གཡུ་ལགས། ས་སྲོད་ཀྱི་ཉི་མ་རིམ་གྱིས་ནུབ་མཐར་ལྷུང་སྟེ་རབ་རིབ་མག་མོག་ཏུ་འགྱུར་བར་མཐོང་ན། ངའི་ནང་སེམས་འདི་རླུང་བུས་བསྒུལ་བའི་ཨ་གར་གྱི་མེ་ཏོག་བཞིན་རང་དབང་མེད་པར་ཁྱོད་ཀྱི་ཕྱོགས་སུ་གཡོ་དོན། བརྩེ་སེམས་དར་དཀར་གྱི་མདུད་པ་ལྷན་དུ་བརྒྱབ་སྟེ་འཇིག་རྟེན་སྣང་བའི་འཚོ་བ་མཉམ་དུ་རོལ་བའི་དྲན་གདུང་གིས་མནར་བའི་མཚོན་རྟགས་ཤིག་ལོས་ཡིན།
གཡུ་ལགས། ཁྱོད་ཉིད་ངའི་འཚོ་བའི་འཇིག་རྟེན་དུ་སླེབས་པ་ནས་བཟུང་། ངས་ཁྱོད་རང་འཚོ་བའི་བདེ་སྐྱིད་ཅིག་ཏུ་བསྒོམས་ཏེ་འཇིག་རྟེན་ལ་སྙིང་པོ་ཡོད་པ་ཞིག་ཏུ་མི་སྒོམ་ཀ་མེད་དུ་གྱུར། ཁྱོད་ཉིད་ང་ཡི་ནང་སེམས་སུ་དྲི་ཞིམ་ཡིད་འོང་གི་མེ་ཏོག་ཅིག་ཏུ་བཞད་པའི་དུས་དེ་ནས་བཟུང་། ངས་ནམ་རྒྱུན་ཁྱོད་རང་ཕྱོགས་གང་ཅིའི་ཐད་ནས་འཇོན་ཐང་ལྡན་པའི་བུད་མེད་ཡ་རབས་ཤིག་ཏུ་རློམས་ཏེ་ཅི་ཞིག་རྙེད་སོང་བ་ལྟ་བུའི་དགའ་ལྷང་ལྷང་དང་ཡིད་གུས་གུས་ཀྱིས་ཁྱོད་ནི་ངའི་ནང་སེམས་ཀྱི་ལྷ་མོར་བཀུར་བ་ཡིན། བར་ཐག་རི་ཆུ་སྟོང་ཕྲག་གིས་ཆོད་ཀྱང་མི་གྲངས་འདི་འདྲའི་མང་པོའི་ནང་ནས་ངེད་གཉིས་འཕྲད་པ་ནི་ཚེ་རབས་དུ་མའི་ལས་འཕྲོ་དང་སྐྱེ་བ་འདི་ཡི་དྲན་ཤིང་ཞིག་ཏུ་བསམས། ཁོ་བོའི་སེམས་ཁོང་དུ་མེ་ཏོག་བཞིན་བཞད་དེ་སེའུ་འབྲུ་བཞིན་མངར་བའི་སྙིང་ཉེ་བའི་མི།
གཡུ་ལགས། ནམ་མཁར་བྱ་གླག་ཅིག་འཕུར་ན་ངས་ཁྱོད་རང་དྲན་ལ། བར་སྣང་ནས་སྤྲིན་པ་ལེབ་མོ་ཞིག་ཁྱོད་ཀྱི་ཕྱོགས་སུ་རྒྱུ་བ་མཐོང་ནའང་ངས་ཁྱོད་རང་དྲན་སྲིད། དེ་རིང་ཡང་སྔོན་ཆད་ངེད་གཉིས་ཐོག་མར་ལྷན་འཛོམས་བྱུང་བའི་ཉིན་མོར་ཁ་བ་ལྷབ་ལྷུབ་ཅིག་ཡིད་འོང་མེ་ཏོག་གི་འདབ་མའི་ཟོལ་གྱིས་ག་ལེར་བབས་པས། ངས་ཉིན་དེར་ཁྱོད་ལ། ང་ནི་མ་གཞི་ནས་ཁ་བ་ལ་དགའ་ཞིང་། ལྷག་པར་དུ་དེ་རིང་འབབ་པའི་ཁ་བ་ལ་ང་རང་ཧ་ཅང་དགའ་བ་བརྟས་ཡོད་ཅེས་བཤད་དེ། དེ་རིང་གི་ཁ་བ་འདི་ནི་དཀར་ཕྱོགས་ལྷ་ཡིས་ངེད་གཉིས་ཀྱི་ལྷན་འཛོམས་ཀྱི་ཉིན་མོར་ཆེད་དུ་ཕབ་པའི་དངོས་གྲུབ་ཅིག་ཏུ་བསམས་ཆོག་སྟེ། ངེད་གཉིས་ཀྱིས་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཏུ་བརྩིས་ཆོག་ཨང་ཞེས་ངས་ཁྱོད་ལ་ཀུ་རེའི་ཚུལ་དུ་ལབ་པ་འདིས་དྲན་པར་སོས་སམ། སེམས་སོང་གི་མི་ལགས།
