འདི་ནི་གྲང་བ་ཤས་ཆེ་བའི་ནད་ཅིག་ཡིན་པས་གྲང་གྲུམ་དང་། ཡང་ན་གྲུམ་བུ་དཀར་པོའམ་ཏྲེམ་དཀར་ཡང་ཟེར། གྲང་གྲུམ་ཞེས་པ་ནི་ལུས་པོ་འཁྱགས་པ་དང་། ཕོ་བའི་མེ་དྲོད་ཉམས་པ་སོགས་ཀྱི་དབང་གིས་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ཏེ་ཤ་གྲིམ་དང་ཆུ་རྒྱུས་ལྷུ་ཚིགས་སོགས་ལ་ཞེན་པ་དང་། དེ་ནས་རིམ་གྱིས་སོར་ཚིགས་སོགས་རུས་ཚིགས་ཆུང་གྲས་རྣམས་ལ་ནད་འགྱུར་བྱུང་ནས་ན་ཟུག་གཏོང་བ། མཐར་སོར་ཚིགས་སོགས་ཀྱི་དབྱིབས་འགྱུར་ནས་འགུལ་མི་བདེ་ཞིང་ནད་དུ་གྱུར་པར་མ་ཟད། ཡུན་རིང་པོར་སྨན་བཅོས་བྱེད་དགོས་པའི་ནད་ཅིག་ཡིན།
དང་པོ། རྒྱུ་རྐྱེན།
རྒྱུ་ནི་གྲང་བ་དང་ཆུ་སེར། རྐྱེན་ནི་རླན་གཤེར་ཆེ་བ་དང་གྲང་ངད་ཆེ་བའི་ཡུལ་དུ་འདུག་དྲགས་པ་དང་། ཆུ་གྲང་མོའི་ནང་དུ་ཡུན་རིང་ཉལ་སྡོད་བྱས་པ། གོས་སྲབ་པ་སོགས་ཀྱིས་ལུས་པོ་འཁྱགས་པ། གཞན་ཡང་ཟས་སྐོམ་འཇུ་དཀའ་བ་དང་། མ་གོམས་པ་དང་མི་འཕྲོད་པའི་ཟས་སྤྱོད་ཀྱིས་སློང་བ།
གཉིས་པ། ནད་རྟགས།
༡ ན་ལུགས། ནད་འདི་ཐོག་མར་ཕོག་སྐབས་ལུས་ངལ་ཞིང་དུབ་པ་དང་། ཡང་ན་རྐང་ལག་སྦྲིད་པ། ཚ་ཤར་རྒྱག་པ། རྐང་ལག་གི་རུས་ཚིགས་ཆུང་གྲས་རྣམས་རེས་མོས་སམ་ཡང་ན་ཆ་སྒྲིག་ནས་ན་ཟུག་གཏོང་བ་དང་། འགུལ་སྐྱོད་མི་བདེ་བ་རིམ་བཞིན་རུས་ཚིགས་ཆེར་སྐྲངས་པ། མཐའ་འཁོར་གྱི་པགས་པར་ཚ་དྲོད་སྐྱེས་ཏེ་འགུལ་སྐྱོད་བྱེད་སྐབས་ལྷག་ཏུ་ན་ཟུག་འབྱུང་ཞིང་། མཐར་རྐང་ལག་གི་ཚིགས་ཆེན་དང་། སྒལ་ཚིགས། མཇིང་ཚིགས་སོགས་རུས་ཚིགས་གཞན་དག་ལ་ཁྱབ་ཅིང་། ནད་ཀྱིས་ཟིན་པའི་རུས་ཚིགས་རྣམས་ཀྱི་རུས་གཞི་གསོབ་གསོབ་ཏུ་ཆགས་ནས་ཚིགས་ཀྱི་བཟོ་དབྱིབས་འགྱུར་ཏེ་འབུར་འཁྱོག་ཏུ་གྱུར་པར་མ་ཟད། ཉེ་འཁོར་གྱི་ཤ་གྲིམ་ཉམས་ཤིང་ཆུ་རྒྱུས་གྱོང་ནས་རེངས་འཁུམས་ཆགས་པ། པགས་འོག་ཏུ་ཏྲེམ་ཐོར་ཞེས་སྲན་འབྲུམ་ལྟར་གྱི་འབུར་རྡོག་བྱུང་ནས། མཐར་ཡན་ལག་གི་འགུལ་བསྐྱོད་དང་བརྐྱང་བསྐུམ་གྱི་ནུས་པ་ཡོངས་སུ་ཉམས་སྟེ། མལ་དུ་ལུས་པ་དང་། ལུས་སྟོབས་ཉམས་པ། ཟུངས་ཁྲག་ཟད་པ་སོགས་ཀྱི་མངོན་ཚུལ་ཡོང་བ་རེད།
༢ བལྟ་རྩ། རྩ་རྒྱུད་ཞན་བྱིང་སོགས་གྲང་ནད་ལྟར། འདར་ཞིང་རྒྱུ་བ་དཀའ་བ་སོགས་ཀྱི་འཕར་ཚུལ་འབྱུང་བ་ཡིན།
༣ དྲི་ཆུ། དྲི་ཆུའི་མདོག་དཀར་པོའམ་སྔོ་ལ་སླ་བ་དང་། ཡང་ན་དཀར་རམ་རྒྱ་བཤལ་གྱི་ཁ་དོག་ལྟར་འབྱུང་བ།
༤ ལྕེ། ལྕེ་མདོག་དམར་ལ་རྩུབ་པ། སྐྱ་ལ་མདངས་ཉམས་པ། ངོ་བོ་འཇམ་ལ་རློན་པ་སོགས་འབྱུང་བ་ཡིན།
༥ གཞོགས་འདེགས་བརྟག་དཔྱད། ཁྲག་པྲར་བརྟག་པ་དང་། དྲི་ཆུའི་རྫས་འགྱུར་བརྟག་པ། སྙིང་རིས་བརྟག་པ། Xའོད་བརྟག་པ། གཞན་ཡང་Bསྒྲ་བརྟག་པ་སོགས་གང་འཚམ་ ལྟར་བརྟག་པར་བྱ།
༦ འཁྲུལ་སོ་བསལ་ཐབས། སྤྱིར་ན་གྲུམ་བུ་དཀར་ནག་གཉིས་ཀྱི་ཁྱད་པར་མ་འཁྲུལ་བ་ཤིན་ཏུ་གལ་ཆེ་སྟེ། མན་ངག་ལྷན་ཐབས་ལས། བྱེ་བྲག་གྲུམ་དཀར་ཟུག་ཆུང་རྩ་ཆུ་གྲང་། །
གྲུམ་ནག་ཟུག་ཆེ་མདོག་ནག་རྩ་ཆུ་ཚ། །ཞེས་པ་ལྟར་གྲུམ་དཀར་གྲང་ཤས་ཆེ་བས་རྩ་ཆུ་སོགས་ནད་རྟགས་ཕལ་ཆེར་གྲང་རྟགས་སྟོན་པ་དང་།
གཅིག་ཤོས་ཚ་ཤས་ཆེ་བས་ནད་ཀྱི་མཚན་ཉིད་ཕལ་ཆེར་ཚ་བའི་རྟགས་སྟོན། དེས་ན་གྲང་གྲུམ་ནི་ཆུ་སེར་དཀར་པོ་སྟེ་གྲང་ཤས་ཆེ་ལ་ཟུག་གཟེར་ཆུང་ཞིང་། རུས་ཚིགས་རྣམས་སྐྲངས་སྦོས་བྱེད་པ། ཆུ་སེར་ཤ་གྲིམ་དང་ལྷུ་ཚིགས་ལ་ཞེན་པ། དེས་སོར་ཚིགས་རུས་ཚིགས་ཆུང་གྲས་རྣམས་ལ་ནད་ཕོག་ནས་མཐར་རུས་ཚིགས་ཀྱི་དབྱིབས་འགྱུར་ཞིང་འབུར་འཁྱོག་ཏུ་ཆགས་པ་ཡིན།
