ཨོ་སི་ཁྲུ་ལི་ཡ་སྐམ་ས་ཆེན་པོ་དང་ལྷོ་སྣེ་གླིང་། ལྷོ་བྱང་མེ་གླིང་། ཨེ་ཤ་ཡ་གླིང་བཅས་ཀྱི་བར་རྒྱུད་ཀྱི་འབྱམས་ཀླས་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་སྟེང་གི་གླིང་ཕྲན་མང་པོས་གྲུབ་པའི་ཡུལ་ཁོངས་ལ་རྒྱ་མཚོ་ཆེན་པོའི་གླིང་ཞེས་འབོད། རྒྱ་མཚོ་ཆེན་པོའི་གླིང་གི་བྱང་ཤར་མེ་གླིང་དང་ཁ་གཏད་དུ་གནས་ཤིང་། ནུབ་བྱང་ཨེ་ཤ་ཡ་གླིང་དང་ཉེ་བར་བཅར་ཡོད། རྒྱ་མཚོ་ཆེན་པོའི་ལྷོ་རྒྱུད་དང་ལྷོ་སྣེ་གླིང་བར་ལ་རྒྱ་མཚོས་བར་ཆོད་ཅིང་། ནུབ་རྒྱུད་ཧིན་རྡུ་རྒྱ་མཚོ་དང་མཚེ་མར་བཅར་ཡོད།
རྒྱ་མཚོ་ཆེན་པོའི་གླིང་གི་སྐམ་སའི་སྤྱིའི་རྒྱ་ཁྱོན་ལ་སྨི་སྤྱི་ལེ་གྲུ་བཞི་མ་ཁྲི་897ཡོད་པ་དང་། དེས་སའི་གོ་ལའི་སྐམ་ས་སྤྱིའི་རྒྱ་ཁྱོན་གྱི་6%ཟིན་ཞིང་། གླིང་ཆེན་བདུན་ལས་ཆེས་ཆུང་བའི་གླིང་ལ་ངོས་འཛིན། རྒྱ་མཚོ་ཆེན་པོའི་གླིང་ལ་དབྱིན་སྐད་དུ་Oceaniaཞེས་བྱ་ཞིང་། དེ་རྒྱ་མཚོ་ཆེན་པོས་ཡོངས་སུ་བསྐོར་བའི་སྐམ་ས་ཞེས་པའི་དོན་དུ་འགྲེལ། མིང་དེ་ནི་ཏན་མེག་གི་ས་ཁམས་ཆེད་མཁས་པ་མཱ་ཨེར་ཋི·བྷོ་ལོན་གྱིས་སྤྱི་ལོ་1812ལོར་བཏགས་པར་བཞེད།
རྒྱ་མཚོ་ཆེན་པོའི་གླིང་ནི་ཨོ་སི་ཁྲུ་ལི་ཡ་སྐམ་ས་ཆེན་པོ་དང་། ནེའུ་ཙི་ལན་གླིང་། ཞིན་ཀེའུ་ནེ་ཨ། ཐཱ་སི་མ་ནེའུ་ཨ་གླིང་། མེ་ཁི་ལའོ་ནེའུ་ཞི་ཨ། མེ་ལ་ནེའུ་ཞི་ཨ། ཕའོ་ལིན་ནེའུ་ཞི་ཨ་བཅས་གླིང་ཚོམ་ཆེན་པོ་གསུམ་གྱིས་གྲུབ་པ་ཡིན། མུ་མཐའ་བྲལ་བའི་རྒྱ་མཚོ་ཆེན་པོས་བར་ཆོད་པའི་སྐམ་ས་འདིས་མིའི་རིགས་ཀྱི་གནས་སྤོ་འགྲུལ་བཞུད་ཀྱི་ལོ་རྒྱུས་དང་བཀྲག་མདངས་རྣམ་པར་བཀྲ་བའི་ཤེས་རིག་གི་བྱུང་འཕེལ་སྦྲུམ་ཡོད།
རྒྱ་མཚོ་ཆེན་པོའི་གླིང་གི་མཐའ་མཚམས་ཕལ་མོ་ཆེ་ཨོ་སི་ཁྲི་ལེ་ཡ་སྐམ་ས་ཆེན་པོར་འབྲེལ་ཡོད་པ་དང་།དེ་ནི་སའི་གོ་ལའི་སྟེང་གི་རྒྱ་ཁྱོན་ཆེས་ཆུང་བའི་ཨོ་སི་ཁྲུ་ལི་ཡ་སྐམ་ས་དང་ཆེ་ཆུང་མི་འདྲ་བའི་གླིང་ཕྲན་ཁྲི་ལྷག་གིས་གྲུབ་པ་ཡིན། རྒྱ་མཚོ་ཆེན་པོའི་གླིང་གི་ས་ཁུལ་ཕལ་མོ་ཆེའི་ས་དབྱིབས་དམའ་སྟེ། རི་བོ་འགའི་མཚོ་འཕགས་སྨི་2000བརྒལ་ཡོད་པ་ལས། སྤྱིར་བཏང་དུ་མཚོ་འཕགས་སྨི་600མན་ཡིན།
