གླེང་གཞི།
བོད་ཀྱི་ཡིག་གཟུགས་ལ་སྤྱིའི་ཆ་ནས་གཟབ་དང་གཤར་ཏེ་དབུ་ཅན་དང་དབུ་མེད་གཉིས་སུ་དབྱེ། བྱེ་བྲག་ཏུ་དབུ་ཅན་ལ་ནང་གསེས་ཀྱི་ལི་ལུགས་དང་ལྡན་ལུགས་བྱ་བ། དབུ་མེད་ལའང་ཚུགས་རིང་དང་ཚུགས་ཐུང་། འཁྱུག་ཡིག །ཚུགས་མ་འཁྱུག་སོགས་ཀྱིས་མཚོན་པའི་བྲིས་གཟུགས་སྣ་མང་ཞིག་ཡོད། དབུ་མེད་ཀུན་གྱི་ཕྱི་མོ་ནི་ཚུགས་རིང་ཡིན་པར་སྨྲ། ཕྱི་མོ་དེ་ལ་དཔེ་བྱས་པའི་ས་བྲིས་ལྟ་བུའི་དབུ་མེད་ཀྱི་ཡིག་གཟུགས་ཕལ་མོ་ཆེར་སོ་སོའི་རྐང་པ་རིང་པོ་དང་། རྐང་པ་ཐུང་ངུ་། ན་རོ་འཁྱུག་པ་དང་། ནར་མོ་སོགས་སྤྱོད་གང་བདེ། དེ་བཞིན་མིག་ལ་གང་མཛེས་བྲིས་པས་དབུ་ཅན་ལས་དབུ་མེད་ཀྱི་ཡིག་གཟུགས་སྣ་མང་བ་དང་། སྤྱོད་བདེ་བ། ཡི་གེ་མང་ཤོས་ཀྱི་ཡིག་འབྲུ་རེའི་ཆ་ཤས་བྲིས་ཏེ་གཞན་བསྐུངས་པ། ཡང་ན་ཡིག་འབྲུ་ཧྲིལ་གྱིས་བསྐུངས་པ་སོགས་བྱས་ཀྱང་དོན་སྟོན་ནུས་ཤིང་། ལྟ་ཀློག་ལའང་མི་གནོད་པར་མ་ཟད། སྣག་ཤོག་དང་། དུས་ཚོད་སོགས་གྲོན་ཆུང་དུ་གཏོང་ཐུབ་པས་སྤྱོད་སྒོ་མང་ཆེ་བ་དབུ་མེད་ཀྱི་རིགས་འདི་གྱུར་པ་རེད། དེ་ལས་ཀྱང་ས་བྲིས་འདི་ཉིད་སྤྱོད་བདེ་ཞིང་། ལོ་རྒྱུས་རིང་བར་བཤད་པ་དང་། མདོ་ཁམས་ཀྱི་དགོན་སྡེ་མང་ཆེ་བའི་རྒྱུན་སྤྱོད་ཡིག་གཟུགས་སུ་གྱུར་པས་གཤམ་ནས་ས་བྲིས་ངོ་སྤྲོད་ཅུང་ཙམ་བྱ་རྒྱུ་ཡིན།
ས་བྲིས་ཀྱི་བྱུང་བ།
ས་ཆ་རེ་རེར་བྲིས་རྒྱུན་མི་འདྲ་བ་དང་། ཐུན་མིན་གྱི་ཁྱད་ཆོས་དང་ལྡན་པའི་བྲིས་གཟུགས་རེ་དར་བ་ན། བྲིས་གཟུགས་གང་དེར་ཡུལ་དང་ས་ཆ་དེའི་མིང་གི་ཆ་ཤས་ལ་བྲིས་ཞེས་པའི་ཚིག་གྲོགས་སྦྱར་ཏེ་སྤྱོད་པའང་མང་ཙམ་འདུག་སྟེ། དཔེར་ན་སྙེ་བྲིས་དང་། ཨེ་བྲིས། སྡེ་བྲིས། རྫོགས་བྲིས། ཀུ་བྲིས། ས་བྲིས་ཞེས་པ་ལྟ་བུ་བྱུང་བ་རེད་འདུག་ལ། དེ་དག་ལས་ས་བྲིས་ཞེས་པའི་བྲིས་འདིའི་བྲིས་རྒྱུན་ནི་ལོ་ཆེན་བཻ་རོ་ཙ་ན་ལ་ཐུག་པའི་ལོ་རྒྱུས་དང་ངག་སྒྲོས་མང་དུ་སྣང་།
