གླེང་གཞི།
གཞི་གྲངས་ལག་རྩལ་དང་འཕྲིན་སྦྱོར་གསར་པའི་ཁྱབ་སྤེལ་མ་ལག་མགྱོགས་མྱུར་ངང་ཁྱབ་གདལ་བྱུང་བར་བསྟུན་ནས། སྲོལ་རྒྱུན་དཔེ་སྐྲུན་ལས་རིགས་ཀྱི་རྣམ་པ་དང་། ཁྱབ་སྤེལ་ཐབས་ལམ། ཞབས་ཞུའི་རྣམ་པ་བཅས་ལ་གཏིང་ཟབ་པའི་འགྱུར་ལྡོག་བྱུང་ཡོད། ཤོག་བུ་དང་གྲངས་གཞིའི་མཉམ་འདྲེས། ཕྱོགས་ཡོངས་ཀྱི་འཕྲིན་སྦྱོར་ཁྱབ་སྤེལ་བཅས་ནི་དེང་རབས་དཔེ་སྐྲུན་གྱི་རྣམ་པ་གཙོ་བོར་གྱུར་ཡོད། བོད་ཡིག་དཔེ་སྐྲུན་ནི་མི་རིགས་རིག་གནས་འཛུགས་སྐྲུན་གྱི་ནང་དོན་གཙོ་གྲས་ཡིན་པས། གནའ་དཔེ་བསྡུ་སྒྲིག་སྲུང་སྐྱོང་དང་། སྐད་གཉིས་སློབ་གསོ་ཁྱབ་གདལ། དམངས་སྲོལ་རིག་གནས་རྒྱུན་འཛིན། སྲིད་ཇུས་དྲིལ་བསྒྲགས་བཅས་ཀྱི་ལས་འགན་གལ་ཆེན་ཞིག་འཁུར་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བོད་འབྲེལ་ས་ཁུལ་གྱི་རིག་གནས་དར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་ཡུལ་གལ་ཆེན་ཞིག་ཡིན།
དང་པོ། དེང་རབས་བོད་ཡིག་དཔེ་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་བབ།
ལས་རིགས་སྤྱིའི་ཐོག་ནས་བཤད་ན། དཔེ་སྐྲུན་ཚན་པ་མང་ཆེ་བས་མཉམ་འདྲེས་གསར་གཏོད་ཀྱི་འདུ་ཤེས་མི་འདང་བ་དང་། བསྒྱུར་བཀོད་གཙོ་བོར་བྱས་ཤིང་གསར་རྐྱང་སྨྱན་སྦྱོར་གྱི་ནང་དོན་མཐུན་སྦྱོར་བྱས་པ་ཉུང་། གྲངས་གཞིའི་ལག་རྩལ་དང་བོད་ཡིག་མ་ལག་གི་གྲ་སྒྲིག་མི་འདང་བ་དང་། སྟེགས་བུའི་མཐུན་སྦྱོར་དང་། ཞིབ་བཤེར་བཅོས་སྒྲིག་སོགས་ཀྱི་ལག་རྩལ་གྱི་ཞན་ཆ་རྒྱུན་ཆད་མེད་པར་གནས་བཞིན་ཡོད། ཁྲོམ་རའི་འདུ་ཤེས་ཞན་པས། ལས་རིགས་ཀྱི་རྣམ་པ་གཅིག་པ་དང་། ཁྲོམ་རའི་གཞི་ཁྱོན་གྱི་གཉེར་སྐྱོང་ནུས་པ་ཉམས་ཐག་བཅས་ཀྱི་གནད་དོན་དང་འཕྲད་བཞིན་ཡོད། མཉམ་འདྲེས་ལས་རིགས་ཀྱི་ཆེད་ལས་མི་སྣ་མི་འདང་བས། མཉམ་འབྲེལ་འཕྲིན་སྦྱོར་གྱི་ཐོན་རྫས་གསར་གཏོད་དང་ཐབས་ལམ་མཐོར་འདེགས་ལ་བར་ཆད་བཟོས་ཡོད། སྤྱིའི་ཐོག་བོད་ཡིག་དཔེ་སྐྲུན་ལ་གྲངས་གཞིའི་བསྒྱུར་བཀོད་ཡོད་ནའང་།
