ཨ་མ་སྲིད་པའི་སྐར་རྒྱན་ཡིན་ལ་འོད་ཟེར་སྟོང་གི་འབྱུང་ཁུངས་ཡིན། །
ཨ་མ་ཁྱིམ་གྱི་བདག་མོ་ཡིན་ལ་གཞིས་ཁྱིམ་ཞིག་གི་དྲོད་ཁོལ་ཡིན། །
ཨ་མ་བརྩེ་བའི་མངའ་བདག་ཅིག་སྟེ་ལྷད་མེད་དུང་བའི་རྒྱན་མཁན་ཡིན། །
ཨ་མ་སེམས་ཀྱི་དཀྱིལ་དུ་གནས་ཤིང་ཨ་མ་ཞི་བའི་ལྷ་ཚོགས་དངོས། །
ཨ་མ་སེམས་ཀྱི་སྐར་མ་སྨིན་དྲུག་འོད་སྣང་བྱེ་བའི་བདག་མོ་ཡིན། །
ཨ་མ་དབྱངས་ཀྱི་རམ་འདེགས་ཡིན་པས་འཛུམ་ཆུང་དྭངས་མོ་མཛེས་སྡུག་ལྡན། །
ཨ་མའི་མཚན་སྙན་སྲིད་གསུམ་ཁྱབ་ཅིང་ཨ་མ་རླབས་ཆེན་བྱེད་པོ་ཡིན། །
ཨ་མ་ཞི་བའི་ཉམས་དང་ལྡན་པས་ཟོལ་མེད་གཤིས་ཀ་ཡིད་དུ་འོང་། །
ཨ་མ་གླེགས་བམ་དཀར་པོའི་ནང་ནས་གསེར་གྱི་བྲིས་པའི་ཡིག་འབྲུ་ཡིན། །
ཨ་མ་སྙན་ངག་དབུས་སུ་འབུར་བའི་བརྗོད་དོན་སྲོག་གི་ཡང་སྙིང་ཡིན། །
ཨ་མའི་ལང་ཚོ་མཛེས་ཉམས་རེ་རེས་ཁམས་དང་དབང་པོའི་སྣང་བ་སྐྲུན། །
ཨ་མ་འཇིག་རྟེན་བྱེད་པོ་ཡིན་པས་སྣང་བའི་བདག་པོ་ཡིན་ཞེས་ལབ། །
ཨ་མ་ཤར་གྱི་ཐོ་རེངས་ལོས་ཡིན་འཇིག་རྟེན་སྣང་བ་སྟེར་མཁན་ཡིན། །
ཨ་མ་སེམས་སུ་རྟག་ཏུ་འཆར་བའི་སྣང་བརྙན་ཡོངས་ཀྱི་གཙོ་བོ་ཡིན། །
ཨ་མ་ཁ་བའི་དྭངས་ཤ་ཆགས་པའི་མཛེས་སྡུག་ཅིག་གི་ཚབ་མཚོན་ཡིན། །
ཨ་མ་ཞེས་པའི་མཚན་སྙན་དེ་ཡང་ཟུངས་ཁྲག་དྲོན་མོའི་གསེབ་ཏུ་རྒྱུ། །
ཨ་མའི་སྐུ་དྲིན་གཞལ་བར་དཀའ་བའི་ལྷུན་ཆགས་གངས་ཀྱི་གཟི་མདངས་ཡོད། །
ཨ་མའི་བརྩེ་བ་གཏིང་མཐའ་བྲལ་བས་མཚོ་ཆེན་སྟོང་གི་ཟབ་ཚད་ཡོད། །
ཨ་མའི་ལྷག་བསམ་དུང་ལས་དཀར་ཞིང་རབ་དཀར་ཆུ་འཛིན་གསར་པའི་གཤིས། །
ཨ་མ་སྲོག་གི་རྟེན་གཞི་ཡིན་པས་རྣམ་ཤེས་ཤིག་གི་འབྱུང་ཁུངས་དངོས། །
དཔྱིད་དཔལ་གསར་དུ་བཞད་པའི་དུས་སུ་ཨ་མ་གསར་འཁྲུངས་མེ་ཏོག་ཡིན། །
ནག་ནོག་སྐྱོན་གྱིས་ཡོངས་སུ་བྲལ་བའི་སེམས་སུ་བཞད་པའི་ཨུཏྤལ་ཡིན། །
ལས་ཀྱིས་གཟེབ་ཏུ་བཅུག་པའི་ཨ་མ་འཇིག་རྟེན་ཞིག་གི་མཛེས་སྡུག་ཡིན། །
འཁོར་བའི་གཏམ་རྒྱུད་རིང་མོའི་ནང་ནས་ཨ་མ་མེད་ན་མི་ཆོག་ལགས། །
ཨ་མའི་དབུ་སྐྲ་དུང་ལས་དཀར་ཞིང་རྒས་པའི་ཉམས་སྣང་མཐོང་བ་དེས། །
ཨ་མ་ཞེས་ནས་འབོད་པར་འདོད་ཅིང་འཛུམ་ཞལ་རུས་པའི་གསེབ་ཏུ་འཐིམ། །
ཨ་མ་འཁོར་བའི་ཐབ་ཚང་ནང་ནས་དཀའ་སྡུག་མྱོང་བའི་བྲན་མོ་རེད། །
ཨ་མ་ཁྱེད་རང་དཀའ་ལས་ཁག་སོང་སྐུ་དྲིན་སེམས་སུ་བརྗེད་མེད་ཡིན། །
རྟོག་བཏགས་འབུམ་གྱི་གར་སྟེགས་སྟེང་དུ་ཨ་མའི་མིང་དང་ཞལ་རས་བྲིས། །
ཨ་མ་ཞེས་པ་སྙན་ངག་ཡིན་ལ་མཛེས་སྡུག་བཀླུབས་པའི་འཇའ་ཚོན་ཡིན། །
ཨ་མའི་མིང་འདི་ཧ་ཅང་སྙན་ལ་དྲུག་འགྱུར་དབྱངས་རྟ་ལས་ཀྱང་ལྷག །
སྙན་ངག་དབྱངས་ཀྱི་བྱེད་པོ་ཟེར་ཆོག་གཏམ་བརྗོད་ཅིག་གི་ཡང་སྙིང་ཡིན། །