དེ་ཡང་ལོ་ཆེན་བཻ་རོ་ཙ་ན་དང་རྒྱལ་མོ་གཡུ་སྒྲ་སྙིང་པོ་གཉིས་ཀ་རྒྱལ་མོ་ཚ་བ་རོང་ནས་ཡར་དབུས་སུ་ཕེབས་དུས་དཔལ་ཡུལ་བརྒྱུད་ནས་ཕེབས་ཤིང་། དེར་མཆོད་རྟེན་བཞེངས་པ་དང་། གཏེར་ཁ་སྦས་པ་སོགས་བཤད་དེ། བཻ་རོའི་འདྲ་འབག་ཆེན་མོར། དཔལ་ཡུལ་ཀོང་ཡག་ཐང་དུ་སྐྱེལ་ཐུང་བྱས༔ རྫུ་འཕྲུལ་མཆོད་རྟེན་བརྒྱ་དང་རྩ་བརྒྱད་བཞེངས༔ ཁྱད་དུ་འཕགས་པའི་གཏེར་ཁ་མང་དུ་སྦས༔ ཞེས་གསུངས་པ་དང་། ད་ལྟའང་དཔལ་ཡུལ་རྫོང་ཁོངས་རྣམས་སུ་བཻ་རོ་ཙ་ནའི་སྒྲུབ་ཕུག་ཟེར་བ་དང་། བཻ་རོ་ཙ་ནའི་མཆོད་རྟེན་ཟེར་བ། བཻ་རོ་ཙ་ནའི་ཕྱག་འཁར་བཙུགས་ཏེ་སྐྱེས་པ་རེད་ཟེར་བའི་ལྕང་སྡོང་སོགས་རྟེན་དང་གནས་མང་ཙམ་མཆིས།
ས་བྲིས་ཀྱི་འགོ་ཁུངས་བཻ་རོ་ཙ་ན་ལ་ཐུག་པའི་ལོ་རྒྱུས་སྔར་གྱི་ཡིག་ཆ་སོགས་སུ་འཁོད་པ་ལག་སོན་མ་བྱུང་མོད། ངག་སྒྲོས་སུ་བཻ་རོ་ཙ་ན་རྒྱ་བོད་ཟ་ཧོར་ཞང་ཞུང་སོགས་ཀྱི་སྐད་དང་ཡི་གེར་ཐོགས་པ་མེད་པའི་ལོ་ཙཱ་བ་ཞིག་ཡིན་པས། ཁོང་གིས་སྣག་སྨྱུག་སོགས་རྒྱུན་པར་བསྣམས་ནས་ཕེབས་ཀྱི་ཡོད་ཅིང་། ས་ངན་གསལ་པའི་ལ་འགོ་སྤང་ཁུད་ཅིག་ཡོད་པ་དེར་སྨྱུ་གུ་ས་རུ་འཐོར་སོང་བ་དང་། གཡུ་སྒྲ་སྙིང་པོས་ཡར་སྒྲུག་པར་བརྩམས་པ་ན། དེ་ནི་ས་ཡུལ་འདི་ནས་བྲིས་ལ་མཁས་པའི་སྐྱེས་བུ་འཁྲུངས་ཤིང་། བྲིས་ཀྱི་བསྟན་པ་གང་སར་ཁྱབ་པའི་རྟེན་འབྲེལ་དུ་འདུག་གསུངས་ཏེ་སྨོན་ལམ་གནང་བ་དང་། ལ་དེ་ནས་ཐུགས་སེམས་མགུ་ཞིང་མཉེས་པོ་གནང་བས་ལ་མོ་དེར་ཡང་མགུ་མཉེས་ལ་ཞེས་ཐོགས་པར་གྲགས།
དེ་ནས་དུས་རབས་བཅོ་བརྒྱད་པའི་ནང་དུ་དཔལ་ཡུལ་རྫོང་གི་ས་ངན་གསལ་པའི་བླ་ཆུ་སྟེང་། ཕབ་ཚང་ཆོས་འགྲུབ་ཅེས་པའི་ཁྱིམ་དུ་བྱིས་པ་ཞིག་འཁྲུངས་ཤིང་། མཚན་ལ་ཨོ་རྒྱན་བསྟན་འཕེལ་དུ་བཏགས། ཆོས་འགྲུབ་ཀྱི་བུ་ཨོ་རྒྱན་བསྟན་འཕེལ(བསྟན་འཛིན)ལྡན་མ་རྩེ་མང་གི་རྣམ་སྤྲུལ་དུ་གྲགས་པ་དང་། ཁོང་སྐུ་ན་ཆུང་དུས་ནས་གཟུགས་རིས་འབྲི་བ་ལ་ཆེས་ཆེར་དགའ་བ་དང་། འབྲི་ཀློག་གཉིས་ལ་སློབ་སྦྱོང་གནང་།
ཉིན་ཞིག་ཁོང་ཉིད་མགུ་མཉེས་ལ་མོ་རུ་གཉིད་དུ་ཡུར་བ་ན། རྨི་ལམ་དུ་ཁོས་སྣག་ཚ་ཁྱོར་བ་གང་འཐུང་བ་རྨིས་ཤིང་། དུས་དེ་ནས་བཟུང་ཡིག་གཟུགས་འབྲི་བ་ལ་ཐོགས་རྡུགས་མེད་པར་ཀློང་བརྡོལ་བ་ལྟ་བུ་བྱུང་། ལྷག་པར་དུ་ཁོ་རང་གིས་རྣམ་དཔྱོད་དང་ཤེས་རབ་རྩལ་དུ་བཏོན་ཏེ་བྲིས་གཟུགས་ཤིག་གསར་གཏོད་ཐུབ་པར་གྱུར་ཅིང་། ཁོང་གིས་སྔ་དྲོའི་དུས་སུ་སྔ་ཆོག་དང་ཕྱི་དྲོའི་དུས་སུ་ཕྱི་ཆོག་གི་འདོན་ཡིག་འོད་ཆེན་ཉིན་པ་བཞི་བསྟོད་བཅས་ཉིན་རེ་ལ་འདོན་ཡིག་མྱང་གི་གཏེར་བྱོན་བཀའ་བརྒྱད་གཞི་བསྟོད་ཆེན་མོ་དེ་ཚར་རེ་འབྲི་ཐུབ་པར་གྲགས། དེ་ནི་ལོ་ཆེན་བཻ་རོ་ཙ་ནའི་ཐུགས་ཀྱི་བྱིན་རླབས་ཐོབ་པ་དང་། ལུང་བསྟན་དུས་སུ་སྨིན་པར་གྲགས་པས་བཻ་རོའི་བྲིས་རྒྱུན་དུ་གྲགས་པའི་ས་བྲིས་ཀྱི་དབུ་དེ་ནས་བརྙེས་པ་ཡིན།
ས་ངན་ཆོས་འགྲུབ་བུ་ཨོ་རྒྱན་བསྟན་འཕེལ་ལས་ཉིན་དགོན་ཐུབ་བསྟན་བྱང་ཆུབ་གླིང་གི་བསྟན་བདག་བྱང་ཆུབ་ཆོས་ཀྱི་སེངྒེ་བྱ་བ་སོགས་ཀྱིས་སྦྱངས་པ་དང་། བྱང་ཆུབ་ཆོས་ཀྱི་སེངྒེ་ཞེས་པ་ས་བྲིས་ཀྱི་བྲིས་རབས་གཉིས་པ་ཡིན་ལ། ཁོང་ནས་ས་བྲིས་འདི་རིམ་བཞིན་དར་རྒྱས་ཀྱི་འགོ་ཚུགས་པར་གྲགས།
བྱང་ཆུབ་ཆོས་ཀྱི་སེང་གེས་སློབ་ཚོགས་མང་པོ་བསྐྱངས་པ་དང་། དེ་དག་ལས་གཙོ་བོར་གྱུར་པ་ར་ཚ་ཤེས་རབ་བཟང་པོ་ཟེར་བ་བྱུང་ཞིང་། ཁོང་གིས་ས་བྲིས་སོགས་རིག་གནས་ཀུན་ལ་མཁྱེན་ཐོགས་མེད་པར་བསླབས་པ་དང་། ཁྱད་པར་དུ་ས་བྲིས་ཀྱི་བྲིས་རྒྱུན་འདི་སྤེལ་བས་ཁོང་ནི་ས་བྲིས་ཀྱི་བྲིས་རབས་གསུམ་པ་ཡིན།
