
ཀོང་པོ་ཀླུ་ནང་བཀྲ་ཤིས་སྒང་གྲོང་ཚོ།
སྤྱི་ལོ་2011ལོར་ཁམས་པའི་བརྙན་འཕྲིན་ཁང་གི་བྱམས་པའི་ཁ་བརྡ་ལེ་ཚན་དངོས་སུ་གཏོང་འགོ་བཙུགས། སྐབས་དེར་ལོ་ངོ་བཅུ་ཡི་རིང་དུ་བོད་འབྲེལ་ས་ཁུལ་གྱི་རྫོང་ཁག་ཡོད་ཚད་ལ་འགྲོ་ཐུབ་ན་དྲན་མྱོང་། རེད་དེ་ད་ལྟའི་བར་ལོ་ངོ་བཅོ་ལྔ་ཙམ་སོང་ཟིན་ན་ཡང་ང་ཚོ་བོད་ཁམས་ཀྱི་རྫོང་ཁག་ཕྱེད་ཀ་ཙམ་ལ་ཡང་འགྲོ་ཐུབ་མེད། ངོ་མ་མདོ་དབུས་ཁམས་གསུམ་ནི་ས་རྒྱ་ཆེ་ལ། རིག་གནས་ཀྱི་རྣམ་གྲངས་མང་བའི་གནས་མཆོག་ཅིག་རེད། ཁམས་པའི་བརྙན་འཕྲིན་ཁང་སྤྱི་ལོ་2009ལོར་གཏོང་འགོ་བརྩམས་པ་ནས་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོས་དགའ་བསུ་ཆེན་པོ་བྱས། འོན་ཀྱང་བར་སྐབས་ལོ་ངོ་བདུན་ཙམ་ལ་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ལེ་ཚན་བཟོ་བར་བར་ཆད་ཅུང་འོང་མྱངས། སྤྱི་ལོ་2022ལོ་ནས་བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་བཙལ་ནས་སླར་ཡང་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ལེ་ཚན་བཟོ་རྒྱུའི་གོ་སྐབས་བྱུང་བར་མ་ཟད། མཛེས་སྡུག་རི་བོ་ཆེ། གཙང་གསུམ་མེ་ཏོག་གླིང་ཞེས་པའི་ཐད་གཏོང་ཆེན་མོ་ནས་འགོ་བཙུགས་ཏེ། མཛེས་པའི་ཀོང་པོ་རྒྱ་མདའ། དུས་བཞིར་མེ་ཏོག་བཞད་འདྲ་ཞེས་པའི་སྔ་ཕྱི་གཉིས་ཀྱི་ཁམ་བུའི་མེ་ཏོག་དུས་ཆེན་ཀྱི་ཐད་གཏོང་ཆེན་མོ་དང་། སྤུ་རྒྱལ་གྱི་ཕ་ས། ཁམ་བུའི་མེ་ཏོག་གི་ཞིང་ཁམས་ཞེས་པའི་སྤོ་བོ་རྫོང་གི་ཐད་གཏོང་ཆེན་མོ་སོགས་ལེགས་གྲུབ་ཡག་པོ་བྱུང་བར་མ་ཟད། བོད་རང་སྐྱོང་ལྗོངས་ཏང་ཨུ་འགོ་ཁྲིད་ཀྱིས་ཁམས་པའི་བརྙན་འཕྲིན་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་སོགས་ལ་གདེང་འཇོག་མཐོན་པོ་བྱས། མེ་ཏོག་རྫོང་ནི་མཐའ་ཁུལ་གྱི་རྫོང་ཞིག་དང་། རྒྱལ་ཡོངས་ཀྱི་ཆེས་ཐ་མའི་རྫོང་ཐོག་ཏུ་གཞུང་ལམ་བསྐྲུན་པའི་རྫོང་ཞིག་ཡིན་པས་སྔ་མོ་ཞིག་ནས་གནས་དེ་ན་བྱམས་པའི་ཁ་བརྡ་བྱ་རྒྱུའི་རེ་འདོད་ཆེན་པོ་ཡོད། ལས་ཤིག་ཡོད་ན་ལམ་ཞིག་ཡོད་ཅེས་གསུངས་པ་ལྟར་ཏག་ཏག་2025ལོའི་ཟླ་11པའི་ཚེས་18ཉིན་ཉིང་ཁྲི་ས་ཁུལ་གྱི་རིག་གནས་པ་གྲགས་ཅན་རྒན་ཕུར་བུ་རྡོ་རྗེ་དང་། ལྷོ་པའི་རིག་གནས་ཆེད་མཁས་རྒན་སྐལ་བཟང་། ལས་གྲོགས་ཁག་གཅིག་དང་མཉམ་དུ་ཡུན་རིང་རེ་སྒུག་བྱས་པའི་མེ་ཏོག་རྫོང་དུ་སླེབས་ནས་དགུན་དུས་ཡུལ་སྐོར། མེ་ཏོག་རྫོང་དུ་སྐྱིད་ཅེས་པའི་ཐད་གཏོང་དང་བྱམས་པའི་ཁ་བརྡ། ཨ་ཁུ་བྱམས་པའི་འཕྲིན་སྟེགས་ཀྱི་བརྙན་ཐུང་སོགས་ལས་པའི་གོ་སྐབས་བཟང་པོ་བྱུང་།
