་བས་སྐབས་ཐོག་བཀའ་རྒྱ་དང་དུ་བླངས་ནས་ཁྲོན་བོད་གཞུང་ལམ་སྐྲུན་པའི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར། ཁོ་ཚོའི་མིག་མདུན་དུ་ཡོད་པ་ནི་མཚོ་འཕགས་སྨི་4000ཡན་གྱི་གངས་རི་བཅུ་བཞི་དང་དྲག་ཏུ་འབབ་པའི་གཙང་པོ་16ཡིན་ཞིང་། དེའི་ནང་གི་ཁྲོ་ལ་རི་བོའི་མཚོ་འཕགས་ལ་སྨི་6168ཡོད་པས། “ཁྲོན་བོད་ས་ཆའི་ཆེས་མཐོ་བ་དང་ཁྲོན་བོད་ས་ཆའི་ཆེས་ཉེན་ཁ་ཆེ་བ”ཞེས་འབོད། ང་ཚོའི་སེམས་སུ་དྲན་ཕོད་པ་ཞིག་ཀྱང་མིན་རུང་། འཐབ་མོ་བ་ཚོས་ཚིག་བདེ་མོ་ཞིག་སྤྱད་ནས་བརྗོད་ཡོད་དེ། “སྡོད་སའི་མཐོ་ཚད་ལ་སྨི་5000ཡོད་ཅིང་། གཉིད་སའི་གཟར་ཐུར་ལ་ཏུའུ་30ཡོད། ནམ་ཟླ་དྲོད་ཚད་ཀླད་ཀོར་མན་གྱི་ཏུའུ་30ཡིན་ཞིང་། ཆུ་ཁོལ་གདུ་ཚད་ཏུའུ་70རེད། འོན་ཀྱང་། ང་ཚོའི་ངལ་རྩོལ་སྤོབས་པ་ཏུའུ་100ཡིན།” ཁྲོན་བོད་གཞུང་ལམ་ཧྲིལ་པོའི་ནང་དུ། འཐབ་མོ་བ་3000ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་། ཕལ་ཆེར་ལམ་ཐག་སྤྱི་ལེ་གཅིག་གི་ནང་དུ་འཐབ་མོ་བ་རེའི་བློ་དཀར་གྱི་རྣམ་ཤེས་རེ་ཡོད།
ལམ་སྐྲུན་དཔའ་བོ་ཀྲང་ཧྥུ་ལིན་ནི་བློ་དཀར་གྱི་རྣམ་ཤེས་ཁྲི་སྟོང་ནང་གི་གཅིག་ཡིན་པར་མ་ཟད། ང་ཚོའི་ས་ཆ་བཟང་པོའི་ཐོག་གི་ཕོ་མོ་མང་པོའི་སེམས་ནང་གི་ཉམས་མེད་ཀྱི་རྡོ་རིང་ཞིག་ཀྱང་ཡིན། ཁོང་ནི་བྱས་རྗེས་ཆེན་པོ་ཡོད་པའི་མེ་མདའ་སྦག་སྦག་རྒྱག་མཁན་ཞིག་ཡིན་ནའང་། ལས་གནས་སྤར་ཏེ་ལམ་སྐྲུན་བྱ་བའི་ནང་ལ་ཞུགས་རྗེས། འགད་གཏོར་ལག་རྩལ་ལ་ཞིབ་འཇུག་ནན་མོ་བྱས་ཏེ“སྒྱོགས་ཆེན་གཏོང་ཐབས”བཏོད་པ་དང་།དེའི་ལས་ཕྱོད་རྒྱལ་ཁབ་ཚད་གཞི་ལས་ལྡབ་260ཡིས་བརྒལ་བ་རེད། ཡིན་ནའང་། ལས་སྒྲུབ་བྱེད་སྐབས། ཁོ་ལ་རྦབ་རྡོ་ཕོག་སྟེ་རྨས་པ་དང་། རྨས་སྐྱོན་ལྕི་བའི་སྐབས། ཁོས་སྒོར་མོ་རྙིང་པ་45000བླངས་ཏེ་ཆེས་མཐའ་མཇུག་གི་ཏང་དངུལ་སྤྲད་པར་མ་ཟད། སྨན་བརྒྱག་རྒྱུ་བཀག་སྟེ“མེས་རྒྱལ་གྱི་ཆེད་དུ་གྲོན་ཆུང་བྱོས་ཤིག”ཅེས་ཀྱང་བརྗོད་པ་རེད། འཐབ་གྲོགས་ཀྱིས་ཁོའི་ཤུལ་དངོས་བདག་ཉར་བྱེད་དུས། སྐེ་ཚེའི་ས་བོན་ཤོག་ཐུམ་ལྔ་ལས་ཅི་ཡང་མེད་པ་དང་། ཁོ་བོ་གསོན་ནས་ཡོད་དུས། བོད་རིགས་སྤུན་ཟླ་ལ་སྔོ་ཚོད་ཟ་ཐུབ་པར་བྱས་ཏེ་བདེ་སྐྱིད་ཀྱི་ས་བོན་མཐོ་སྒང་ནས་རྩ་བ་རྒྱས་པར་བྱ་རྒྱུ་ཡིན་ཞེས་བཤད་མྱོང་། ང་ཚོས་རྟག་ཏུ་བསམ་རྒྱུར། ཀྲང་ཧྥུ་ལིན་མེད་ཀྱང་། སྐེ་ཚེའི་ས་བོན་ཤོག་ཐུམ་ལྔ་པོ་འདི་ནི་ཐོག་མའི་ས་བོན་དུ་གྱུར་ཅིང་། མཐོ་སྒང་གི་ས་ཆར་བཏབ་པར་མ་ཟད། ད་དུང་མང་ཚོགས་ཀྱི་སེམས་ནང་དུའང་བཏབ་ཡོད།
གལ་ཏེ། ཀྲང་ཧྥུ་ལིན་གྱིས་ཚེ་སྲོག་སྤྱད་ནས་ས་བོན་བཏབ་པ་ཡིན་ན། དམག་དཔུང་བཅོ་བརྒྱད་པ་ཡིས་ལྕགས་ལྟ་བུའི་སྒྲིག་ལམ་གྱིས་མི་སེམས་དྲོ་བར་བྱས་ཡོད། དམག་དཔུང་ལ་སྔ་གཞུག་ཏུ་འབྲུ་རིགས་དཀོན་པའི་གནས་ཚུལ་ཐེངས་གསུམ་ལ་བྱུང་མྱོང་ཞིང་། ཐ་ན་ཆེས་དཀའ་དུས་སྔོ་རིགས་དང་རྩི་ཤིང་གི་རྩྭ་བ་ཟ་བ་སོགས་བྱུང་ནའང་། སྔར་བཞིན“དམངས་ཁྱིམ་དུ་མི་འགྲོ་བ་དང་དགོན་པ་རུ་མི་སྡོད་པ། ཁབ་དང་སྐུད་པ་ཙམ་ཡང་མི་ལེན་པ”ཡི་སྒྲིག་ལམ་ནན་གྱིས་བསྲུངས་པ་རེད། འཐབ་མོ་བའི་ཕོ་བ་ལྟོགས་ཡོད་ནའང་། ཟ་འབྲུ་ཞིང་བྲན་ལ་སྟེར་བ་དང་། མང་ཚོགས་ཀྱི་ནད་ལ་ལྟ་བ་དང་འཐུང་ཆུ་ལེན་པ། ཞིང་ལས་ལས་པ་སོགས་ཀྱི་རོགས་རམ་བྱེད་པ་ཡིན། སེམས་པ་དཀར་པོས་བར་ཐག་གཏོར་བ་སྟེ། བོད་རིགས་སྤུན་ཟླ་ཡིས་རང་འགུལ་ངང་ནོར་གནག་རུ་ཁག་དང་ཁུར་འདེགས་རུ་ཁག་བཙུགས་ཏེ་གངས་རི་རྒལ་བ་དང་ཆུ་བོ་སྒྲོལ་བ་སོགས་ཀྱིས་དངོས་པོ་ཁུག་མ་རེ་རེ་བཞིན་དུ་རྒྱུན་ཆད་མེད་པར་ལམ་སྐྲུན་ལས་གནས་སུ་བསྐྱལ་ཡོད། དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་འདི་འདྲ་ཡིས་མཁའ་ལམ་འདི་ཉིད་སེམས་ལམ་ངོ་མ་ཞིག་ཏུ་འགྱུར་བར་བྱས་ཡོད།