རྒྱ་མཚོ་ཆེན་པོའི་གླིང་ནི་མིའི་རིགས་སའི་གོ་ལའི་གྲུ་ཟུར་སོ་སོར་གནས་སྤོས་པའི་ཆེས་མཐའ་མཇུག་གི་གནས་མལ་དུ་ངོས་འཛིན། གནའ་དཔྱད་དང་འབྲེལ་བའི་དཔྱད་འབྲས་ལྟར་ན། མིའི་རིགས་ཆེས་ཐོག་མར་རྒྱ་མཚོ་ཆེན་པོའི་གླིང་ལ་ཐོན་པའི་དུས་ནི་ལོ་ཁྲི་5.5ཙམ་ལ་འཁེལ་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡིའི་མན་གྷི་མཚོ་འགྲམ་དུ་རྙེད་པའི་གནའ་ཤུལ་ལས་ར་འཕྲོད་ཐུབ་པ་ནི་མིའི་རིགས་ཀྱི་རྒྱ་མཚོ་ཆེན་པོའི་གླིང་དུ་འཚོ་སྡོད་ཀྱི་མེ་ཁ་གསོས་ཤིང་ཤེས་རིག་གི་སྒྲོན་མེ་སྦར་བའི་ལོ་རྒྱུས་ལ་ལོ་ངོ་ཁྲི་བཞི་ཙམ་ཡོད་པ་དང་། གནའ་དཔྱད་པ་ལ་ལས་ལོ་ངོ་ཁྲི་བཞིའི་སྔོན་དུ་ས་སྐྱེས་སྡོད་དམངས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྐམ་སའི་སྟེང་གཏན་སྡོད་ཀྱི་འཚོ་བ་རོལ་ཡོད་པར་བཞེད།
གནའ་དཔྱད་པ་དང་། སྐད་བརྡ་རིག་པ་བ། མིའི་རིགས་རིག་པ་བ་བཅས་ཀྱི་འབྲེལ་ཡོད་དཔྱད་འབྲས་ལས་རྟོགས་ཐུབ་པ་ནི་རྒྱ་མཚོ་ཆེན་པོའི་གླིང་གི་ཤེས་རིག་ལོ་རྒྱུས་ནི་གནས་སྤོ་འགྲུལ་བཞུད་ཐེངས་གསུམ་གྱིས་གྲུབ་པ་ཡིན། གནས་སྤོ་འགྲུལ་བཞུད་ཐེངས་དང་པོའི་དུས་ནི་ཕལ་ཆེར་ལོ་ངོ་ཁྲི་ལྔ་དང་ཁྲི་དྲུག་བར་དུ་འཁེལ་ཡོད། སྐབས་དེར་མིའི་རིགས་ཡ་གླིང་ཤར་ལྷོའི་ཕྱོགས་སོ་སོར་མཆེད་ནས་ད་ལྟའི་ཨོ་སི་ཁྲུ་ལི་ཡའི་མངའ་ཁོངས་སུ་ཐོན་ཞིང་། དེ་ནས་ཕེ་སི་མའེ་གླིང་ཚོམ་དང་སུའུ་ལའོ་མེན་གླིང་ཚོམ་སོགས་སུ་མཆེད། སྐབས་དེ་ནི་འཁྱག་ཀླུང་སྐལ་པའི་དུས་ལ་འཁེལ་ཡོད་ཅིང་། རྒྱ་མཚོ་ཆེན་པོའི་གླིང་གི་མཚོ་ངོས་དམའ་བས། མིའི་རིགས་ཀྱི་གནས་སྤོ་ལ་ཆ་རྐྱེན་ལེགས་པོ་བསྐྲུན་པ་རེད། སྐབས་དེའི་གནས་སྤོ་མཁན་དག་ནི་ཨོ་སི་ཁྲུ་ལི་ཡའི་ས་སྐྱེས་སྡོད་དམངས་དང་བྷ་བྷོ་ཨ་མི་སོགས་ཀྱི་མེས་པོ་ཡིན་ཞིང་། གཙོ་བོ་རི་དྭགས་རྔོན་གཤོར་དང་མ་རྨོས་ལོ་ཏོག་འཚོལ་བསྡུ། སྟབས་བདེ་བའི་མཚོ་འགྲུལ་ལག་རྩལ་ལ་བརྟེན་ནས་མིའི་རིགས་ཀྱི་ཤེས་རིག་ལ་ཚེ་སྲོག་གསར་པ་བསྣན། གནས་སྤོ་འགྲུལ་བཞུད་ཐེངས་གཉིས་པ་ནི་ཕལ་ཆེར་ལོ་3500ཡས་མས་ཀྱི་སྔོན་ལ་འཁེལ་ཡོད་པ་དང་། སྐབས་དེའི་གནས་སྤོ་མཁན་ནི་སྔར་བཞིན་ཡ་གླིང་ཤར་ལྷོའི་མི་ཡིན་ཞིང་། ཐེངས་དེའི་གནས་སྤོ་འགྲུལ་བཞུད་ཀྱིས་ལཱ་ཕེ་ཏཱ་ཤེས་རིག་བསྐྲུན་པས། མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་སྟེང་དོན་སྙིང་ཆེན་པོ་ཡོད་པར་བཞེད། ཐེངས་འདིའི་གནས་སྤོ་འགྲུལ་བཞུད་པ་དག་ནི་ལག་རྩལ་ལ་བྱང་ཆ་ལྡན་པའི་ཞིང་པ་ཡིན་པར་མ་ཟད། མཚོ་འགྲུལ་ལའང་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། དེ་དག་ནི་ད་ལྟའི་བྷོ་ལི་ནིའུ་ཡ་མི་དང་། སྨི་ཁི་ལོ་ནིའུ་ཞི་ཡ་མི། མེ་ལ་ནིའུ་ཞི་ཡ་མི་སོགས་ཀྱི་མེས་པོ་ཡིན་པར་བཞེད་དོ། །