མཇལ་དཀའ་བའི་གནམ་ལྕགས་འབར་བ།
གྲོང་ཁྱེར་ཁྲེང་ཏུའུ་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་གཉིས་མ་ཟིན་ཙམ་འཕུར་རྗེས་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་སླེབས། བྲག་ཡིབ་ནས་རྒན་ཕུར་བུ་རྡོ་རྗེ་དང་། རྒན་སྐལ་བཟང་གཉིས་བསུས་རྗེས་ཐད་ཀར་སྤོ་བོར་འགྲོ་བའི་ལམ་དུ་བསྐྱོད། ལམ་ཟུར་གཡས་གཡོན་ལྗོན་ཤིང་སྣ་ཚོགས་ཀྱིས་མགོ་བོ་དུད་དེ་བསུ་མ་བྱེད་པ་དང་འདྲ་ལ། གྱ་གྱུའི་ལམ་ཕྲན་མང་པོ་བརྒྱུད་དེ་གསེར་སྐྱེམས་ལ་མགོར་སླེབས་དུས་བརྗིད་ཆགས་ཡིད་དབང་འཕྲོག་པའི་རི་བོ་གནམ་ལྕགས་འབར་བ་མཇལ་བྱུང་། གསེར་སྐྱེམས་ལ་ནས་ཡར་མར་ཐེངས་བདུན་བརྒྱད་ཙམ་སོང་ཟིན་ན་ཡང་དེ་རིང་མ་གཏོགས་འདི་འདྲའི་གནམ་གཤིས་དྭངས་པ་དང་། རི་བོ་གནམ་ལྕགས་འབར་བ་གསལ་ལྷང་ལྷང་མཇལ་བའི་སྐལ་བ་མ་བྱུང་། རླངས་འཁོར་ལས་བབས་ཏེ་པར་དང་བརྙན་ལེན་ཞོར་རྒན་ཕུར་བུ་རྡོ་རྗེ་ལགས་ལ་རི་བོ་གནམ་ལྕགས་འབར་བའི་སྐོར་ནས་སྐད་ཆ་ཁ་ཤས་ཤིག་དྲིས་པ་ཡིན། རི་རྒྱལ་ལྷུན་པོ་ལྟ་བུའི་གནམ་ལྕགས་འབར་བ་ནི་ཧི་མ་ལ་ཡའི་ཤར་སྣེ་ན་གནས་པ་དང་། བོད་ཀྱི་རི་བོ་མཛེས་ཤོས་གྲགས་ཅན་བཅུ་ཡི་དང་པོར་བདམས་ཡོད། དེ་ནི་མེ་ཏོག་རྫོང་དང་། སྨན་གླིང་རྫོང་། བྲག་ཡིབ་ཆུས་བཅས་ཀྱི་བར་དུ་ཆགས་པའི་རྒྱུན་དུ་སྨུག་སྤྲིན་ཁྲོད་དུ་གནས་པ་དང་། བརྗིད་ཉམས་དང་ལྡན་པ། མཇལ་དཀའ་བ། མཇལ་ན་ཡིད་དབང་འཕྲོག་པ་ཞིག་རེད། རི་བོ་གནམ་ལྕགས་འབར་བའི་མཐོ་ཚད་མཚོ་འཕགས་སྨི་7782ཡོད་པ་དང་།འཛམ་གླིང་གི་རི་བོ་མཐོ་ཤོས་ཨང་75པ་ཡིན། རི་བོ་གནམ་ལྕགས་འབར་བ་ཞེས་པའི་མིང་ལ་གོ་བ་ལེན་ཚུལ་འགའ་ཞིག་ཡོད། དེ་ཡང་དང་པོ་ནི། མེ་འབར་བ་དང་། གློག་འཁྱུག་པ། འབྲུག་གྲགས་པ་བཅས་དང་འདྲ་བའི་ཆ་ནས་རི་བོ་གནམ་ལྕགས་འབར་བ་ཞེས་མིང་ཐོགས་པ་དང་། གཉིས་པ་ནི། མཁའ་དབྱིངས་སུ་བསྣུན་པའི་མདུང་རིང་དང་འདྲ་བའི་ཆ་ནས་རི་བོ་གནམ་ལྕགས་འབར་བ་ཞེས་པའི་མིང་ཐོགས། གསུམ་པ་ནི། གནམ་ནས་ལྷུང་བའི་བྲག་རྡོའམ་ཐོག་ལྕགས་ཡིན་པའི་ཆ་ནས་མིང་དེ་ལྟར་ཐོགས་པ་རེད་གསུངས། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་མོན་གླིང་གཡུལ་འགྱེད་ཀྱི་ཁྲོད་དུ་གནམ་ལྕགས་འབར་བའི་རི་ཡི་རྩེ་མོ་ནི། མཁའ་དབྱིངས་སུ་བསྣུན་པའི་མདའ་རིང་ཞིག་དང་འདྲ་བར་བཀོད་འདུག་གསུངས་སོ། །