ར་ཚ་བ་ཤེས་རབ་བཟང་པོའམ་ར་ཚ་ཤེས་རབ་ལས་ཆག་སློག་ཅེས་པས་སྦྱངས་ཤིང་སློབ་མའང་མང་དུ་བསྐྱངས་པ་དང་། ཁོང་གི་སློབ་མ་ཚེ་རིང་ལྷུན་གྲུབ་ཅེས་པ་ནས་འབྲི་ཆུའི་ཕ་རིའམ་ས་ངན་རོང་མིའི་ཡུལ་དུ་རྒྱལ་ཁྲི་ཞེས་པའི་ཕྱོགས་སུ་དར་འགོ་ཚུགས་ཤིང་། དེ་ལ་རོང་བྲིས་སུ་གྲགས་ཀྱང་གཙོ་བོ་ས་བྲིས་ཀྱི་བྲིས་འདིའམ་བྲིས་རྒྱུན་འདི་ལས་གཞན་མེད་ལ། ཆག་སློག་གིས་ཚེ་རིང་ལྷུན་གྲུབ་ཀྱི་བྲིས་དེ་དགེ་རྒན་ཁོའི་བྲིས་དཔེའམ་ས་བྲིས་དང་བསྡུར་ན་དབྱངས་དང་འདོགས་ཅན་རྣམས་རིང་བ་དང་། ཡིག་གཟུགས་ཕལ་ཆེ་བ་ནར་མོའམ་རིང་མོའི་བཟོ་དབྱིབས་ཤིག་འདུག་པས་ཁོ་ཚོའི་བྲིས་རྒྱུན་གྱི་ས་བྲིས་དང་མི་འདྲ་ཞེས་གསུངས་པར་གྲགས།
ས་བྲིས་འདི་ཉིད་ས་ངན་ཡུལ་ནས་རིམ་བཞིན་སྒ་རྗེ་ཡི་ཕྱོགས་དང་། ས་དམར་བའི་ཕྱོགས། གླིང་ཁ་གཤིས་པ་སོགས་ནས་རིམ་པས་མཆེད་དེ། ད་ལྟའི་དཔལ་ཡུལ་རྫོང་ཁོངས་ཀྱི་ས་གནས་སོ་སོ་གཙོས་པའི་ཁམས་ཕྱོགས་ཕལ་ཆེར་དང་། མགོ་ལོག་སྡེར་ནང་གཙོ་བོར་བྱས་པའི་ཨ་མདོའི་ཕྱོགས་ཀྱི་དགོན་སྡེ་རྣམས་སུ་དར་འགོ་ཚུགས་ཤིང་། མདོ་ཁམས་གཉིས་ཀྱི་དགོན་སྡེ་མང་ཆེ་བའི་རྒྱུན་སྤྱོད་ཡིག་གཟུགས་སུ་གྱུར་ལ། ད་ལྟའི་མགོ་ལོག་སྡེར་ནང་ས་བྲིས་ཞེས་པ་དང་། རོང་བྲིས་ཞེས་པ་སོགས་ཀྱི་བྲིས་རྒྱུན་ནམ་མ་དཔེ་དངོས་ནི་ས་ངན་ས་བྲིས་སམ། ད་ལྟའི་དཔལ་ཡུལ་ས་བྲིས་འདི་ཁོ་ན་ཡིན།
སྒ་རྗེ་དང་ས་དམར་ཕྱོགས་སུའང་བྲིས་པ་རབས་དང་རིམ་པ་བྱུང་ཞིང་། ད་ལྟ་དཔལ་ཡུལ་རྫོང་ཁོངས་སུ་ས་བྲིས་འཁྲུལ་མེད་འབྲི་བའི་བྲིས་པ་འགྱུར་མེད་ཚེ་དབང་ངམ་ཨ་འགྱུར་སོགས་འགའ་ཞིག་ལས་མེད།
ས་བྲིས་ངོ་སྤྲོད།