སྤུས་ཚད་མཐོ་བའི་དཔེ་མཚོན་ཅན་མེད་པ་དང་། ཁྱབ་སྤེལ་ཁྱབ་ཁོངས་ཡོད་ནའང་། ཤུགས་རྐྱེན་ཆེ་བ་མེད་པ། རྣམ་གྲངས་འཛུགས་སྐྲུན་བྱས་ནའང་། ལས་རིགས་མ་ལག་ཆ་ཚང་མེད་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ཡིན།
གཉིས་པ། དེང་རབས་བོད་ཡིག་དཔེ་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཀྱི་དོན་དངོས་དཀའ་ངལ།
གཅིག །ནང་དོན་མཉམ་འདྲེས་ཀྱི་རིམ་པ་ཉུང་ཞིང་། སྤུས་ཚད་མཐོ་བའི་གསར་རྐྱང་ཐོན་རྫས་མི་འདང་བ། ནང་དོན་ནི་དཔེ་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་ཤུགས་ཡིན། ད་ལྟ་བོད་ཡིག་དཔེ་སྐྲུན་མཉམ་འདྲེས་ནང་རྒྱུན་དུ་འགྱུར་བ་ཉུང་བའི་གནད་དོན་མངོན་གསལ་ཡིན་ཞིང་། དཔེ་སྐྲུན་ཚན་པ་མང་ཆེ་བས་སྲོལ་རྒྱུན་གྱི་ཤོག་བུའི་ཡིག་ཆ་རྣམས་ལས་ཀློག་དེབ་སོགས་སུ་བསྒྱུར་བཀོད་བྱས་པ་ཉུང་། སྤྱོད་མཁན་གྱི་རིམ་པ་དབྱེ་བའི་དགོས་མཁོ་བཅས་དང་ཟུང་འབྲེལ་གྱིས་གསར་རྩོམ་དང་ནང་དོན་བསྐྱར་སྒྲིག་བྱས་པ་མེད། ནང་དོན་གྱི་གྲུབ་ཚུལ་ཉམས་ཐག་ཡིན་པ་དང་། རྨང་གཞིའི་སློབ་དེབ་རིགས་ཀྱི་ནང་དོན་མང་ཆེ་བ་ཡིན། དུས་རབས་གསར་པའི་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་དང་། དམངས་འཚོའི་ཚན་རིག་སྤེལ་བ། གཞོན་སྐྱེས་ཀྱི་རིག་གནས། དུས་རབས་ཀྱི་སྲོལ་བཟང་གསར་པ་བཅས་ལ་ཟུང་འབྲེལ་བྱས་པའི་མཉམ་འབྲེལ་འཕྲིན་སྦྱོར་གྱི་ནང་དོན་སྐོར་མཐུན་སྦྱོར་བྱས་པ་ཉུང་། དེ་འདྲའི་རྣམ་པ་མི་འདྲ་བའི་ནང་དོན་ཐོན་སྐྱེད་བྱས་པ་ཡིས་ལོ་ན་མི་འདྲ་བ་དང་།ཤེས་བྱའི་རིམ་པ་མི་འདྲ་བའི་སྤྱོད་མཁན་གྱི་དགོས་མཁོ་སྐོང་མི་ཐུབ་པས། བོད་ཡིག་གི་མཉམ་འབྲེལ་འཕྲིན་སྦྱོར་གྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་སོགས་ཞན་པ་ཡིན།
གཉིས། བོད་ཡིག་གི་གྲངས་གཞིའི་ལག་རྩལ་གྱི་གྲ་སྒྲིག་མི་འདང་བ་དང་། མཉམ་འདྲེས་ཟབ་མོ་ཐུབ་པའི་རྨང་གཞི་མི་འདང་བ། རྒྱ་ཡིག་དཔེ་སྐྲུན་གྱི་གྲངས་གཞིའི་ལག་རྩལ་མ་ལག་ཕྱོགས་ཡོངས་ནས་དར་བར་བསྡུར་ན། བོད་ཡིག་གི་གྲངས་གཞིའི་ཆེད་ལས་ལག་རྩལ་འཕེལ་རྒྱས་ནི་ལྟོས་བཅས་ཀྱིས་དལ་བས། འདི་ནི་ལས་རིགས་ཟབ་མོ་མཉམ་འདྲེས་སུ་འགྲོ་བར་བར་ཆད་ཅིག་ཡིན། ཕྱོགས་གཅིག་ནས། ད་ལྟ་ཡོད་པའི་རིག་ནུས་ཀྱི་དག་སྒྲིག་དང་། འཕྲུལ་ཆས་ཀྱི་སྒྱུར་སྒྲིག །ཡི་གེ་ངོ་འཕྲོད་སོགས་ཀྱི་མ་ལག་གིས་བོད་ཡིག་གི་ཐུན་མིན་ཚིག་ཕྲེང་དང་། ཆེད་ལས་ཐ་སྙད། གནའ་དཔེ་བཅས་ངོ་འཕྲོད་པའི་ལག་རྩལ་རིམ་པ་དམའ་ལ། ཚིག་འཁྲུལ་བ་དང་། ལོག་སྒྲིག་སོགས་ཀྱི་གནད་དོན་འབྱུང་སྲིད་པས། གྲངས་གཞིའི་ནང་དོན་གྱི་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།
གསུམ། ཆེད་ལས་མི་སྣའི་གསོ་སྐྱོང་མི་འདང་བ་དང་། རིམ་བསྒྱུར་ནང་ཁག་གི་སྟོབས་ཤུགས་མི་འདང་བ། མཉམ་འདྲེས་འཕྲིན་སྦྱོར་དུས་སྐབས་ཀྱི་བོད་ཡིག་དཔེ་སྐྲུན་འཕེལ་རྒྱས་ལ་ཕན་ནུས་ཆེ་བའི་མི་སྣ་དགོས་ཏེ། དེ་བོད་ཡིག་གི་རིག་གནས་ལ་བྱང་ཆུབ་པ་དང་། སྲོལ་རྒྱུན་གྱི་རྩོམ་སྒྲིག་ནུས་པ་ལྡན་པ། གྲངས་གཞིའི་ལག་རྩལ་གྱི་བཀོལ་སྤྱོད། གསར་རྐྱང་འཕྲིན་སྦྱོར་གྱི་གཉེར་སྐྱོང་བསམ་བློ་བཅས་ལ་མཁས་པ་ཞིག་ཡིན་དགོས། ད་ལྟ་ལས་རིགས་ཀྱི་མི་སྣའི་གྲུབ་ཚུལ་ནི་ཕྱོགས་གཉིས་སུ་མངོན་ཏེ། སྲོལ་རྒྱུན་གྱི་རྒྱབ་ལྗོངས་ཡག་པོ་ཡོད་པའི་རྩོམ་སྒྲིག་པ་ནི་གནའ་དཔེ་བསྡུ་སྒྲིག་དང་། ཤོག་བུའི་རྩོམ་སྒྲིག་ལ་མཁས་ཀྱང་། བརྙན་ཐུང་གཏུབ་སྒྲིག་དང་། སྟེགས་བུའི་གཉེར་སྐྱོང། གྲངས་གཞིའི་ཐོན་རྫས་ཀྱི་འཆར་འགོད་བཅས་ཀྱི་ནུས་པ་མེད། དེ་དང་ཆབས་ཅིག་བོད་འབྲེལ་ས་ཁུལ་གྱི་ཤེས་ལྡན་པའི་མི་སྣ་ནང་འདྲེན་ནུས་ཤུགས་ཞན་པ་དང་། མི་སྣ་ཕྱི་ཤོར་གྱི་གནད་དོན་མངོན་གསལ་ཡིན་པས། དཔེ་སྐྲུན་མཉམ་འདྲེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བའི་འགལ་རྐྱེན་གཙོ་བོ་ཞིག་ཡིན།
བཞི། ཐོན་སྐྱེད་ལས་རིགས་སྣ་གཅིག་ཅན་དང་། ཁྲོམ་ར་ཅན་གྱི་རྒྱུན་མཐུད་ནུས་པ་ཉམ་ཐག་པ། ད་ལྟའི་དུས་སྐབས་སུ་བོད་ཡིག་དཔེ་སྐྲུན་མཉམ་འདྲེས་ནི་སྤྱི་པའི་རིག་གནས་ཞབས་ཞུ་དང་། སྤྱི་པའི་ཁྱབ་སྤེལ་གཙོ་བོར་བྱས་ཤིང་། ཁྲོམ་རའི་འཕེལ་རྒྱས་ཀྱི་བསམ་བློ་ཧ་ཅང་ཞན་པ་ཡིན། མཉམ་འདྲེས་ཀྱི་རྣམ་གྲངས་མང་ཆེ་བ་ནི་སྲིད་ཇུས་ཀྱི་གསབ་དངུལ་ལ་བརྟེན་ནས་འཛུགས་སྐྲུན་བྱས་པ་ཡིན་པས། ཐོན་རྫས་ཀྱི་རྣམ་པ་ནི་གྲངས་གཞིའི་ཀློག་དེབ་དང་། སྒྲ་ལྡན་ནང་དོན་གྱི་ཁྱབ་ཁོངས་ཙམ་ཡིན། གྲངས་གཞིའི་རིག་གནས་གསར་རྩོམ་དང་། དྲ་སྟེགས་སློབ་ཚན། རིག་གནས་ཀྱི་IPགསར་སྤེལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐོན་རྫས་སོགས་ཀྱི་ལས་རིགས་གསར་པའི་འཚོལ་ཞིབ་ནི་ཕལ་ཆེར་སྟོང་པ་ཡིན།
ལྔ། ཁྱབ་སྤེལ་གྱི་ཐོན་ཁུངས་ཕྱོགས་འཐོར་ཡིན་པ་དང་། འཕྲིན་སྦྱོར་ཕྱོགས་ཡོངས་ཀྱི་ཁྱབ་སྤེལ་མ་ལག་གྲུབ་མེད་པ། ད་ལྟ་བོད་ཡིག་དཔེ་སྐྲུན་གྱི་ཁྱབ་སྤེལ་ཐབས་ལམ་ནི་འཐུས་ཚང་མིན་པ་དང་། སོ་སོར་ཁ་བྲལ་བའི་ཁྱད་ཆོས་མངོན་གསལ་ཡིན། དཔེ་སྐྲུན་ཚན་པ་ཁག་གིས་རང་སོར་སྟེགས་བུ་དང་ཁ་པར་གཉེར་སྐྱོང་བྱེད་པས། ཐོན་ཁུངས་འཐུས་ཚང་མིན་པ་དང་། ལས་རིགས་མཉམ་འབྲེལ་དང་མཉམ་འདྲེས་ཀྱི་ཁྱབ་སྤེལ་ལམ་ལུགས་མེད་པ་བཅས་ཀྱི་གནད་དོན་དང་འཕྲད་བཞིན་ཡོད། དྲ་སྟེགས་ཀྱི་ཁྱབ་སྤེལ་ལ་ཀློག་གྲངས་ཉུང་བ། སྟེགས་བུའི་ཁྱབ་གདལ་ཞན། ད་དུང་སློབ་གྲྭའི་སྡེབས་ཉོ་དང་། དཔེ་ཚོང་ཁང་། ལས་ཁུངས་ཉོ་སྒྲུབ་སོགས་ཀྱི་སྲོལ་རྒྱུན་གྱི་ཐབས་ལམ་ལ་བརྟེན་ཡོད་པས། མང་ཚོགས་ཀྱི་ཁྱབ་སྤེལ་གནས་ཚུལ་མི་འདང་བ་བཅས་ཀྱི་གནད་དོན་ཡོད།
གསུམ། བོད་ཡིག་དཔེ་སྐྲུན་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་ཕྱོགས།
གཅིག །ནང་དོན་གཙོ་བོར་འཛིན་པ་དང་། གྲངས་གཞི་ཅན་ནས་སྤུས་ལེགས་གསར་རྩོམ་ཕྱོགས་སུ་འགྱུར་བ་གཏོང་དགོས། དུས་རབས་གསར་པའི་བོད་ཡིག་དཔེ་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་ཕན་ནུས་ཆེ་བའི་ལས་དོན་ནི་ནང་དོན་ལེགས་སྒྱུར་དང་སྤུས་ཚད་མཐོ་རུ་གཏང་རྒྱུ་ཡིན། དཔེ་སྐྲུན་སྡེ་ཚན་གྱིས་གཞི་རྟེན་གྱི་གྲངས་གཞིའི་འགྱུར་བ་བསྒྱུར་བཀོད་དང་། རིམ་པ་དབྱེ་བ། སྤུས་ཚད་མཐོ་བའི་ནང་དོན་ཐོན་སྐྱེད་མ་ལག་བཅས་འཛུག་དགོས། ཕྱོགས་གཅིག་ནས། སྤུས་ཚད་ཅན་གྱི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་སྔོག་འདོན་བཏང་ནས་བོད་ཡིག་གནའ་དཔེའི་ཐོན་ཁུངས་ལ་མཉམ་འབྲེལ་འཕྲིན་སྦྱོར་གྱིས་བསྐྱར་སྒྲིག་བྱེད་དགོས་ཤིང་། རྒྱུན་ཤེས་ཀྱི་ངོ་སྤྲོད་དང་སྤུས་ཚད་ཡག་པོའི་ནང་དོན་བཟོ་དགོས། ཕྱོགས་གཞན་ནས། གསར་རྩོམ་ལ་ཤུགས་སྣོན་བརྒྱག་དགོས་ཤིང་བོད་འབྲེལ་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། དུས་རབས་གསར་པའི་མང་ཚོགས་འཚོ་བ་བཅས་ལ་དམིགས་ནས། དུས་རབས་རང་བཞིན་དང་མི་རིགས་ཀྱི་རང་བཞིན། རྒྱུན་ཤེས་རང་བཞིན་བཅས་ཟུང་འབྲེལ་བྱས་པའི་མཉམ་འདྲེས་འཕྲིན་སྦྱོར་གྱི་གསར་རྩོམ་སྤེལ་དགོས།
གཉིས། ལག་རྩལ་གྱི་ཆ་སྒྲིག་ནུས་པར་སྐུལ་འདེད་བྱས་ནས། བོད་ཡིག་གི་ཆེད་གཏོགས་གྲངས་ཀ་ཅན་གྱི་ལག་རྩལ་མ་ལག་འཛུགས་པ། བོད་ཡིག་གི་ལག་རྩལ་ཆ་སྒྲིག་ཞན་པའི་གནད་དོན་ལ་དམིགས་ནས། ཏང་སྲིད་དང་སློབ་གྲྭ་ཆེན་མོ། ཁེ་ལས་ཚན་པ་བཅས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ་དང་།
བོད་ཡིག་གི་ཆེད་ལས་གྲངས་གཞིའི་ལག་རྩལ་གསར་རྩོམ་ལ་མ་དངུལ་གྱི་མཉམ་ཞུགས་ཆེ་རུ་གཏོང་དགོས། བོད་ཡིག་གི་རིག་ནུས་ཞིབ་བཤེར་དང་། གནད་ལ་འཁེལ་བའི་དག་བཅོས། སྐད་གཉིས་ལོ་ཙཱ། སྐད་བརྡ་བཤེར་འབེབས་སོགས་ཀྱི་མ་ལག་རྒྱུན་མཐུད་ངང་ལེགས་སྒྱུར་གཏོང་དགོས་པ་དང་། ཡུལ་སྐད་ཀྱི་ཚིག་མཛོད་དང་།
ཆེད་ལས་མིང་མཛོད་འཐུས་ཚང་དུ་གཏོང་དགོས། བོད་ཡིག་གི་གྲངས་གཞིའི་དཔེ་སྐྲུན་ཐོན་རྫས་ཀྱི་རིམ་སྒྲིག་གི་ཚད་གཞི་དང་། ཞིབ་བཤེར་གྱི་ཚད་གཞི་བཅས་གཅིག་གྱུར་བྱས་ཏེ། སྟེགས་བུའི་ཆ་སྒྲིག་འཁྲུལ་བ་དང་། རྣམ་པ་འཁྲུལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། དེ་དང་ཆབས་ཅིག །གཞི་གྲངས་ཆེན་མོ་དང་མི་བཟོས་རིག་ནུས། གློག་རྩིས་སོགས་བེད་སྤྱོད་བྱས་ཏེ། གཅིག་འགྲིལ་ཅན་གྱི་བོད་ཡིག་གཞི་གྲངས་ཐོན་ཁུངས་མཉམ་སྤྱོད་སྟེགས་བུ་བསྐྲུན་ནས། ཐོན་ཁུངས་མཉམ་སྦྱོར་དང་། རིག་ལྡན་ཁྱབ་སྤེལ། ཕན་ཚུན་བགྲོ་གླེང་གི་དཔེ་ཀློག་སོགས་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས།