ཀོང་པོ་ཀླུ་ནང་།
གསེར་སྐྱེམས་ལ་ནས་རིམ་བཞིན་རྒྱལ་ལམ་318བརྒྱུད་དེ་སྤོ་བོའི་ཕྱོགས་སུ་སྤྱི་ལེ་30ཙམ་ཡོང་ན་མཛེས་སྡུག་ཡིད་དབང་འཕྲོག་པའི་ཀོང་པོ་ཀླུ་ནང་དུ་སླེབས། དེ་ཡང་རྒན་ཕུར་བུ་རྡོ་རྗེ་ལགས་ཀྱིས་གནའ་སྔ་མོ་ནས་ཁམས་དང་ཨ་མདོ་ས་ཆའི་གནས་སྐོར་པ་མང་པོ་གནས་འདིར་སླེབས་དུས་སྐྱིད་པོ་ཡོད་པས་ཀོང་པོ་ཀླུ་ནང་སླེབས་ན། ཨ་ཅོའི་ཕ་ཡུལ་བརྗེད་ཅེས་པའི་གཏམ་དཔེ་ཡོད། ཀླུ་ནང་ཞེས་པ་ནི་ཀླུ་ཡུལ་ལྟར་རྒྱུ་ནོར་འབེལ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་རེད། གནས་འདི་ནི་རྒྱལ་ཁབ་ཀྱི་4Aརིམ་པའིི་མཛེས་ལྗོངས་ཁུལ་ཡིན། སྟོད་དུ་གངས་རི་བརྗིད་ཉམས་ལྡན་ལ། བར་དུ་ནགས་ཀླུང་ཚང་ཚིང་འཁྲིགས་ཤིང་། སྨད་དུ་སྤང་ལྗོངས་མེ་ཏོག་གིས་བརྒྱན་པ་དང་། ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་མང་པོ་ལྡན་པས་ཉིང་ཁྲི་ས་ཁུལ་གྱི་ཡུལ་སྐོར་ལྟེ་གནས་ཤིག་ཀྱང་རེད། གནས་འདི་ན་མཚོ་འཕགས་ཉིས་སྟོང་ལྷག་ལས་མེད་པས་རྒྱལ་ཕྱི་ནང་གི་ཡུལ་སྐོར་པ་ཧ་ཅང་མང་ཞིང་།བཀྲ་ཤིས་སྒང་གི་དམངས་སྲོལ་རིག་གནས་དང་རྡོ་ཁོག་ཟ་མ་སོགས་ལ་སྐད་གྲགས་ཆེན་པོ་ཡོད། ཉིང་ཁྲི་བྲག་ཡིབ་ནས་སྤྱི་ལེ་70ཙམ་དང་སྤོ་བོ་ནས་སྤྱི་ལེ་100ལྷག་གི་མཚམས་སུ་གནས་ཡོད། གནས་འདི་ནས་ཀོང་པོ་ཡུལ་ལ་བསྟོད་པའི་གཞས་འདི་དྲན་བྱུང་། །
ཡུལ་ལ་ཀོང་པོ་སྐྱིད་པ། །
དེ་ལས་དྭགས་པོ་སྐྱིད་པ། །
དྭགས་པོ་ཤིང་སྣ་འཛོམས་པ། །
ཤིང་སྣ་འཛོམས་དང་མི་འཛོམས། །
བྱིའུ་ཆུང་ཁོང་ལ་དྲིས་ཤིག །
ལྷོ་པ་དང་མོན་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ་1964 ལོར་མོན་པ་མི་རིགས་དང་། 1965ལོར་ལྷོ་པ་མི་རིགས་ཞེས་པའི་མིང་བཏགས་ནས་གྲངས་ཉུང་མི་རིགས་ང་ལྔའི་གྲས་སུ་བརྩིས་པ་རེད་འདུག །མཁན་པོ་ཡོན་ཏན་ཕྲིན་ལས་ཀྱིས་གནས་འདིའི་ས་སྐྱེས་རྡོ་སྐྱེས་སམ་གདོད་མའི་མི་རིགས་ནི་བྱ་ར་ས་ཀློ་སྟོད་པ་དང་། ཀློ་སྨད་པ་ཀློ་ཁྲ་ཁྲའི་རིགས། ཀློ་གྲྭ་ནག་པ་སོགས་ཡིན་ཞིང་། ལྷོ་པ་ཞེས་པའི་མིང་འདི་ཐོག་མར་ཀློ་པ་ཡིན་པར་བཞེད། གཞན་རྒན་ཕུར་བུ་རྡོ་རྗེས་ངོ་སྤྲོད་བྱས་པར་ལྟར་ན། སྔོན་མར་མེ་ཏོག་རྫོང་གི་ས་ཁོངས་ནི་ལྷོ་པ་མི་རིགས་ཀྱི་སྡོད་གནས་ཡིན་ཞིང་། 1680ལོར(རྫོང་གི་ལོ་རྒྱུས་ནང་ཧ་ལམ་དུས་རབས་18པའི་དུས་དཀྱིལ་ཞེས་འཁོད་འདུག)ངག་ཚང་དང་ཕིག་ཚང་སོགས་ཀྱི་མོན་པ་ཁག་གཅིག་ས་ཆ་དེར་གནས་སྤོ་སྐབས་དང་ཐོག་ཡུལ་དེ་གའི་ལྷོ་པ་རྣམས་ཀྱིས་ཁོ་ཚོར་མཛའ་མཐུན་གྱི་སྒོ་ནས་སྣེ་ལེན་གཟབ་རྒྱས་བྱས་མོད། འོན་ཀྱང་ཕྱིས་སུ་གནས་སྤོ་མཁན་གྱི་མོན་པ་མང་དུ་ཕྱིན་པ་དང་སྦྲགས་མི་འབོར་ཡང་རིམ་བཞིན་འཕེལ། ལྷག་པར་དུ་ས་ཞིང་གི་བདག་སྐྱོང་དང་རི་དྭགས་རྔོན་པ་སོགས་ཕྱོགས་གང་ཅིའི་ཐད་ཕན་ཚུན་དབར་འགལ་ཟླ་མང་པོ་ཐོན་པས། མཐར་1792ལོར་འཐབ་རྩོད་ཆེན་པོ་ཞིག་བྱུང་བ་དང་། རྗེས་སུ་སྤོ་བོ་ཀཿགནམ་སྡེ་པའི་བཀོད་འདོམས་འོག་མོན་པ་དང་ལྷོ་པ་གཉིས་ཕན་ཚུན་གྲོས་མོལ་བརྒྱུད་འཆམ་མཐུན་བྱུང་ཡོད། སྤོ་བོ་ཀཿགནམ་སྡེ་པ་ནི་དོན་དངོས་ཀྱི་འཚོ་བའི་ཐོན་སྐྱེད་ནང་མོན་པར་ཕྱོགས་ཞེན་ཆེ་བས། རྒྱུན་དུ་ས་ཆ་བདག་སྐྱོང་བྱེད་པའི་དབང་ཆ་ནི་ལྷོ་པ་ལས་མོན་པ་ཆེ་བ་ཡོད། 1959ལོའི་ཟླ་8པར་ད་ལྟའི་སྨན་གླིང་རྫོང་ཕཌ་ཆུས་སུ་མེ་ཏོག་རྫོང་སྲིད་གཞུང་དངོས་སུ་བཙུགས་པ་དང་། 1967ལོར་བཅིངས་འགྲོལ་དམག་མེ་ཏོག་ཏུ་དཔུང་བསྐྱོད་བྱས་རྗེས་གཞི་ནས་ལས་དོན་ཁག་དངོས་སུ་སྤེལ་འགོ་ཚུགས་ཡོད། དེང་སང་མེ་ཏོག་རྫོང་ཡོངས་སུ་གཏན་སྡོད་མི་གྲངས་ཁྲི་གཅིག་དང་སྟོང་བཞི་ལྷག་ཡོད་པ་ལས་མོན་པ་བརྒྱད་སྟོང་ལྷག་དང་། ལྷོ་པ་ཆིག་སྟོང་བཞི་བརྒྱ་ལྷག་ཡོད་འདུག །སྤྱིར་ང་ཚོས་ཁ་བརྡ་ལབ་དུས་བོད་སྐད་ཀྱིས་བརྡ་སྤྲོད་ན་མི་གོ་བ་ཆེས་མི་འདུག་ལ། འདི་ན་ཡོད་པའི་མོན་པ་དང་ལྷོ་པ་ཚོས་རང་གི་ཡུལ་སྐད་བཤད་ཤེས་པར་མ་ཟད་བོད་སྐད་དང་རྒྱ་སྐད་ཀྱང་བཤད་ཤེས་འདུག །མོན་པའི་བུ་མོ་བཀྲ་ཤིས་སྒྲོལ་མ་དང་། ལྷོ་པའི་ཕོ་སར་བསོད་ནམས་བཀྲ་ཤིས་བཅས་དང་མཉམ་དུ་མདོ་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་ཁོང་ཚོའི་སྐད་ཆ་མང་པོ་ཞིག་ནི་བོད་སྐད་དང་གཅིག་པའམ་ཉེ་བ་སྟེ། དཔེར་ན་རྒྱལ་རོང་སྐད་དང་། དྭགས་པོའི་སྐད་ལྟ་བུ་རེད། ཉིང་ཁྲི་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་གཙོ་བཞུགས་རྒན་སྐལ་བཟང་ལགས་ཀྱིས་ལྷོ་པའི་རིག་གནས་དང་ཡུལ་སྲོལ་སྐད་དང་བཅས་པ་ཉམས་ཆག་འགྲོ་བཞིན་པར་སེམས་ཁྲལ་ཆེན་པོ་གནང་གི་འདུག །དེང་སང་རྒྱལ་ཡོངས་སུ་ལྷོ་པ་མི་གྲངས་སུམ་སྟོང་ལྷག་ལས་ཡོད་མ་རེད་གསུངས། ལྷོ་པའི་ཆ་ལུགས་2008ལོར་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བཞག་ནས་སྲུང་སྐྱོབ་བྱེད་བཞིན་ཡོད་ཀྱང་འཚོ་བའི་ཁྲོད་དུ་ལྷོ་པའི་ཆ་ལུགས་བྱེད་མཁན་ཧ་ཅང་ཉུང་། ལྷོ་པའི་ཆ་ལུགས་རྒྱུ་ཆ་གཙོ་བོ་ནི་སྨྱུག་མ་དང་དོམ་གྱི་པགས་པ། ར་སྤུའི་གོས། གཟིག་གི་མཆེ་བ་བརྒྱུས་པའི་གྲི་ཐག་དང་གྲི། མེ་ཆ། ཁ་ཤའི་པགས་པའི་ཕྱི་ཁེབས་སོགས་གདོད་མའི་བྲོ་བ་ཆེ་ཞིང་། སྟོད་གོས་ཕུ་མེད་རེ་ཡོད་མེད་ཅི་རིགས་ལ་ཁོག་སྨད་གཅེར་བུར་གསང་འགེབ་བཅིངས་ནས་མགོ་ལ་སྦ་ཞྭ་གོན་ཞིང་མདའ་གཞུ་གྲི་མདུང་སོགས་མཚོན་ཆའི་རིགས་འཁྱེར་བ་འདུག །སྔོན་ཆད་ལྷོ་པ་ཚོ་རྐང་རྗེན་མ་འགྲོ་བས་རྐང་པའི་ཤ་ནི་རྡོ་ལྟར་སྲ་མོ་ཡིན་རེད་གསུངས། དེ་བཞིན་ལྷོ་པའི་ཆང་གཞས་སོགས་དམངས་གླུ་མང་པོ་ལེན་རྒྱུ་འདུག་པས་གླུ་ལེན་གར་རྩེད་ལ་དགའ་བ་ཡང་ང་ཚོ་གཅིག་པ་རེད། མོན་གྱི་ཆ་ལུགས་ནི་དེང་སང་གི་འབྲུག་ཆས་དང་གཅིག་པ་སྟེ། ཕོ་མོ་གཉིས་ཀས་མགོ་ཤུབས་གྱོན་ལ། བུད་མེད་ཚོས་འགའ་ཁྲ་མགོ་ཤུབས་ཟེར་བ་ཞིག་གོན་སྲོལ་འདུག །གཙོ་བོ་རས་ཆས་རེད་འདུག །མོན་གྱི་ཟ་མ་སྐད་གྲགས་ཅན་ཞིག་ནི་སྨྱུག་སྡེར་ནང་དུ་ལྒ་བསྲེས་ཀྱི་འབྲས་དང་ཚོད་མ་དག་ལག་ཟ་བྱེད་པ་དེ་རེད། མོན་གྱི་གླུ་བྲོ་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་ན་ཡང་དེང་སང་ལོ་གཞོན་ཚོས་དོ་སྣང་བྱེད་མཁན་ཉུང་ཉུང་རེད། རིན་ཆེན་བཀྲ་ཤིས་དང་ཆོས་སྒྲོན། དགྲ་འདུལ་སོགས་ཀྱིས་མོན་གྱི་གླུ་བྲོ་མང་པོ་ཤེས་པར་མ་ཟད་ང་ཚོས་མཉམ་དུ་མོན་བྲོ་གངས་སྟོད་མཐོན་པོ་ཟེར་བ་ཞིག་ཀྱང་འཁྲབ།
འོ་ན་མེ་ཏོག་རྫོང་གང་དུ་ཡོད།
སྤྱིར་དེང་སང་སྤོ་བོ་ནས་མེ་ཏོག་ཏུ་ཡོང་སའི་ལམ་གཅིག་དང་། སྨན་གླིང་རྫོང་ནས་ཐད་ཀར་མེ་ཏོག་རྫོང་དུ་ཡོང་སའི་གཞུང་ལམ་གཅིག་ཡོད་པ་རེད་གསུངས། ཡིན་ན་ཡང་དེང་སང་འགྲུལ་པ་མང་ཤོས་དེ་སྤོ་བོ་རྫོང་ནས་ལམ་ཡིག་ཞུས་ཏེ་ཚེས་པ་ཆ་ལ་མེ་ཏོག་རྫོང་དུ་ཡོང་བ་དང་ཚེས་པ་ཡ་ལ་མེ་ཏོག་ནས་ཕར་འགྲོ་བཞིན་འདུག །རྫོང་མི་དམངས་སྲིད་གཞུང་ནས་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་བར་སྤྱི་ལེ་757ཙམ་དང་། ཉིང་ཁྲི་གྲོང་ཁྱེར་གནས་སའི་བྲག་ཡིབ་ཆུས་བར་སྤྱི་ལེ་347ཙམ། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་དབར་སྤྱི་ལེ་117ཙམ་ཡོད། 2013ལོའི་ཟླ་10པའི་ཚེས་31ཉིན་མེ་ཏོག་རྫོང་ལ་གཞུང་ལམ་དངོས་སུ་བསྐྲུན་ཐུབ་པ་བྱུང་། རྫོང་དེའི་ས་བབ་མཐོ་ཚད་ནི་མཚོ་འཕགས་སྨི་1200དང་ལོ་རེའི་ཆ་སྙོམས་དྲོད་ཚད་ནི་16℃ཟིན་ཞིང་།
རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་31394.67ཡོད་པའི་ནང་རང་རྒྱལ་གྱིས་དོན་དངོས་ཐོག་ཚོད་འཛིན་བྱེད་མུས་ཡིན་པའི་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་11950ཙམ་ལས་མེད། རྫོང་གི་ཤར་ངོས་བསྟན་པ་ཆུ་བོའི་འབབ་ཁུངས་ནི་རྫ་ཡུལ་རྫོང་དང་འབྲེལ་ཞིང་། ལྷོ་ངོས་ཀྱི་སྦ་ཤི་ཁ་ཞེས་པ་རྒྱ་གར་གྱི་ས་མཚམས་དང་འབྲེལ་བ། ལྷོ་ནུབ་ཀྱི་སུ་པན་ཤི་ལི་ཆུ་བོ་རྒྱུག་ཁུལ་ནི་ལྷོ་ཁའི་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་གཉིས་ཀྱི་ས་དང་འབྲེལ་བ། ནུབ་ངོས་དང་ནུབ་བྱང་གི་རྒྱུད་ནི་སྨན་གླིང་རྫོང་དང་བྲག་ཡིབ་ཆུས་གཉིས་ཀྱི་ས་དང་འབྲེལ་བ། བྱང་ངོས་ནི་སྤོ་བོ་རྫོང་དང་ས་འབྲེལ་ཡིན། བོད་ཤར་ལྷོའི་མཚམས་སུ་གནས་པའི་ལྷོ་ཡུལ་ཁུལ་ཞེས་བྱ་བའང་ས་ཆ་དེར་བརྗོད་པ་ཡིན་ཞིང་། ས་བབ་དམའ་ལ་གནམ་གཤིས་ཚ་བ་ཆེ་བས། ཁུལ་དེ་ནི་བོད་ས་མཐོའི་ཆེས་དམིགས་བསལ་ཅན་གྱི་ཚ་ཁུལ་ཞིག་ཡིན། དགུན་དུས་རི་རྩེར་ཁ་བ་ཕྲན་ཙམ་འབབ་པ་ལས་དེ་མིན་གྱི་ནམ་དུས་སུ་ཆར་པ་ཁོ་ན་ལས་མི་འབབ་པ་དང་། ནམ་དུས་བཞི་ཀར་དབྱར་དང་མཚུངས་པར་རི་ཀླུང་ཚང་མ་གཡུ་ལོ་རྒྱས་པའི་ལྗོན་ཤིང་སྣ་བརྒྱས་ཡོངས་སུ་བཏུམས་ཤིང་གང་སར་དྲི་ངད་ཞིམ་པོ་འཐུལ་བ། འཁྲི་ཤིང་འབྲས་བཟང་གང་སར་བཟའ་རྒྱུ་ཡོད་པ། དར་དཀར་དགུང་ལ་འཕྱར་འདྲའི་རྦབ་ཆུ་གང་སར་མཐོང་རྒྱུ་ཡོད་པ། གཅན་གཟན་རི་དྭགས་ཀྱི་ངར་སྐད་དང་བྱ་བྱེའུ་སྣ་ཚོགས་ཀྱི་གྲེ་འགྱུར་གང་སར་ཐོས་རྒྱུ་ཡོད་པ་སོགས་ཆེས་ཕུལ་དུ་བྱུང་བའི་རང་བྱུང་ཁོར་ཡུག་ཡོད་པ་སོགས། མཛེས་སྡུག་ཡིད་དབང་འཕྲོག་པའི་ཞིང་ཁམས་དེ་ནི་འཇིག་རྟེན་བྱེད་པོས་ཆེད་དུ་བསྐྲུན་པ་དང་ཀུན་ནས་མཚུངས་སོ། །
རིན་ཆེན་སྤུངས།
རིན་ཆེན་སྤུངས་ཞེས་ཐོས་པ་དང་ཆ་རྒྱུས་ཡོད་པ་འདྲ་ཞིག་དང་། ཡང་ན་མཇལ་འདོད་ཀྱི་འདུན་པ་དྲག་པོ་བྱུང་། སྤྱིར་མེ་ཏོག་རྫོང་ཞེས་པའི་མིང་དེ་སྙན་པར་མ་ཟད། མོན་ཚོ་ཁག་ལྔ་སྟེ། ཏམ་བུ་ཚོ། ཧོ་ར་ཚོ། སྦིས་སྤུངས་ཚོ། ས་དཀར་ཚོ། རྟ་རྔམ་ཚོ་ཞེས་མིང་རེ་རེའི་རྒྱབ་ན་གཏམ་རྒྱུད་རེ་དང་། དེ་བཞིན་བདེ་ཞིང་དང་། དགུ་ཐང་། དགའ་ལྡན། སྤང་ཞིང་། བྱ་ར་ས། སྟག་མོ། སྒོར་སྒོར་ཐང་། གླིང་མདོ་སོགས་ས་མིང་རེ་རེ་ཡང་ང་ལ་བཤད་ན་ཧ་ཅང་སྙན་པོ་འདུག །སྤྱི་ལོ་2025ལོའི་སྤྱི་ཟླ་11པའི་ཚེས་20ཉིན་ང་ཚོ་མེ་ཏོག་རྫོང་མཁར་ལས་སྤྱི་ལེ་6ལྷག་ཡོད་པའི་རིན་ཆེན་སྤུངས་དགོན་པ་ལ་སླེབས། གནས་པདྨ་བཀོད་ཀྱི་ལྟེ་གནས་སུ་ཆགས་པའི་དགོན་པ་འདི་ནི་ཁོར་ཡུག་ལྷིང་འཇགས་ལྡན་ཞིང་། ཚང་ཚིང་ལྗོན་ཤིང་ཚལ་དུ་བརྗིད་ཆགས་ངེར་བཞེངས་འདུག །རྒན་ཕུར་བུ་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་བྱས་པར་ལྟར་ན། རིན་ཆེན་སྤུངས་དགོན་པ་ནི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དང་། མེ་ཏོག་རྫོང་གི་ཡུལ་སྐོར་གྱི་གནས་མཆོག་གཅིག་རེད། དུས་རབས་བཅོ་བརྒྱད་པ་སྟེ་སྤྱི་ལོ་1796ཙམ་ལ་དྭགས་ལྷ་སྒམ་པོའི་གདན་རབས་གསུམ་པ་ཨོ་རྒྱན་འགྲོ་འདུལ་གླིང་པ་ཞེས་པའི་གཏེར་སྟོན་ཞིག་གིས་ཕྱག་བཏབ། གྲུབ་མཐའ་ནི་རྙིང་མ་ཡིན་ལ། རྟེན་གཙོ་ནི་གུ་རུ་རང་རིག་རྒྱལ་པོ་ཞེས་དགོན་པ་གཞན་ན་མཐོང་དཀོན་པ་དེ་རེད། དེ་བཞིན་རིག་དངོས་གཙོ་བོ་ནི་གཏེར་ལས་བླངས་པའི་མེ་ཏོག་པདྨ་འདབ་བརྒྱད་ཀྱི་དཀྱིལ་དུ་ཡོད་པའི་བདེ་མཆོག་སྐུ་དེ་རེད། འདབ་མ་རེ་རེ་ལ་ལྷ་མོ་རེ་རེ་ཡོད་པ། ཁ་ཟུམ་ན་མཆོད་རྟེན་ཡིན་པ། ཁ་ཕྱེ་ན་འདབ་བརྒྱད་ཀྱི་པད་མ་ཡིན། སྤྱིར་གནས་པདྨ་བཀོད་ནི་རྡོ་རྗེ་ཕག་མོ་གན་རྐྱལ་དུ་ཉལ་བའི་རྣམ་པ་ལས་ལྟེ་བ་སྤྲུལ་པའི་འཁོར་ལོའི་གནས་སུ་ཆགས་པས་ལྟེ་བ་རིན་ཆེན་སྤུངས་ཞེས་འབོད། དགོན་པ་ཆགས་སའི་རི་དེ་ལ་སྒྲོལ་མ་ལ་ཞེས་ཟེར་ལ། བསྐོར་ལམ་གྱི་གཡས་གཡོན་གང་སར་རང་བྱུང་གི་སྐུ་དང་། ཡི་གེ། སྒྲུབ་ཕུག་སོགས་ངོ་མཚར་ཆེ་བའི་གཏམ་རྒྱུད་དང་མཛེས་ལྗོངས་རྨད་དུ་བྱུང་བ་འདུག་གོ། །
སྲོག་ཆགས་ཀྱི་གླིང་། རྩི་ཤིང་གི་ཚལ།
མེ་ཏོག་རྫོང་དུ་མོན་ལྷོ་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་ཟེར་བ་ཞིག་འདུག །སྟབས་ལེགས་པར་རྒན་ཕུར་བུ་རྡོ་རྗེ་དང་། རྒན་སྐལ་བཟང་། རྒན་ཡོན་ཏན་ཕྲིན་ལས་སོགས་དང་མཉམ་དུ་བཤམས་སྟོན་ཁང་དེར་སོང་དུས། ཨ་བྲ་ཆུང་ཡང་སུག་བཞི་ཚང་ཞེས་པའི་དཔེ་ལྟར་བཤམས་སྟོན་ཁང་རྒྱ་ཆེ་རྒྱུ་མེད་ཀྱང་། ཐོག་བརྩེགས་བཞི་ཅན་གྱི་བཤམས་སྟོན་ཁང་དེར་ལྷོ་མོན་གྱི་རིག་གནས་མང་པོ་མཇལ་རྒྱུ་འདུག །མཁན་པོ་ཡོན་ཏན་ཕྲིན་ལས་ཀྱིས་ངོ་སྤྲོད་པར་གཞིགས་ན། མེ་ཏོག་རྫོང་གི་མངའ་ཁོངས་སུ་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། མེ་ཏོག་རྫོང་ནི་རང་བྱུང་དངོས་མང་བཤམ་སྟོན་ཁང་དང་། སྐྱེ་དངོས་གཞི་རྒྱུའི་ཁམས་ཤིག་རེད་ཅེས་སྙན་པའི་གྲགས་པ་ས་ཕྱོགས་གང་སར་ཁྱབ་ཅིང་། ཚན་རྟོག་པས་མེ་ཏོག་ནི་འཛམ་གླིང་སྐྱེ་དངོས་གཞི་རྒྱུའི་བང་མཛོད་ལྟ་བུ་ཞིག་ཡིན་ཞེས་གདེང་འཇོག་མཐོན་པོ་བྱེད་ཀྱི་ཡོད། དེར་བྷང་གཱ་ལའི་སྟག་དང་དོམ། ནགས་གཟིག །སྤྲེའུ་མཇུག་རིང་། བྱི་ལ་དོམ་ཕྲུག །རྒྱ་གོ་ར། གཙོད་ཁྲ་ཐིག་ཅན། བྱ་གླག(གླག་ཁྲ)སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཡོད་པ་དང་། དེའི་ནང་ནས་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁོངས་སུ་ཐེ་བའི་སྲོག་ཆགས་རིགས་60ལྷག་ཙམ་ཡོད་པ་རེད་གསུངས། རྩ་ཆེའི་སྐྱེ་དངོས་གཙོ་བོར་སེང་ལྡེང་དཀར་དམར་དང་ཐང་ཤིང་ལུའོ་ཥན། ཥའེ་ནན་ཨ་འབྲས་སྦོམ་པོ། ལྕགས་སྒྲོན་ཤིང་། སྲོ་ལོ་ཤིང་། ནན་ཤིང་། ག་བུར་ཤིང་། རྒྱ་སྨུག་འབྲས་ཆུང་ཤིང་།
ང་ནག་ཤིང་(ཆུག་ཤིང་ཡང་ཟེར) སྦ་སྨྱུག་སོགས་ཡོད། མཛེས་པའི་མཐའ་གྲོང་། སྦས་ཡུལ་མེ་ཏོག་ཅེས་པའི་དྲིལ་བསྒྲགས་ལག་དེབ་ཏུ་མེ་ཏོག་རྫོང་དུ་རི་སྐྱེས་རྩི་ཤིང་4500ལྷག་དང་། རི་སྐྱེས་སྲོག་ཆགས་2500ལྷག་ཡོད་པ་བཀོད་འདུག །རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་ལས་རིམ་པ་དང་པོའི་རིགས་3དང་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ལས་རིམ་པ་གཉིས་པའི་རིགས་10ཡོད། དེ་བཞིན་ལྗོངས་རིམ་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་རིགས་14ཙམ་ཡོད། ཁུལ་དེའི་མངའ་ཁོངས་སུ་ཟིན་ཐོ་བཀོད་ཟིན་པའི་རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་མི་འདྲ་བ་457ཙམ་ཡོད་པའི་ནང་རི་སྐྱེས་འོ་འཐུང་སྲོག་ཆགས་རིགས་70དང་རི་སྐྱེས་བྱ་རིགས་སྲོག་ཆགས་རིགས་290དང་། སྐམ་རློན་གཉིས་ཆར་འཚོ་བའི་རི་སྐྱེས་སྲོག་ཆགས་རིགས་མི་འདྲ་བ་34རི་སྐྱེས་ལྟོ་འགྲོའི་སྲོག་ཆགས་རིགས་མི་འདྲ་བ་46རི་སྐྱེས་ཉ་རིགས་སྲོག་ཆགས་17བཅས་ཡོད་པར་མ་ཟད། ད་དུང་ཟིན་ཐོ་བཀོད་ཟིན་པའི་རི་སྐྱེས་འབུ་སྲིན་རིགས་2000ཡན་ཡོད་འདུག །དེ་བཞིན་མང་ཚོགས་ཀྱི་ཐོན་འབབ་གཙོ་བོ་ནི་ཆུ་འབྲས་དང་མ་རྨོས་ལོ་ཏོག །གྲོ། བྲ་བོ། མོན་རྒྱགས། བ་དམ། ཀུ་ཤུ། ཁམ་བུ། ཚ་ལུ་མ། ཤིང་འབྲས། ཉིང་མོང་།ངང་ལག །ཇ་ཤིང་། སྔོ་སྨན་རིགས་སྣ་ཚོགས། རྡོའི་ཁོག་མ་སོགས་ཁྱད་ལྡན་གྱི་ཡུལ་ཟོག་མང་པོ་ཡོད་འདུག་གོ །ཞེས་པ་ནི་ཨ་ཁུ་བྱམས་པས་ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་ལ་ཟུར་ལྟ་དང་། རྒན་ཕུར་བུ་རྡོ་རྗེ་སོགས་ལ་བཅར་འདྲི་བྱས་པའི་ནང་དོན་ལ་གཞི་བཅོལ། རང་ཉིད་དངོས་སུ་པད་མ་བཀོད་དུ་སོང་བའི་མཐོང་ཐོས་ཁག་དྲན་གསོའི་ཚུལ་དུ་2026ལོའི་ཟླ་1པོའི་ཚེས་1ཉིན་བྲིས་པ་དགེའོ། །