གཞན་ཡང་Xའོད་བརྟག་གི་བརྟག་འབྲས་ལས། རུས་ཚིགས་ཀྱི་དབྱིབས་འགྱུར་བ་དང་། རུས་གཞི་གསོབ་གསོབ་ཏུ་ཆགས་པ། རུས་ཚིགས་བར་དོག་པོར་གྱུར་པ་དང་རུས་ལྷག་སྐྱེས་པ་ཅུང་མང་པོ་མཐོང་བ་དང་།
ཁྲག་པྲའི་རྒྱུན་སྲོལ་བརྟག་པ་ལས་ཟུངས་ཁྲག་ཟད་པའི་མངོན་རྟགས་ཡོད་པ། ཁྲག་གི་(ESR)ཚད་གཞི་ལས་མགྱོགས་པ་དང་།(C反应蛋白)ལྡང་ཚད་ལས་བརྒལ་བ། ད་དུང་གྲང་གྲུམ་གྱི་(RF)ལྡང་ཚད་ལས་རྣམ་པར་འགྱུར་བ་བཅས་མཐོང་ཐུབ་པས་ཚ་གྲུམ་དང་མི་འདྲ་བར་རྟོགས་ཐུབ། ཉེ་ཆར་རྒྱལ་སྤྱིའི་སྟེང་བེད་སྤྱོད་བྱེད་པའི་ཨ་རིའི་གྲུམ་ནད་སློབ་ཚོགས་ཀྱིས་1987ལོར་བསྐྱར་བསྒྲིགས་བྱས་པའི་གྲང་གྲུམ་ནད་ཀྱི་ངོས་འཛིན་ཚད་གཞི་གཏན་འབེབས་བྱས་པ་ལྟར་ན། གཅིག་ནས་ཉིན་རེའི་ཞོགས་པར་ཡན་ལག་རེངས་འཁུམས་ཆགས་པའི་དུས་ཡུན་མ་མཐའ་ཡང་དུས་ཚོད་གཅིག་འགོར་བ་དང་ན་ཡུན་གཟའ་འཁོར་དྲུག་ལས་བརྒལ་བ། གཉིས་ནས་རུས་ཚིགས་གསུམ་དང་གསུམ་ལས་ལྷག་པ་སྐྲངས་ཡོད་པ་དང་ན་ཡུན་གཟའ་འཁོར་དྲུག་ལས་བརྒལ་བ། གསུམ་ནས་མཁྲིག་ཚིགས་དང་ལག་མཐིལ་རུས་ཚིགས་སམ་ཉེ་འཁོར་གྱི་རུས་ཚིགས་སྐྲངས་ཡོད་པ་དང་ན་ཡུན་གཟའ་འཁོར་དྲུག་ལས་བརྒལ་བ། བཞི་ནས་རུས་ཚིགས་ཆ་སྒྲིག་སྟེ་སྐྲངས་ཤིང་ན་བ་དང་ན་ཡུན་གཟའ་འཁོར་དྲུག་ལས་བརྒལ་བ། ལྔ་ནས་པགས་འོག་ཏུ་འབུར་རྡོག་བྱུང་བ། དྲུག་ནས་Xའོད་བརྟག་གློག་པར་ལས་རུས་ཚིགས་ལ་ནད་འགྱུར་བྱུང་ཡོད་པ། བདུན་ནས་གྲང་གྲུམ་(RF)རྣམ་པར་གྱུར་པ་བཅས། གོང་གི་དོན་ཚན་བདུན་པོ་དེ་ལས་དོན་ཚན་བཞི་ཚང་ན་གྲང་གྲུམ་ལ་ངོས་འཛིན་བྱ་ཆོག་པར་བསྟན་ཡོད།
གསུམ་པ། བཅོས་ཚུལ་མདོར་བསྡུས།