དེ་རིང་ཡང་སྐབས་དེ་དུས་ཀྱི་ཁ་བ་ལྷབ་ལྷུབ་ཅིག་ཡིད་འོང་མེ་ཏོག་གི་འདབ་མ་ཚུལ་གྱིས་འདི་གར་འབབ་བཞིན་མཆིས་པས། ངས་ཁ་བ་འདི་ནི་ཁྱོད་མཚོན་བྱེད་ཀྱི་དངོས་གྲུབ་ཅིག་ཏུ་བརྩིས་ཏེ་ཁྱོད་ཉིད་དྲན་བཞིན་པའི་སྒང་ཡིན། དེ་རིང་གི་ཁ་བ་འདི་ཉིད་ལོ་སྔོན་མའི་ཁ་བ་བབས་པ་དང་མི་འདྲ་བར་རབ་ཏུ་དཀར་ཞིང་ཡིད་དུ་འོང་བའི་སྣང་བ་ཞིག་གིས་ཟིན་པར་གྱུར། རབ་དཀར་ཁ་བའི་མེ་ཏོག་དང་ཡིད་དུ་འཐད་པའི་སེམས་སོང་ཁྱོད་གཉིས་ནི་ང་ཡི་ནང་སེམས་སུ་མར་ཁུ་བཞིན་འཁྱིལ་བས་ན་ང་རང་ཧ་ཅང་སྐྱིད་པ་ཞིག་བྱུང་། སེམས་ཀྱི་མི། ཁྱོད་ཀྱིས་དཀར་བོང་བོང་གི་ཁ་བ་འབབ་པའི་ས་སྲོད་ཅིག་དྲན་ནམ། ཁ་བའི་ཁྲོད་ནས་རྙེད་པའི་ཁྱོད་ལ་བརྩེ་དུང་གི་གཏམ་རྒྱུད་འབྲི་རོགས་ཀྱི་ཁོ་བོ་དྲན་ནམ། ཕལ་ཆེར་དྲན་བཞིན་ཡོད་ལ་དྲན་པའི་མོད་ལ་དྭངས་གཙང་གི་མིག་ཆུ་རྡོག་མ་རེ་རེ་མིག་ཀོང་ནས་མཁུར་མགོར་ག་ལེར་འགྲིལ་བཞིན་ཡོད་ལས་ཆེ།
གཡུ་ལགས། དྲན་ཀྱང་ལོས་སྲིད། ཁྱོད་ཉིད་ངའི་བརྩེ་དུང་གི་གུར་ཁང་དུ་སླེབས་པ་ནས་བཟུང་། ངས་ཀྱང་གསེར་ལས་ལྷག་པའི་དུས་ཚོད་ཀྱི་རྟ་ཁ་ཁྱོད་ཕྱོགས་སུ་འཐེན་ཏེ། བྱ་བའི་གོ་རིམ་དང་དཔེ་ཀློག་གི་འཆར་གཞི་ལ་འཐུས་ཤོར་ཨེན་ཙམ་རེ་བྱུང་ཡང་། འདི་ལྟར་ངེད་གཉིས་ཀྱིས་འཇིག་རྟེན་གྱི་གནས་ལུགས་དང་མཐུན་པའི་སྒོ་ནས་སེམས་ཀྱི་ཟབ་སར་སྨིན་པའི་བརྩེ་དུངས་ཀྱི་དབུ་ཁྱུད་བྲིས་པ་ནས་བཟུང་། འགྱོད་སེམས་ཀྱིས་འཁང་ར་དང་རེ་ཐག་གིས་ལེ་བདའ་ཅི་ཡང་བྱས་མ་མྱོང་ལ་བྱེད་ཀྱང་མི་སྲིད། བརྩེ་དུང་ཞེས་པའི་ཡིག་འབྲུ་འདི་གཉིས་ནི་རོ་བཅུད་ལྡན་པའི་བདུད་རྩི་བཞིན་མ་འཐུང་ན་བཟི་འགྲོ་ལ། འཐུང་དང་ན་དེ་བས་ཀྱང་བཟི་འགྲོ་བའི་གནས་ལུགས་ཀྱི་བདེན་ཁ་གསལ་ཡང་། ངེད་གཉིས་ནི་བརྩེ་དུངས་ཀྱི་ཞགས་པས་དམ་དུ་བཅིངས་པའི་རྐྱེན་གྱིས། བརྩེ་དུང་དང་རྒྱང་དུ་བཀྱེད་འགྲོ་བའི་ལྡོག་སེམས་དེ་ནམ་ཡང་མེད་ཅིང་། འགྱུར་མེད་རྟག་བརྟན་གྱི་བརྩེ་དུངས་རྣལ་མར་ཕམ་ཉེས་ཤིག་ནམ་ཡང་མི་འབྱུང་བར་ཤོག་ཅེས་སྨོན་ལམ་རྒྱག་པའི་གྲས་སུ་ཐེ།
