དང་པོ། སྒྱུ་རྩོམ་ཡིག་སྒྱུར་དུ་ཅིའི་ཕྱིར་མ་ཡིག་གི་ཉམས་བསྐྱར་མཚོན་བྱ་དགོས།
གཅིག །ལོ་ཙཱའི་ཚད་གཞིའི་ཐད་ནས་བཤད་ན། དུས་རབས་རིམ་བྱུང་གི་སྒྱུ་རྩོམ་བརྩམས་ཆོས་གྲགས་ཅན་གང་ཡིན་ཡང་རྩོམ་པ་པོའི་བསམ་བློ་དེ་ཐུན་མིན་གྱི་ངག་གི་སྒྱུ་རྩལ་ལ་བརྟེན་ནས་མཚོན་པ་ཞིག་ཡིན་ཕྱིར། གལ་ཏེ་སྒྱུ་རྩོམ་ཡིག་སྒྱུར་སྐབས་སུ་མ་ཡིག་གི་བསམ་བློའི་དགོངས་དོན་མ་གཏོགས་སྒྱུ་རྩལ་གྱི་ཉམས་བསྐྱར་མཚོན་བྱེད་མ་ཐུབ་ཚེ་ལོ་ཙཱའི་ལས་འགན་འགྲུབ་མེད་པར་མངོན་ཏེ། ད་སྔའི་ཆུ་ངོགས་གཏམ་རྒྱུད་བོད་འགྱུར་མ་དང་ཧོར་གླིང་གཡུལ་འགྱེད་རྒྱ་འགྱུར་མ་ལྟ་བུ་ནི་མ་ཡིག་གི་དོན་ལེགས་པར་ཐོན་པའི་སྟེང་སྒྱུ་རྩལ་གྱི་རྣམ་པ་བསྐྱར་མཚོན་བྱས་པ་ཕུལ་དུ་བྱུང་བས་ཀུན་གྱིས་འགྱུར་རྩོམ་གྲགས་ཅན་གྱི་མཚན་གཞིར་བགྲངས་བཞིན་ཡོད། དེ་བས། སྒྱུ་རྩོམ་ལོ་ཙཱའི་ཚད་གཞིར་ཡང་གཅིག་ནས་མ་ཡིག་གི་དོན་ཡང་དག་པར་མཚོན་པ་དང་།
གཉིས་ནས་མ་ཡིག་གི་སྒྱུ་རྩལ་ཁྱད་ཆོས་སྲུང་འཛིན་བྱེད་དགོས་ཞེས་པ་ནི་དོན་ལ་གནས་པའི་གཏམ་དུ་འདོད་དོ། །
གཉིས། འགྱུར་ཡིག་གི་རིན་ཐང་ཐད་ནས་གླེང་ན། སྒྱུ་རྩོམ་ལོ་ཙཱའི་ཁྲོད་མ་ཡིག་གི་རྩོམ་ཉམས་བསྐྱར་མཚོན་བྱ་ཐུབ་ཚེ། མ་རྩོམ་གང་དེའི་རིག་གནས་སེམས་ཁམས་དང་འཚོ་བའི་གོམས་གཤིས་སོགས་ལ་རྒྱུས་ལོན་ཐུབ་ཅིང་། སྐད་ཆའི་སྒྱུ་རྩལ་གྱི་མཚོན་ཐབས་གསར་པ་དང་བསམ་བློ་གསར་པ་ནང་འདྲེན་བྱེད་པར་ཕན་པ་མི་དམན་པ་ཡོད། སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད་དུའང་སྒྱུ་རྩོམ་ཡིག་སྒྱུར་སྐབས་སུ། གལ་ཏེ་མཚོན་བྱའི་དོན་ཁོ་ན་རིན་ཐང་ལྡན་པ་མ་གཏོགས་སྒྱུ་རྩལ་གྱི་བྲོ་ཉམས་དང་བྲལ་བར་གྱུར་ན་དེ་ནི་བར་དོར་འཁྱམ་པའི་རྣམ་ཤེས་ཇི་བཞིན་མི་རྣམས་ཀྱི་མིག་གི་དགའ་སྟོན་དང་རྣ་དབང་གི་བདུད་རྩིར་འདྲེན་མི་ནུས་ཞེས་ཉམས་བསྐྱར་མཚོན་གྱི་གལ་ཆེན་རང་བཞིན་བསྟན་ཡོད་པས། སྒྱུ་རྩོམ་ལོ་ཙཱའི་ལས་ལ་འཇུག་མཁན་དག་གིས་མ་ཡིག་གི་རྩོམ་པ་པོ་དང་འགྱུར་ཡིག་གི་ཀློག་པ་པོ་དག་ལ་འགན་ཁུར་ཏེ་ཅི་ཐུབ་སྒོས་མ་ཡིག་གི་ཉམས་བསྐྱར་མཚོན་བྱ་རྒྱུར་འབད་དགོས།
གཉིས་པ། མ་ཡིག་གི་ཉམས་འགྱུར་ཡིག་ཏུ་ཇི་ལྟར་མཚོན་དགོས།
གཅིག །མ་ཡིག་གི་ནང་དོན་དང་རྩོམ་གཤིས་ལ་གོ་བ་ཡང་དག་ལེན་དགོས། མ་ཡིག་གི་ནང་དོན་དང་རྩོམ་གཤིས་ལ་གོ་བ་ཡང་དག་ལེན་རྒྱུ་ནི་སྒྱུ་རྩོམ་ལོ་ཙཱའི་འཇུག་སྒོ་ཡིན། རྩོམ་རིག་གི་བློ་སྦྱོང་མེད་པ་ཞིག་ཡིན་ཕྱིར་ལོ་ཙཱའི་ལས་ལ་འཇུག་རྒྱུ་ནི་ཕར་ཞོག །ཐ་ན་མ་ཡིག་ལ་གོ་བ་ཡང་དག་ཅིག་ཀྱང་ལོན་དཀའ་བས། སྒྱུ་རྩོམ་ལོ་ཙཱ་ནི་ཆེས་དཀའ་ལ་གཏན་ཚིགས་ཀྱི་ངེས་སྲོལ་མེད་པའི་སེམས་རྩོལ་རྙོག་འཛིང་ཅན་ཞིག་ཏུ་གྱུར་ཡོད། རྒྱ་བོད་ལོ་ཙཱ་སྨྲ་བ་ཁྲི་བསམ་གཏན་གྱིས་ཀྱང་སྒྱུ་རྩོམ་ལོ་ཙཱ་བ་ཞིག་ལ་མཚོན་ན་ཐོག་མར་ཀློག་པ་པོ་ཞིག་གི་ཚུལ་དུ་བརྩམས་ཆོས་དེ་ལ་ལྟ་ཀློག་དང་། དེ་ནས་དཔྱད་བརྗོད་པ་ཞིག་གི་ཚུལ་གྱིས་བརྩམས་ཆོས་དེའི་ལོ་རྒྱུས་རྒྱབ་ལྗོངས་དང་བརྗོད་བྱའི་དགོངས་དོན། བསམ་བློའི་མཚོན་དོན། མཛེས་དཔྱོད་རིན་ཐང་། སྒྱུ་རྩལ་གྱི་ཁྱད་ཆོས་སོགས་བརྩམས་ཆོས་དེ་དང་འབྲེལ་བའི་རྣམ་པ་ཀུན་ལ་དཔྱད་བརྗོད་དང་གདེང་འཇོག་འོས་ཤིང་འཚམ་པ་ཞིག་བྱེད་དགོས་ཞེས་གསུངས་པ་བཞིན། ང་ཚོས་མ་རྩོམ་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ཅིག་ལེན་དགོས་པར་མ་ཟད། དེའི་རྩོམ་གཤིས་ལའང་ཤེས་རྟོགས་གསལ་པོ་ཞིག་བྱ་དགོས།