གསུམ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆེད་ལས་མི་སྣའི་དཔུང་ཁག་འཛུགས་དགོས། ཤེས་ལྡན་མི་སྣ་ནི་དཔེ་སྐྲུན་མཉམ་འདྲེས་བསྒྱུར་བཀོད་ཀྱི་རྩ་བའི་འདེགས་སྐྱོར་ཡིན། ལས་རིགས་ཀྱིས་གསོ་སྦྱོང་འཛུགས་པ་དང་། ཟབ་སྦྱོང་། ནང་འདྲེན། སྐུལ་སློང་བཅས་ཟུང་འབྲེལ་གྱི་མི་སྣའི་མ་ལག་འཛུགས་དགོས། མི་རིགས་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་ཆེད་ལས་ལ་བརྟེན་ནས། བོད་ཀྱི་རིག་གནས་དང་། དཔེ་སྐྲུན་རྩོམ་སྒྲིག །གྲངས་གཞིའི་ལག་རྩལ་བཅས་ཤེས་པའི་མི་སྣ་གསོ་སྐྱོང་བྱེད་དགོས། ད་ཡོད་ལས་གནས་ཁྲོད་ཀྱི་སྲོལ་རྒྱུན་རྩོམ་སྒྲིག་པར་དུས་བཀག་རང་བཞིན་གྱི་གྲངས་གཞིའི་སློབ་ཁྲིད་བྱས་ནས་སྲོལ་རྒྱུན་གྱི་རྩོམ་སྒྲིག་པ་ནས་འཕྲིན་སྦྱོར་ཅན་གྱི་རྩོམ་སྒྲིག་པར་འགྱུར་དགོས།
བཞི། ལས་རིགས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། སྤྱི་པའི་རང་བཞིན་མངོན་འགྱུར་དང་ཁྲོམ་རའི་གསོན་ཤུགས་གཉིས་ཕན་ཚུན་རམ་འདེགས་བྱེད་དགོས། བོད་ཡིག་དཔེ་སྐྲུན་ལ་སྤྱི་ཕན་རིག་གནས་ཀྱི་རང་བཞིན་དང་ཐོན་ལས་འཕེལ་རྒྱས་ཀྱི་རང་བཞིན་གཉིས་ཡོད་པས། ལས་རིགས་ཀྱིས་གཞི་རྟེན་བྱས་ཏེ། ཐོན་ལས་ཀྱིས་ནུས་པ་འདོན་དགོས་པའི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་འགན་སྲུང་བྱས་པའི་རྨང་གཞིའི་སྟེང་། ལས་རིགས་གསར་པ་དང་། ཁྲོམ་རའི་ཐོན་ལས་གསར་པ་ཟུང་འབྲེལ་གྱིས་དཔེ་སྐྲུན་ཐོན་ལས་ཀྱི་འབྲེལ་ཐག་རྒྱ་བསྐྱེད་དགོས། སྤུས་ཚད་ཡག་པའི་བོད་ཡིག་གི་ནང་དོན་ཐོན་ཁུངས་བེད་སྤྱོད་བཏང་ནས། གྲངས་གཞིའི་རིག་གནས་གསར་རྩོམ་དང་། སྐད་གཉིས་འགུལ་བརྙན། དྲ་སྟེགས་ཀྱི་སློབ་སྦྱོང་སློབ་ཚན། རིག་གནས་ཀྱི་ཐད་གཏོང་སོགས་ཀྱི་ཐོན་རྫས་གསར་གཏོད་བྱེད་དགོས། ནང་དོན་ལ་དངུལ་སྤྲོད་པ་དང་།
པར་དབང་གི་དབང་ཆ་སྤྲོད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་ཁྲོམ་རའི་གཉེར་སྐྱོང་གི་རྣམ་པ་འཚོལ་ཞིབ་བྱས་ཏེ་ལས་རིགས་ལ་གསོན་ཤུགས་བསྣན་དགོས།