གཡུ་ལགས། དེ་རིང་གི་ཁ་བའི་མེ་ཏོག་གི་འདབ་མ་ནི་བས་མཐའི་སུ་ཞིག་གི་བརྩེ་དུང་ལ་དྲན་སྐུལ་གྱི་ཆེད་དུ་འབབ་བཞིན་པ་འདྲ་བས། ངས་ལག་པ་ཁ་བའི་ཁྲོད་དུ་བསྲིངས་ཏེ་ལག་པའི་སྙིམ་མཐིལ་དུ་ག་ལེར་ལྷུང་བའི་ཁ་བ་ནི་སྐར་རྡོག་གཅིག་ལའང་མི་སྡོད་པར་ཞུ་འགྲོ་ཚུལ་གྱི་རྣམ་པ་དེ་མཐོང་བའི་མུར། ངས་འུ་གཉི་གའི་བརྩེ་དུང་ཀྱང་ལག་མཐིལ་དུ་ལྷུང་བའི་དེ་རིང་གི་ཁ་བ་ནང་བཞིན་དུས་ཡུན་ཐུང་ངུ་ཞིག་གི་སྒྱུ་འཕྲུལ་ཨེ་ཡིན་ནམ་སྙམ་ན། སྐྲག་སྣང་འཚབ་འཚུབ་ཀྱི་ཚོར་རླུང་ཐོལ་ཐོལ་ཞིག་ང་ཡི་སེམས་ཀྱི་རྩྭ་ཐང་དུ་ག་ལེར་ལྡང་ཡོང་། ཡིན་ནའང་། འདི་ལྟར་ཁ་བ་འབབ་པ་ནི་ང་ལ་མཚོན་ན་རེ་སྒུག་ཅིག་གི་དུས་ཆད་དང་སླད་མ་འདྲེས་པའི་བརྩེ་དུང་ཞིིག་གི་དྲན་པར་སེམས་པས། ཉིན་གུང་གི་ཆ་འདིར། ཉི་འོད་འཇམ་པོ་ཞིག་གི་འཛུམ་ཞལ་ཁྲོད་ན་ཁ་བ་དཀར་དཀར་གྱི་མེ་ཏོག་ལྷབ་ལྷུབ་ཏུ་འཐོར་བའི་སྐབས་འདིར། ཏག་ཏག་ངས་ཁྱོད་རང་དྲན་བཞིན་པའི་དུས་ཤིག་ཡིན་ཏེ། ཁ་བའི་རང་མདངས་བཞིན་ཁྱོད་ཀྱི་སེམས་རྒྱུད་དཀར་ཞིང་ཁ་བའི་མེ་ཏོག་གི་ལང་ཚོ་ལྟར་ཁྱོད་ཀྱི་སྐྱེ་གཟུགས་ཀྱང་འདི་དང་ཆ་འདྲ་བ་ཡིན་སྟབས། ངའི་ལག་མཐིལ་དུ་ཁ་བ་འབབ་པའི་ཚོར་བ་ནི་ཁྱོད་ཀྱིས་མགོ་བོ་ང་ཡི་པང་ལ་བསྙེས་ཏེ། ནུས་ཤུགས་གང་ཡོད་དང་ལྷག་བསམ་ཆེར་བསྐྱེད་ཀྱིས་ངེད་གཉིས་ཀྱི་མ་འོངས་པའི་འོད་ཟེར་སྟོང་ལྡན་གྱི་མདུན་ལྗོངས་ལ་འཆར་གཞི་ཇི་ལྟར་འཐེན་པའི་སྐབས་ཀྱི་ཚོར་བ་ཞིག་དང་གཉིས་སུ་མ་མཆིས་པ་འདྲ།
སེམས་སོང་གི་གཡུ་ལགས། ཁ་བའི་མེ་ཏོག་གི་འདབ་མ་ལྷབ་ལྷུབ་ཏུ་བབས་ནས་དུས་ཚོད་གཅིག་ཡས་མས་ཤིག་འགོར་སོང་བ་འདྲ། ད་ནི་ཁ་བ་འབབ་མཚམས་བཞག་ཟིན་ལ། ངས་ཀྱང་ཁྱོད་རང་དྲན་པའི་སེམས་ཚོར་ཡང་འདི་ནས་འབྲི་མཚམས་འཇོག་རྩིས་ཡིན། ངེད་གཉིས་ཀྱི་མཇལ་འཛོམས་ཀྱི་རེ་སྒུག་དང་བརྩེ་བའི་ཆུ་རྒྱུན་ཡང་དེ་རིང་གི་ཁ་བའི་མེ་ཏོག་གི་འདབ་མ་ལྟར་ལྷད་མེད་དྭངས་གཙང་ངེ་བ་ཞིག་ཏུ་མུ་ནས་འགྱུར་བར་ཤོག །སེམས་ཀྱི་འཁྲི་ཤིང་། བརྩེ་བས་ཁེངས་ཤོག