གཉིས། སྐད་བརྡའི་ཉམས་ཀྱི་གྲུབ་རྐྱེན་རེ་རེ་ནས་བཟུང་སྟེ་སྒྱུར་དགོས། སྐད་བརྡའི་ཉམས་ཀྱི་གྲུབ་རྐྱེན་ནི་ཆོས་ཉིད་ངེས་ཅན་ལྟར་གནས་པས་དེ་དག་རེ་རེ་བཞིན་ཕྲལ་ན། སྐད་བརྡའི་ཉམས་ཀྱི་རྒྱུ་རྐྱེན་དང་སྐད་བརྡ་མ་ཡིན་པའི་རྒྱུ་རྐྱེན་གཉིས་སུ་དབྱེ། དང་པོ་ནི་ཐ་སྙད་དང་བརྡ་སྤྲོད། དེ་བཞིན་ཚིག་རྒྱན་སོགས་སྐད་བརྡའི་ཉམས་ཀྱི་རྨང་གཞི་རྣམས་ཡིན་ལ། གཉིས་པ་ནི་དུམ་ཚན་གྱི་དབྱེ་སྟངས་དང་ལུས་ཀྱི་སྤེལ་སྟངས། རྩོམ་སྤྱིའི་སྒྲིག་འགོད་སོགས་ཡིན་པས། ཡིག་སྒྱུར་གྱི་གོ་རིམ་ཁྲོད་དུ་སྐད་བརྡའི་ཉམས་ཀྱི་གྲུབ་ཆ་རེ་རེ་ནས་རྩོམ་གྱི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རྣམ་པ་བསྐྱར་མཚོན་དང་སོར་འཇོག་བྱེད་པར་འབད་དགོས། དཔེར་ན། ཀྱེ་ཀྱེ་གསོན་དང་ཡིད་འོང་སྙིང་སྡུག །འདི་ན་མེ་ཏོག་སྐྱེས་ཚལ་མཛེས་མཛེས། །ཟིལ་མངར་བདུད་རྩིའི་རོ་བཅུད་མང་མང་། །སྐལ་མཐུན་བུང་བའི་ཁྱུ་ཚོགས་མང་མང་། །ལྟ་བུར་哎呀请听意中情人,眼前鲜花乐园艳艳,琼浆甘露滋味津津,同声相应蜂群济济。ཞེས་མ་ཡིག་ཁྲོད་ཀྱི་ཐ་སྙད་དང་ཚིག་གི་སྦྱོར་ལུགས་ཡོད་ཚད་མ་ཡིག་གི་ཉམས་དང་སེམས་འགྱུ་ཇི་བཞིན་མཚོན་འདུག་པ་ལྟ་བུའོ། །
གསུམ། མ་ཡིག་གི་ལུས་སམ་རྣམ་པ་སོར་གནས་སུ་འཇོག་དགོས། སྒྱུ་རྩོམ་བརྩམས་ཆོས་ཤིག་ལ་མཚོན་ན་རྩོམ་པ་པོའི་གསར་གཏོད་ཀྱི་རྣམ་དཔྱོད་དང་སྒྱུ་རྩལ་གྱི་རྟོག་འཆར་འདྲེས་ཡོད། མ་རྩོམ་གྱི་རྣམ་པ་སྣང་མེད་དུ་དོར་ནས་ལོ་ཙཱ་བྱས་ཚེ། མ་ཡིག་གི་རྩོམ་ཉམས་དང་འགལ་བ་ལྟག་སྤྲོད་གྱུར་པར་མ་ཟད། མ་ཡིག་གི་རྩོམ་པ་པོའི་སྒྱུ་རྩལ་གྱི་འབྲས་བུ་ལའང་དམའ་འབེབས་བྱས་པ་ལས་མ་འདས་སོ། །དེ་བས། སྒྱུ་རྩོམ་ལོ་ཙཱ་བྱེད་པར་ནང་དོན་དང་ཚིག་སྦྱོར་མ་ཡིག་དང་བསྟུན་པའི་རྨང་གཞིའི་སྟེང་དུ། ཚེག་བར་གྱི་མང་ཉུང་། དུམ་ཚན་གྱི་དབྱེ་སྟངས་དང་ལུས་ཀྱི་རྣམ་པ། རྩོམ་སྤྱིའི་སྒྲིག་འགོད་སོགས་ཕྱོགས་གང་ཅིའི་ཐད་ནས་མ་ཡིག་དང་མཐུན་ཐབས་བྱེད་དགོས། སྤྱིར་སྐད་རིགས་སོ་སོར་རྒྱན་གྱི་སྦྱོར་ལུགས་དང་སྐད་བརྡའི་གོམས་སྲོལ་ཡོད་པས་སྐད་ཆའི་གྲུབ་ཆ་རེ་འགའ་བསྒྱུར་དཀའ་བར་སྣང་མོད། བརྩམས་ཆོས་ཀྱི་ཉམས་དེའང་རྩོམ་སྤྱི་ལ་བལྟས་ནས་བརྗོད་པ་ལས་གྲུབ་ཆ་རེ་གཉིས་ལ་དམིགས་ནས་བཤད་པ་མིན་པས་ཐ་སྙད་ལ་ལ་ཐད་ཀར་བསྒྱུར་མི་ཐུབ་ཀྱང་མ་ཡིག་སྤྱིའི་རྣམ་པ་བསྐྱར་མཚོན་བྱེད་པར་ཤུགས་རྐྱེན་མི་ཐེབས།
གསུམ་པ། མ་རྩོམ་གྱི་ཉམས་བསྐྱར་མཚོན་བྱེད་པར་ཡིད་འཇོག་བྱེད་དགོས་སའི་གནད།
གཅིག །ལོ་ཙཱ་བའི་རྩོམ་གཤིས་ཀྱིས་འགྱུར་ཉམས་ལ་ཤུགས་རྐྱེན་ཐེབས་མི་རུང་།
ང་ཚོས་ནམ་རྒྱུན་སྒྱུ་རྩོམ་ཡིག་སྒྱུར་ནི་མ་ཡིག་གི་སྒྱུ་རྩལ་ཡང་བསྐྱར་གསར་བཟོ་བྱེད་པ་ཞིག་ཡིན་ཞེས་པའི་གསར་བཟོ་ནི་མ་ཡིག་གི་ཉམས་བསྐྱར་མཚོན་བྱེད་པ་ལ་གོ་ན་འོས་ཏེ། ཨ་རིའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ནེ་ཏས་ལོ་ཙཱ་ཞེས་པ་ནི་མ་ཡིག་གི་རྩོམ་ཉམས་སོགས་འགྱུར་ཡིག་གི་ཁྲོད་དུ་ཐོན་པར་རང་བཟོའི་གཡའ་ཙམ་ཡང་མེད་པར་གཅིག་མཚུངས་ཀྱི་ཚིག་བརྡའི་ཐོག་ནས་མ་ཡིག་གི་མཚོན་བྱའི་དོན་རྣམས་འགྱུར་ཡིག་ཏུ་བསྐྱར་མཚོན་བྱེད་དགོས་ཞེས་པ་བཞིན། གཏམ་པདྨའི་ཚལ་གྱི་ཟློས་གར་གྱི་རྒྱ་འགྱུར་མའི་ལོ་ཙཱ་བས་ཁོང་ལ་རང་ཆས་སུ་ཡོད་པའི་ཉམས་ཀྱི་ཁྱད་ཆོས་སོགས་ཐོན་པར་ཚོད་འཛིན་གང་ལེགས་བྱས་ཏེ། ནང་དོན་མ་ཡིག་དང་བསྟུན་པའི་རྨང་གཞིའི་ཐོག་ཚིག་གི་སྦྱོར་བ་དང་ཚེག་བར་གྱི་མང་ཉུང་། རྒྱན་གྱི་སྦྱོར་བ། ལུས་ཀྱི་སྒྲིག་སྟངས་སོགས་ཕྱོགས་གང་ཐད་ནས་མ་ཡིག་གི་ཉམས་དང་མཐུན་པར་སྒྱུར་ཡོད་པ་ལྟ་བུ་ཡིན།