གསེར་སྡོང་འཛམ་གླིང་རྒྱན་གཅིག་ལས། ཐུ་མིའི་ཡིག་རྒྱུན་རིམ་གྱིས་བརྒྱུད་དེ་ཁྱུང་པོ་གཡུ་ཁྲི་དང་སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་པ་རྫབ་ཆེན་དང་། རྫབ་ཆུང་། འབྲུ་ཆེན་དང་འབྲུ་ཆུང་། འབྲུ་ཆེན་ལ་ལི་ལུགས། ལྡན་ལུགས། ཤར་མ། དཀྱུས་ཡིག འབྲུ་ཚ། སྒོང་ཞབས་མ། ཕྱིས་བརྩམས་ཀྱི་ཡི་གེ་དང་། མཁའ་འགྲོའི་བརྡ་ཡིག་ལ་སོགས་པ་རྣམ་གྲངས་མཐའ་ཡས་པ་ཡོད་པ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། །བཤར་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། །ཞེས་གསུངས་ཤིང་། གཞན་ས་བྲིས་ཀྱི་མཁན་པོ་ཨོ་རྒྱན་བསྟན་འཕེལ་གྱི་ཕྱག་བྲིས་དང་། ར་ཚ་ཤེས་རབ་སོགས་ཀྱི་བྲིས་རྙིང་དང་། དགོན་སྡེ་སོ་སོར་བཞུགས་པའི་ས་བྲིས་ཀྱི་གནའ་དཔེ་རྙིང་པ་རྣམས་ལ་བསྡུར་ཞིང་བརྟགས་ན། ས་བྲིས་ནི་རྫབ་ཆུང་ངམ་གཤར་བྲིས། ཡང་ན་དབུ་མེད་དམ་ཡིག་ནག་ཏུ་བཏགས་པའི་རིགས་སུ་གཏོགས་པའི་བྲིས་གཟུགས་ཤིག་རེད་འདུག
ས་བྲིས་ཀྱི་ཁྱད་ཆོས་གཙོ་བོ་ནི། བྲིས་ཚུགས་ལ་ཐུན་མོང་གི་ལི། ཁམ། ཛར་གསུམ་འཛོམས་པ་དང་། ཐུན་མིན་གྱི་ཁྱད་ཆོས་ཕྱི་ལ་ཤ་ཚུགས་དང་། ནང་ལ་སྤུ་ཚུགས། ཕྱི་ནང་གཉིས་ལ་རུས་ཚུགས་ཟེར་བའི་བྲིས་ཚུགས་ཤིག་ཡོད་ཅིང་། བྲིས་ཚུགས་འདི་དག་ས་བྲིས་ཁོ་ནར་འཛོམས་པའི་ཁྱད་ཆོས་ཤིག་ཡིན་པས། ཚུགས་འདི་འདྲ་འཛོམས་པ་ཤར་གངས་ལ་མན་ཆད་དུ་མེད་ཅེས་ས་བྲིས་མཁན་པོས་གསུངས་པར་གྲགས།
གཞན་ཡང་ས་བྲིས་ཀྱི་བྲིས་གཟུགས་དབྱིབས་གྲུ་བཞི་ཡིན་པ་དང་། ཆེ་ཆུང་ཆ་སྙོམས་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་ཁྱད་ཆོས་དང་། ཡིག་གཟུགས་འབྲུ་ཚ་ཡི་ཝ་འབྲུ་བཅས་བྲིས་གཞན་དག་དང་འབྲི་ཚུལ་གཏན་ནས་མི་འདྲ་བ་དང་། ཞ་ཡིག་ལྟ་བུ་ཡིག་འབྲུ་གཅིག་ལའང་འབྲི་ལུགས་ཁ་ཞ་ཟེར་བ་དང་། ན་ཞ་ཟེར་བའི་འབྲི་སྟངས་སོགས། འབྲི་ཀློག་བདེ་བ། རྒྱུད་པ་མ་ཉམས་པ། ལོ་རྒྱུས་རིང་བ་སོགས་ཀྱི་ཁྱད་ཆོས་དང་ཡང་ལྡན་པ་རེད།