༡ བཅོས་ཚུལ་ལག་རྩལ་བཤད་པ། ནད་འདི་ཐོག་མ་ནས་གསོ་བ་སྒྲིམ་པ་ཤིན་ཏུ་གལ་ཆེ་ཞིང་། དུས་ཡུན་རིང་ན་ཆུ་སེར་ཤ་རུས་ཀུན་ལ་ཁྱབ་འགྲོ་ཞིང་ཁྱད་པར་ལུས་ཀྱི་ཚིགས་མིག་རྣམས་སུ་ཞེན་ཞིང་ཆུ་རྒྱུས་རེངས་འཁུམས་འབྱུང་བ་སོགས་བཅོས་ཤིན་ཏུ་དཀའ་བའི་ཕྱིར། འདི་ལ་ཁོང་སྨན་ཁོ་ན་ཙམ་བསྟེན་ནས་མི་འདུག་པར་གཙོ་བཅོས་ལ་བཅིངས་ལུམས་བསྟེན་དགོས། བཅིངས་ལུམས་ནི་ཁྱད་པར་གྲང་གྲུམ་ནད་ལ་ཕན་ཐོགས་དམིགས་བསལ་ཡོད་པ་དང་། ནད་ཐོག་ལག་ལེན་སྟེང་ནས་གྲུབ་འབྲས་ལེགས་པོ་ཐོན་གྱི་ཡོད། བཅིངས་ལུམས་ཀྱིས་ལུས་ཀྱི་ཆུ་སེར་དང་རླན་གཤེར་རང་བཞིན་གྱི་ཆ་ཤས་རྣམས་སྐེམ་པར་བྱེད་ཅིང་། གྲང་རླུང་རིགས་གསོ་ཐུབ་པར་མ་ཟད། མེ་དྲོད་སྐྱེད་པ་དང་རྩ་དཀར་གྱི་ནུས་པ་གསོ་བ་བཅས་ལ་མཆོག་ཏུ་ཕན།
༢ བཅིངས་ལུམས་ཀྱི་ལག་ལེན་དངོས་བཤད་པ། གོ་དོན་ཐད། འདི་ནི་ནད་རིགས་འདྲ་མིན་ལ་ཕན་པའི་སྨན་རྣམས་ཁུག་མའི་ནང་དུ་བླུགས་ཏེ། ནད་དམིགས་སུ་ཐད་ཀར་སྦྱར་ཏེ་ནད་སེལ་བའི་སྨན་བཅོས་ཀྱི་ལག་ལེན་ཞིག་ཡིན།
དབྱེ་བའི་ཐད། ཕྱི་རྒྱུད་ལྟར་དབྱེ་ན་ཚ་སེལ་གྱི་བཅིངས་ལུམས་བརྒྱད་དང་གྲང་སེལ་གྱི་བཅིང་ལུམས་བཅུ་གཉིས་ཏེ་ཁྱོན་ཉི་ཤུ་ཡོད། ད་ལམ་རང་རེ་སྨན་ཁང་དུ་བདུད་རྩི་ལྔ་ལུམས་སྟེང་ཆུ་སེར་སྨན་གསུམ་སོགས་ཁ་ཚར་རྒྱབ་པའི་བཅིངས་ལུམས་ཡོད་ལ། དེས་གཙོ་བོ་གྲང་གྲུམ་གྱི་ནད་གསོ་བཅོས་བྱེད་བཞིན་ཡོད་པ་ལྟར། འདིར་དེའི་བཅོས་ཚུལ་ལག་ལེན་སྐོར་རགས་ཙམ་བཤད་པ་ཡིན།
རུང་དང་མི་རུང་བའི་ནད་གཞིའི་སྐོར། རུང་བ་རྐང་ལག་གི་ཆུ་རྒྱུས་རེངས་པའམ་འཁུམས་པ་དང་། ཤ་འབྲས་སོགས་འབྲས་ནད་ཀྱི་རིགས་དང་བུད་མེད་ཀྱི་ཚབས་ནད། དྲེག་དང་གྲུམ་བུའི་ནད། ཤ་དང་རུས་པའི་བར་སོགས་ལ་ཆུ་སེར་གཡོས་པའི་ནད་ཀུན་ལ་བསྔགས་པ་ཡིན། མི་རུང་བ་ཚ་བའི་ནད་དང་སྐྱ་རྦབ་ཀྱི་ནད། ལུས་སྟོབས་ཞན་པའི་རིགས། གཞན་མིག་དང་མཁུར་ཚོས། དྲེག་བཞི་སྙིང་འཕར་བའི་གནས་རྣམས་སུ་བཅིངས་ལུམས་མི་རུང་བ་ཡིན།
སྦྱོར་སྡེ་དང་སྦྱོར་ཚད་ཀྱི་སྐོར། བདུད་རྩི་ལྔ་པོ་སོ་སོ་ལ་རྒྱ་མ་གང་རེ་དང་། དེ་ལ་ལུམས་སྤྱིའི་ཁ་ཚར་དུ་རྩ་བ་ལྔ་སྲང་གང་རེ། སྒོས་ཀྱི་གྲང་གྲུམ་གྱི་ཁ་ཚར་ལ་ཆུ་སེར་སྨན་གསུམ། སེང་ལྡེང་དང་ཅོང་ཞི་གཉིས་ཞོ་ལྔ་རེ་བཅས་སྦྱོར་དགོས།
གྲ་སྒྲིག་གི་ཆ་བྱད་ཐད། སྨན་ཁུག །ཐི་གུ། འགྱིག་ཤོག་ལེབ་མོ། བལ་ཡེའུ། དུག་སེལ་གཤེར་ཁུ། དྲོད་འཛིན་ཆས། མོག་ཕྲུ་ཅན་གྱི་བ་མའམ་ལྕགས་སླང་སོགས་ཉེར་མཁོའི་ཡོ་བྱད་རྣམས་སྟ་གོན་ལེགས་པོ་བྱ་དགོས།
ལག་ལེན་གྱི་ཐད། གོང་གི་སྨན་རྣམས་ཧྲོབ་ཙམ་བརྡུངས་རྗེས་ཐེངས་རེར་སྲང་གསུམ་དང་བཞི་བར་ཆང་སྲང་གཉིས་དང་ཆུ་ཁོལ་མ་ཉུང་ཙམ་གྱིས་རླན་ཕབ་སྟེ་ལྕགས་སླང་ནང་དུ་ཚ་དྲོད་རན་པར་བསྲོས་པ་དང་། ཡང་ན་རླངས་པའི་ནང་དུ་བཙོས་རྗེས་རས་དཀར་སྲབ་འཇམ་ཚགས་ཅུང་ཟད་དམ་པོའི་ཁུག་མ་རིང་ཐུང་ལེབ་ཞེང་སོགས་བཅིངས་ལུམས་ཀྱི་གནས་དང་འཚམ་པར་བྱས་པའི་ནང་བླུགས་ཏེ། དུག་སེལ་བྱས་ཟིན་པའི་ནད་དམིགས་ཀྱི་སྟེང་དུ་བཞག་ལ། ཕྱི་ནས་འགྱིག་ཤོག་སྲབ་འཇམ་ཞིག་གིས་ལེགས་པར་བཏུམས་རྗེས་ཐ་གུ་སྲ་མོས་བསྡམས་པ། དེའི་སྟེང་དུ་དྲོད་འཛིན་ཆས་ཀྱིས་བསྡམས་ཏེ་དུས་ཚོད་གཅིག་ཙམ་ལ་འཇོག་དགོས།