གཉིས། ཚིག་རྒྱན་གྱི་སྐོར་ཅི་ནུས་ཀྱིས་ཐོ་གཏུགས་ཏེ་སྒྱུར་དགོས། རྒྱ་བོད་རྩོམ་རིག་ལོ་ཙཱ་བ་ཞིག་ལ་མཚོན་ན་ཐོག་མར་ངེས་པར་དུ་རྒྱ་བོད་ཡིག་རིགས་གཉིས་ཀའི་ཁྲོད་ཀྱི་ཚིག་རྒྱན་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས། དེའི་གྲུབ་སྟངས་དང་ནུས་པ། ཆོས་ཉིད་བཅས་ཁོང་དུ་ཆུད་པར་བྱས་ཏེ་མ་ཡིག་གི་སྐད་ཆའི་སྒྱུ་རྩལ་དག་འགྱུར་ཡིག་ཏུ་བསྐྱར་མཚོན་བྱེད་ཅི་ཐུབ་བལྟ་དགོས་ཞེས་པ་ལྟར། བོད་ཡིག་གི་དཔེ་རྒྱན་ཕལ་ཆེ་བ་ནི་རྒྱ་ཡིག་གི་མངོན་དཔེའི་རྒྱན(明喻)དང་འདྲ་ལ། གཟུགས་རྒྱན་གྱི་རིགས་ནི་མི་མངོན་པའི་རྒྱན(暗喻)དང་འདྲ། རབ་རྟོག་གི་རྒྱན་ནི་མིའི་གཟུགས་སུ་འགོད་ཐབས(拟人手法)དང་འདྲ་ཞིང་། ཟུང་ལྡན་གྱི་རྒྱན་ནི་རྒྱའི་ཆ་མཉམ་པའི་རྒྱན(双齐格)དང་འདྲ་བ་སོགས་རྒྱ་བོད་ཐུན་མོང་གི་བསམ་གཞིགས་བྱེད་སྟངས་དང་བརྡ་སྤྲོད་ལུགས་གཞིར་བཟུང་སྟེ། མ་ཡིག་གི་ཚིག་རྒྱན་དག་དེ་དང་ལྟོས་ཟླ་ཡིན་པའི་རྒྱན་གྱིས་མཚོན་ཅི་ཐུབ་བྱ་དགོས།
གསུམ། དོན་ཐད་སྒྱུར་གཉིས་ལེགས་པར་ཟུང་འབྲེལ་བྱེད་དགོས། ཁོ་བོའི་འདོད་ཚུལ་ལ་དོན་ཐད་སྒྱུར་གཉིས་ནི་ཡིག་སྒྱུར་གྱི་ཐབས་གལ་ཆེན་གཉིས་ཡིན་པས། གཙོ་ཕལ་གྱི་དབྱེ་བ་ནི་འབྱེད་དུ་མེད་པར་གང་ལ་གང་འཚམ་བྱ་རྒྱུ་ནི་གལ་ཆེ་སྟེ། གཅིག་ནས་རྒྱ་བོད་སྐད་རིགས་གཉིས་ཀྱི་མིང་དང་ཚིག་ལ་ཤུགས་བསྟན་མེད་པའམ་དོན་མཚོན་ནུས་པ་འདྲ་མཚུངས་ཡིན་པ་དག་ལ་ཐད་སྒྱུར་ཀྱི་ཐབས་སྤྱད་ཆོག་པ་ནི། དཔེར་ན། རིག་གནས་གོ་དོན་འདྲ་བའི་དཔེ་ཆོས་སྐོར་ཞིག་སྟེ།狐假虎威དང་表里如一དང་水中捞月བཅས་ལ་རིམ་བཞིན་ཝ་རྒོད་སྟག་རྫུས་དང་ཁ་ཞེ་གཉིས་མེད། ཆུ་ཟླ་སྤར་འཛིན་ཞེས་ཐད་སྒྱུར་བྱས་པར་ནང་དོན་གྱི་ཐད་ནས་ཆད་ལྷག་འཁྲུལ་གསུམ་མེད་ལ་ཉམས་བསྐྱར་མཚོན་བྱས་པའང་ལེགས་འགྲུབ་བྱུང་ཡོད་པར་སྙམ། གཉིས་ནས་རྒྱ་བོད་སྐད་རིགས་གཉིས་ཀྱི་མིང་དང་ཚིག་གི་ཤུགས་བསྟན་མི་འདྲ་བ་དང་གོ་དོན་གཉིས་ལྡན་གྱི་ཚིག་(双关词)སོགས་ནི་ཚིག་ངོས་ནས་ཐད་བསྒྱུར་བྱེད་མི་རུང་སྟེ། དཔེར་ན། མཁྱེན་ནོ་མཁྱེན་ནོ་དཀོན་མཆོག་གསུམ་མཁྱེན་ནོ། དྲན་ནོ་དྲན་ནོ་ལྷ་ཆོས་རང་དྲན་ནོ། །知晓知晓三宝全知晓,思念思念自念出世法ལས་མཁྱེན་ནོ་ཞེས་པ་རྒྱ་ཡིག་ལྟར་知晓ཞེས་ཐད་སྒྱུར་བྱས་ན་མི་འགྲིག་ལ། དེ་བཞིན་རྒྱ་ཡིག་གི་དཔེ་ཆོས་胸有成竹དང་鳄鱼的眼泪དང་画龙点睛ལྟ་བུར་གདེང་ཚོད་ཡོད་པ་དང་བཅོས་མའི་མིག་ཆུ། གནད་ལ་ཁེལ་བ་ཞེས་དོན་སྒྱུར་བྱེད་དགོས་པ་ལས་ཐད་སྒྱུར་བྱེད་ན་དགོད་བྲོ་བའི་གནས་ལས་མ་འདས་སོ། །
མཇུག་གི་གཏམ།
མདོར་ན། སྒྱུ་རྩོམ་གྱིས་སྣང་བརྙན་བཞེངས་སྐྲུན་དང་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་བརྗོད་བྱའི་བསྟན་དོན་མཚོན་བཞིན་ཡོད་པ་དང་། ནང་དོན་དང་རྣམ་པ་གཉིས་ནི་དཀྱུས་གཅིག་ཏུ་འབྲེལ་བའི་ཕུང་པོ་ཞིག་ཏུ་གྲུབ་པས། ལོ་ཙཱའི་གོ་རིམ་ཁྲོད་མ་ཡིག་གི་རྩོམ་ཉམས་བསྐྱར་མཚོན་བྱེད་པ་བརྒྱུད། མི་རིགས་གཞན་དེའི་སེམས་ཁམས་དང་རིག་གནས་ཀྱི་ཁྱད་ཆོས། འཚོ་བའི་གོམས་གཤིས། སྐད་ཆའི་བརྡ་སྤྲོད་སོགས་ལ་ངེས་ཤེས་རྙེད་ཐུབ་པར་མ་ཟད། སྐད་ཆའི་སྒྱུ་རྩལ་གྱི་མཚོན་ཐབས་གསར་པ་དང་བསམ་བློ་གསར་པ་སོགས་ནང་འདྲེན་བྱེད་པར་ཡང་ནུས་པ་མི་དམན་པ་ཞིག་འདོན་བཞིན་ཡོད་པས། སྒྱུ་རྩོམ་ལོ་ཙཱ་བས་མ་ཡིག་གི་སྒྱུ་རྩལ་སྣང་བརྙན་བསྐྱར་མཚོན་ཅི་ཐུབ་བལྟ་རྒྱུ་ནི་ཧ་ཅང་གལ་ཆེའོ། །
(རྩོམ་པ་པོ། ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལོ་ཙཱ་བ།)