སྙིང་སྟོབས་ལ་ལོ་ཟླའི་དབང་གིས་འགྱུར་བ་ཅི་ཡང་བྱུང་མེད། ཀྲང་ཧྥུ་ལིན་བཞུགས་དུས་ཀྱི“ཀྲང་ཧྥུ་ལིན་འཛིན་གྲྭ”ཡིས་ད་ལྟའི་བར་དུ་མེས་རྒྱལ་གྱི་མཐའ་མཚམས་བསྲུངས་ནས་ཡོད་ཅིང་། དཔའ་བོའི་དར་ཆ་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད། ཁྲོན་བོད་གཞུང་ལམ་ཐོག་ཏུ། སྙིང་སྟོབས་འདི་ནི་མི་ཕལ་པ་མང་པོའི་བརྟན་སྲུང་བྱེད་པའི་ཡུལ་དུ་གྱུར་ཡོད་དེ། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་མི་སྣ་ཁྲེང་ཏེ་ཧྭ་དང་“དུས་རབས་ཀྱི་མིག་དཔེ”འཆི་མེད་རྡོ་རྗེ་སོགས་ལྟ་བུ། ངའི་མིག་ནང་དུ། སྤྱིར་བཏང་གི་ལས་གནས་སུ་བརྟན་སྲུང་བྱེད་པའི་མི་འདི་དག་ནི་དུས་རབས་གསར་པའི་ཀྲང་ཧྥུ་ལིན་རེད།
ད་སྐབས། ཁྲོ་ལ་རི་བོའི་ཕུག་ལམ་དང་གཡག་དར་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ། ཁམས་དར་ཟམ་ཆེན་བཅས་སྔ་གཞུག་ཏུ་བསྐྲུན་ནས་གྲུབ་པ་དང་། དཀར་མཛེས་ཁུལ་གྱི་མཐོ་སྒང་དམངས་སྤྱོད་གནམ་ཐང་གསུམ་ཤར་གཏོང་བྱས་པ་ལས་སྔོན་ཆད་ཀྱི་གནམ་མཐའ་དེ་ཉིད་འགྲིམ་འགྲུལ་བདེ་བ་ཞིག་ཏུ་གྱུར་ཡོད། འགྲིམ་འགྲུལ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུ་བྱུང་བ་ཡིས་ཐོན་ལས་དར་བར་བྱས་པ་དང་། རིགས་སོ་སོའི་མང་ཚོགས་དབུལ་ཕོངས་ལས་ཐར་ཏེ་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་རོལ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཇེ་བརྟན་དང་ཇེ་སྲ་རེད།
“ལམ་གཉིས”ནི“སེམས་སྦྲེལ་ལམ”གྱི་དྲིས་ལན་ཡིན་པ་མི་གསལ་རང་གསལ་རེད། ང་ཚོས་དེ་ཉིད་ནི“མང་ཚོགས་ཀྱི་ལག་ནས་ཁབ་དང་སྐུད་པ་ཙམ་ཡང་མི་ལེན་པའི”སྒྲིག་ཁྲིམས་ནང་དང་། “རྒྱལ་ཁབ་ལ་སྨན་རྫས་གཅིག་ཙམ་ཡང་གྲོན་ཆུང་བྱེད་པའི”བབ་ཆགས་གཤིས་རྒྱུད་ནང་། ནོར་གནག་རུ་ཁག་གིས་རི་བོ་བརྒལ་ནས་འབྲུ་རིགས་སྐྱེལ་བའི་རྒྱབ་གཟུགས་ནང་བརྐོས་འདུག་པ་ཚོར་ཡོད། ཁྱོད་ཀྱིས་སེམས་པ་དཀར་པོ་དེ་མི་དམངས་ལ་སྤྲད་ན། མི་དམངས་ཀྱིས་ད་གཟོད་སེམས་པ་དཀར་པོ་དེ་ཁྱོད་ལ་སྤྲོད་སྲིད་དེ། འདི་ནི“ལམ་གཉིས”ཀྱིས་སེམས་པ་སྦྲེལ་བའི་གསང་ཨང་ཡིན། །