ས་བྲིས་ལ་ནང་གསེས་སུ་འབྲུ་ཚ་དང་། ཡིག་ཆེན། ཡིག་ཆུང་བཅས་གསུམ་ཙམ་དབྱེ་རྒྱུ་ཡོད་ལ། ས་བྲིས་ཀྱི་འབྲུ་ཚ་ནི་ངོ་བོ་ས་བྲིས་ཡིན་པ་ལ་འབྲུ་ཚ་རྐང་ཐུང་གི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་ལ། གཙོ་བོ་ཁ་བྱང་འབྲི་བ་སོགས་སུ་བེད་སྤྱོད་ཆེ་བ་ཡིན་ཏེ། དཔེ་ཆ་དང་གཞུང་གང་ཡིན་གྱི་དབུ་བྱང་ནི་གསལ་ལ་སྒྲོས་པ། ཉམས་དང་ལྡན་པ་དགོས་པས་ས་བྲིས་ཀྱི་འབྲུ་ཚ་ནི་ས་བྲིས་ལས་འབྲུ་ཆེ་བ་དང་། བརྗིད་པ། གཟབ་དང་མཐུན་པར་འབྲི་དགོས་ཤིང་།སྐུང་ཡིག་ཀྱང་མང་པོ་འབྲི་མི་ལོ་བས་འདོན་བདེ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པས་དཔེ་ཆའི་ཁ་བྱང་དང་། བཀའ་རྒྱ། བསྒྲགས་ཡིག ། སྒྲིག་ཡིག་སོགས་སུ་སྤྱོད་པ་མང་། ཡིག་ཆེན་ནི་གཙོ་བོ་གཞུང་ཡིག་སྟེ་འདོན་ཆ་ལྟ་བུ་ལས་གཞུང་རྣམས་ལ་སྤྱོད་པ་མང་ཆེ་སྟེ། གཞུང་ཡིག་ནི་འབྲུ་ཚུགས་ཐུབ་པ། དབྱངས་ཡིག་རྣམས་ཆེ་ཆུང་རན་པས་ཐིག་ཕྲེང་གོང་འོག་ལ་གནོད་མི་སྐྱེལ་ཞིང་། མི་འཛིང་བ་དང་། ཡི་གེ་གཅིག་གི་ཆ་ཤས་སམ་ཡང་ན་ཚིག་གྲོགས་ལྟ་བུ་བྲིས་ཏེ་ཡི་གེ་དངོས་བསྐུངས་ཀྱང་ཀློག་ལ་བྱང་བའི་འདོན་མཁན་ཞིག་གིས་ཀློག་འདོན་དང་གོ་བ་སྐྱེད་པར་མི་གནོད་ཅིང་། ཤོག་སྣག་སོགས་ཀྱང་གྲོན་ཆུང་བྱ་ཐུབ་པས་འདི་ཉིད་གཙོ་བོ་གཞུང་ཡིག་གམ་མཆན་དང་དབུ་བྱང་ལས་གཞན་པའི་ཡི་གེ་མང་ཤོས་སུ་འདི་ཉིད་སྤྱོད་པ་ཡིན།