༣ མཉམ་འཇོག་བྱེད་ས། ནད་དམིགས་མ་ནོར་བར་གཏན་འཁེལ་བྱེད་དགོས། ནད་དམིགས་སྟེང་དུ་དུག་སེལ་བྱེད་དགོས། བཅིངས་ལུམས་ཀྱི་གནས་དང་ལུས་བོངས་ཆེ་ཆུང་གི་ཁྱད་པར་ལ་བལྟོས་ཏེ་སྨན་ཁུག་ཆེ་ཆུང་གང་འཚམས་སྤྱོད་དགོས། སྨན་ཁུག་བཅིངས་སྐབས་སྨན་རྫས་རྣམས་སྙོམས་པོར་བརྡལ་ཏེ་བཅིངས་ན་ཚ་དྲོད་ཐེབས་སླ་བས་ནུས་པ་ཆེ། སྨན་ཁུག་གི་ཚ་དྲོད་ཚོད་འཛིན་བྱེད་དགོས་པ་སྟེ། དྲོད་ཆེ་དྲགས་ན་པགས་པར་བསྲེག་སྐྱོན་ཐེབས་པ་དང་། དྲོད་ཚད་ཆུང་ན་ནུས་པ་ཚུལ་བཞིན་མི་ཐོན་པ།
༤ འཛེམ་བྱ། བཅིངས་ལུམས་བསྟེན་རྗེས་བརླན་ཆེ་བའི་ཡུལ་དུ་མི་སྡོད་པ་དང་། དེ་མ་ཐག་ཏུ་སྐོམ་ཆུ་གྲང་མོའི་རིགས་སོགས་མི་འཐུང་བར་ལུས་པོ་དྲོ་བར་བྱ།
༥ དགེ་མཚན་དང་ཁྱད་ཆོས། ལག་ལེན་འདི་ནད་གཞི་མང་པོ་ཞིག་ལ་ཕན་ཆེ་བ་སྟེ། ལུམས་ཀྱི་དྲོད་ནུས་བ་སྤུའི་བུ་གར་བརྒྱུད་ནས་ནད་གཞིའི་ཐོག་སླེབས་པས་ནད་དངོས་ཕྱིར་འབྱིན་པའི་ནུས་པ་དང་ལྡན་པར་མ་ཟད། ཁྱད་པར་དུ་གྲང་གྲུམ་གྱི་ནད་ལ་ཕན་ནུས་ཤིན་ཏུ་ཆེ།
ལག་ལེན་སྐབས་སུ་དམིགས་བསལ་གྱི་ཆ་བྱད་མང་པོ་མི་མཁོ་བ་དང་། སྨན་རྫས་ལག་སོན་སླ་བ། ལག་ལེན་གྱི་གོ་རིམ་སྟབས་བདེ་བས་དཔལ་འབྱོར་གྱི་འགྲོ་གྲོན་ཆུང་བ།
ནད་གཞི་ངོས་འཛིན་མ་ནོར་བ་དང་། བོད་ལུགས་གསོ་རིག་གི་གཞུང་ལྟར་ལག་ལེན་ཚུལ་བཞིན་བྱས་ན་ཞོར་སྐྱོན་དང་ལོག་སྐྱོན་ཆུང་།
བཅིངས་ལུམས་འདི་ནད་རང་རང་གི་སྒོས་ཀྱི་གཉེན་པོའི་སྟེང་དུ་ཁ་ཚར་རྒྱབ་ནས་བསྟེན་ན་ནད་གཞི་མང་པོ་ཞིག་ལ་ཕན་ཐོགས་ཆེ་བ་སྟེ། གྲུམ་བུའི་ནད་ལས་གཞན། སྡོད་རྩའི་ཁྲག་གི་འཁོར་སྐྱོད་ཞན་པ་དང་། བརྡབ་སྐྱོན་གཉན་སྐྲངས་ཆགས་པའི་རིགས། པགས་ནད་ཆུ་སེར་གྱི་རིགས། རླུང་ནད་ཤིང་རེངས་དང་དཔུང་འཇའ་སོགས་ལ་ཕན་པ་ཆེའོ། །
(རྩོམ་པ་པོ། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་བོད་སྨན་ཞིབ་འཇུག་སུའོ།)