གཞོན་ནུའི་ལང་ཚོའི་འཁྲི་ཤིང་རྒྱས་པའི་རྩེར། །
འཛུམ་དཀར་མེ་ཏོག་བཞད་པའི་བཞིན་བཟང་མའི། །
བུང་བའི་སྤྱན་ཟུང་གཡོ་བའི་རྣམ་འཕྲུལ་འདིར། །
ངོ་མཚར་སྟོང་གི་ལྟད་མོ་གཤིས་སུ་གྲུབ། །
དུང་སེམས་ཡིད་མཚོ་འཁྱིལ་བའི་མཛའ་ན་མོ། །
གཏན་གྱི་གྲོགས་སུ་འགྲོགས་པའི་དམ་བཅའ་འདི། །
མ་བྱས་ཆོས་ཉིད་ནམ་མཁའི་ལྷ་མོའི་གཟུགས། །
དྲན་གདུང་ར་བའི་དཀྱིལ་འདིར་མ་ཚུད་བར། །
དམར་ཆུང་དྲན་པའི་སེམས་ཀྱི་ལྡིང་ཁང་ན། །
བརྗེད་མེད་སྤྲིན་དཀར་དར་གྱི་མདུད་པ་འདི། །
ཆགས་བྲལ་སྒྱུ་མའི་གཤིས་སུ་མ་གྲོལ་བར། །
སྟོང་བསམ་འདི་ལ་ཟད་མཐའ་མེད་དམ་སྙམ། །
འགྱུར་མེད་སེམས་ཀྱི་བཟོས་པའི་གར་མཁན་མ། །
གཏད་མེད་ནམ་མཁའི་དབྱིངས་སུ་ཐིམས་པའི་ཚེ། །
ད་དུང་ཞེན་གོག་འཐུག་པོའི་རྒྱར་ཚུད་ན། །
ཆོས་ཉིད་འདུས་མ་བྱས་དེ་ཇི་ལྟར་མཇལ། །
འདོད་ཁམས་སྲིད་པ་མི་ཡི་འཇིག་རྟེན་ན། །
མི་སྲིད་བྱ་བ་གཅིག་ཀྱང་མེད་ན་ཡང་། །
སྲིད་པའི་ས་བོན་རུལ་བའི་སྣང་ཚུལ་ཞིག །
རྟོག་པ་གཉིས་ཀྱི་བར་ན་འཆར་བར་ངེས། །
དེ་སྐད་རང་བྱུང་དྲན་པའི་ཁང་ཁྱིམ་ན། །
རང་གསལ་ཡིད་འགྱུར་ཉམས་ཀྱི་ན་ཆུང་མས། །
རང་བཞིན་གཞི་ཡི་སྙན་ཚིག་རོལ་དབྱངས་ཤིག །
ངལ་གསོའི་བསྟི་གནས་གུང་གསེང་མཚམས་སུ་བསྩལ། །