ཡིག་ཆུང་ནི་ངོ་བོ་ས་བྲིས་ཡིན་པ་ལ་འབྲུ་ཚ་དང་ཡིག་ཆེན་སོགས་དང་མི་འདྲ་བར་ཡིག་འབྲུ་ཡང་ཆུང་ངུར་འབྲི་བ་དང་། འབྲི་སླ་ལ་རང་གི་ཁྱད་ཆོས་དང་ལྡན། སྤྱོད་ཡུལ་ཡང་བར་སྐབས་ཀྱི་མཆན་ལྟ་བུ་དང་། དབུའི་ཁ་བྱང་ཆུང་བ། མཇུག་གི་མཛད་བྱང་སོགས་སུ་བྲིས་པ་དང་། གོང་རིམ་ལ་སྙན་ཞུ་དང་སྤྲིངས་ཡིག་སོགས་རྒྱུན་སྤྱོད་ཀྱི་ཟིན་བྲིས་འདེབས་པ་སོགས་སུ་སྤྱོད་པ་མང་།
མཇུག་བསྡུ་བ།
ས་བྲིས་འདིའི་བྲིས་རྒྱུན་གྱི་ཁུངས་ནི་དཔལ་ཡུལ་རྫོང་ཁོངས་ཀྱི་ས་ངན་གསལ་པའི་ཡུལ་དེར་ཐུག་པ་དང་། རྒྱུད་པའི་ཁུངས་ནི་ལོ་ཆེན་བཻ་རོ་ཙ་ན་ལ་ཐུག་པར་བཤད་ཅིང་། བྲིས་འདིར་འབྲུ་ཚ་དང་། ཡིག་ཆེན། ཡིག་ཆུང་གསུམ་གྱི་དབྱེ་བ་ཡོད་པ་དང་། ཕྱི་ལ་ཤ་ཚུགས། ནང་ལ་སྤུ་ཚུགས། ཕྱི་ནང་གཉིས་ལ་རུས་ཚུགས་ཟེར་བའི་བྲིས་ཚུགས་ཐུན་མོང་མ་ཡིན་པ་ཞིག་ལྡན། གཞན་ཀློག་བདེ་བ་དང་། འབྲི་སླ་ཞིང་། ཡིག་གཟུགས་ཆེ་ཆུང་ཆ་མཉམ་པས་མིག་ལ་མཛེས་ཤིང་ཡིད་ཀྱི་དང་བ་འདྲེན་ཐུབ་པའི་ཁྱད་ཆོས་དག་འཛོམས་ཀྱང་། ད་ལྟའི་གནས་སྐབས་སུ་ས་བྲིས་འབྲི་བའི་བྲིས་པ་ཉུང་བ་དང་། གཞུང་སྒེར་ཀུན་ནས་རྩ་ཆེ་བའི་བྲིས་རྒྱུན་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འཐུས་ཤོར་བའི་སྣང་ཚུལ་ཞིག་འདུག་པས། རྩ་ཆེའི་བྲིས་རྒྱུན་འདིའི་རྒྱུན་ཆད་ལ་ཉེ་བའི་ཉེན་ཁ་ཞིག་དང་འཕྲད་བཞིན་པའི་སྣང་ཚུལ་དང་ལྡན་པས། རྩ་ཆེའི་བྲིས་རྒྱུན་འདི་ཉིད་ལ་ཞིབ་འཇུག་དང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཤིན་ཏུ་གལ་འགངས་ཆེ་བར་མཐོང་། མིག་སྔར་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བྲིས་རྒྱུན་འདི་དང་འབྲེལ་བའི་ལོ་རྒྱུས་ཡིག་ཆ་སོགས་ཁུངས་བཙུན་གྱི་རྒྱུ་ཆ་ལག་སོན་བྱུང་མེད་ཀྱང་། འབྱུང་འགྱུར་འདིའི་ཐད་ལ་རྒྱུ་ཆ་འཚོལ་སྡུད་དང་ཞིབ་འཇུག་ཟབ་མོ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་སུ་སྣང་ངོ་། །