ལྔ། ཁྱབ་སྤེལ་གྱི་ཐོན་ཁུངས་མཉམ་སྦྱོར་བྱས་ཏེ། ཁྱབ་ཁོངས་ཡོངས་ཀྱི་འཕྲིན་སྦྱོར་ཁྱབ་སྤེལ་གྱི་གནས་བབ་འཛུགས་དགོས། དྲ་ཐོག་དང་ཡུལ་དངོས་ཁྱབ་སྤེལ་གྱི་ཐོན་ཁུངས་ཟུང་འབྲེལ་གྱིས་གཅིག་གྱུར་རང་བཞིན་དང་ལངས་གཟུགས་ཅན་གྱི་བོད་ཡིག་དཔེ་སྐྲུན་གྱི་འཕྲིན་སྦྱོར་ཁྱབ་སྤེལ་མ་ལག་འཛུགས་དགོས། འཕྲིན་ཐུང་སྟེགས་བུ་དང་སྒྲ་ལྡན་སྟེགས་བུ། སྤྱི་འབྲེལ་སྟེགས་བུ། གྲངས་འཛིན་དཔེ་ཀློག་སྟེགས་བུ་བཅས་ཀྱི་ཐོན་ཁུངས་མཉམ་སྦྱོར་བྱས་ཏེ། སྤུས་ཚད་མཐོ་བའི་སྟེགས་བུ་མང་པོ་མཉམ་དུ་སྤེལ་དགོས། བོད་འབྲེལ་ས་ཁུལ་གྱི་སྤྱི་པའི་རིག་གནས་བར་སྟོང་ལ་ཟབ་ཞུགས་བྱས་ཏེ། དཔེ་མཛོད་ཁང་དང་། རིག་གནས་ཁང་། གྲོང་གསེབ་ཀྱི་རིག་གནས་ས་ཚིགས་བཅས་ལ་བརྟེན་ནས། གྲངས་འཛིན་དཔེ་ཀློག་གི་ཉམས་མྱོང་ཞབས་ཞུ་དངོས་སུ་འཁྱོལ་བ་བྱས་ཏེ། དྲ་སྟེགས་ཀྱི་ཁྱབ་སྤེལ་དང་ཡུལ་དངོས་ཀྱི་ཞབས་ཞུ་མཉམ་འདྲེས་ཟབ་མོ་འགྲོ་བར་སྐུལ་འདེད་གཏོང་དགོས།
མཇུག་སྡོམ།
མ་འོངས་པའི་བོད་ཡིག་དཔེ་སྐྲུན་ལས་རིགས་ཀྱིས་མི་རིགས་ཀྱི་རིག་གནས་ཁྱད་ཆོས་དང་། ལས་རིགས་འཕེལ་རྒྱས་ཀྱི་དཀའ་ངལ་གཙོ་བོ་བཅས་ལ་གཞིགས་ནས། སྤུས་ཚད་མཐོ་བའི་ནང་དོན་འཛུགས་སྐྲུན་གཙོ་བོར་འཛིན་པ་དང་། གྲངས་གཞིའི་ལག་རྩལ་གྱིས་ནུས་པ་སྐྱེད་པ། མི་སྣའི་དཔུང་ཁག་འཛུགས་སྐྲུན་རྨང་གཞི་བྱེད་པ། ཐོན་ལས་གསར་གཏོད་སྒུལ་ཤུགས་བྱེད་པ། ཁྱབ་ཁོངས་ཡོངས་ཀྱི་ཁྱབ་སྤེལ་དམིགས་ཡུལ་བྱེད་པ་བཅས་ཀྱི་སྟེང་། མུ་མཐུད་ནས་སྲོལ་རྒྱུན་དཔེ་སྐྲུན་དང་འཕྲིན་སྦྱོར་གསར་པའི་མཉམ་འདྲེས་ཇེ་ཟབ་ཏུ་གཏོང་བར་འབད་དགོས། མ་ལག་ཅན་གྱི་སྒྱུར་བཅོས་དང་གསར་གཏོད་མཐོར་འདེགས་བྱས་པ་བརྒྱུད་ནས་འཕེལ་རྒྱས་ཀྱི་བཀག་རྒྱ་གཏོར་ཏེ་མི་རིགས་རིག་གནས་ཀྱི་ཐོན་ཁུངས་གསར་སྤེལ་བྱས་ནས་གནའ་བོའི་བོད་ཀྱི་རིག་གནས་འདི་ཉིད་གྲངས་འཛིན་ཅན་གྱི་དུས་རབས་འདིའི་ཁྲོད་དུ་མུ་མཐུད་རྒྱུན་འཛིན་དང་རྒྱ་ཁྱབ་ངང་སྤེལ་ནས། མུ་མཐུད་རང་རྒྱལ་གྱི་མི་རིགས་རིག་གནས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ནུས་ཤུགས་འདོན་དགོས། །
(རྩོམ་པ་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ།)