གནས་སྤོ་འགྲུལ་བཞུད་ཐེངས་གསུམ་པ་ནི་ཧ་ལམ་ལོ་དྲུག་བརྒྱའི་སྔོན་དུ་བྱུང་ཞིང་། གནས་སྤོ་མཁན་ནི་ཡོ་རོབ་གླིང་གི་མི་ཡིན། དུས་རབས་བཅུ་དྲུག་པར་ཕོར་ཐུ་གལ་དང་སི་ཕེན་གྱི་མཚོ་འགྲུལ་པ་དག་གནས་འདིར་ཐོན་ནས་མི་སེར་སྤེལ་ཡུལ་གྱི་འགོ་བརྩམས། ཐེངས་འདིའི་གནས་སྤོ་འགྲུལ་བཞུད་ཀྱིས་རྒྱ་མཚོ་ཆེན་པོའི་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་གཞི། མི་གྲངས་ཀྱི་གྲུབ་ཚུལ། རིག་གནས་ཀྱི་ཁྱད་ཆོས་སོགས་ལ་འགྱུར་བ་ཆེན་པོ་ཐེབས་ཤིང་། དེང་གི་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་སོགས་རྒྱལ་ཁབ་ཀྱང་གནས་སྤོ་འགྲུལ་བཞུད་འདིའི་བསྐྱེད་འབྲས་ཡིན།
ལཱ་ཕེ་ཐཱ་མི་ནི་དེང་གི་པོ་ལི་ནིའུ་ཞི་ཡ་སོགས་རིགས་རྒྱུད་མང་པོའི་ཐུན་མོང་གི་མེས་པོ་ཡིན། མེས་པོ་དེ་དག་གིས་བསྐྲུན་པའི་ལཱ་ཕེ་ཐཱ་མིས་བསྐྲུན་པའི་ཤེས་རིག་ནི་རྒྱ་མཚོ་ཆེན་པོའི་གླིང་གི་ཚབ་མཚོན་རང་བཞིན་གྱི་ཤེས་རིག་ལ་ངོས་འཛིན་ཞིང་། དེ་ནི་རྒྱ་མཚོ་ཆེན་པོའི་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་རིག་གནས་ཡིན་པར་བཞེད། སྤྱི་ལོ་1908-1909ལོར་F·Oསྨེ་ཨེར་ཡིས་ཝ་ཐོ་མའོ་ཞེས་པའི་གླིང་ཕྲན་ཆུང་ཆུང་ཞིག་གི་སྟེང་དུ་ཆེས་ཐོག་མར་ལཱ་ཕེ་ཐཱ་ཤེས་རིག་གི་མཚོན་རྟགས་སུ་གྱུར་པའི་རྫ་ཆས་རྙེད་པ་ནས་བཟུང་། ལོ་རྒྱུས་སྨྲ་བ་དང་གནའ་དཔྱད་པ་མང་པོས་གནའ་རྫས་སྔོག་འདོན་དང་ཞིབ་འཇུག་གི་འགོ་བརྩམས། རྫ་ཆས་དེ་དག་གི་ཞབས་ངོས་སྙོམས་ཤིང་སྲ་མཁྲེགས་ཀྱི་ཚད་ཚན་རིག་དང་མཐུན་པའི་ཁྱད་ཆོས་ལྡན་ལ། དཀར་ཡོལ་གྱི་དབྱིབས་དང་ཕྱེད་ཟླུམ་ཅན་གྱི་སླ་ངའི་དབྱིབས་སོགས་དབྱིབས་གཟུགས་ཕུན་སུམ་ཚོགས་པར་མངོན། རྫ་ཆས་ཀྱི་ཕྱི་ངོས་ལ་ཚོན་མདོག་དམར་པོ་བྱུགས་ཡོད་པ་དང་བུ་ག་བརྟོལ་བའི་འགྲོན་བུས་བརྒྱན་ཡོད། གཞན་ད་དུང་རུས་ཁབ་དང་རུས་གསོར། རྡོ་གསོར། རྡོའི་སྟེའུ་སོགས་ཀྱི་ལག་ཆའང་མང་པོ་ཡོད་དོ། །
རྨའོ་ཨེ་རྡོ་སྐུ་ནི་བསྐྱར་གསོན་གླིང་ཕྲན་ཤེས་རིག་གི་ཆ་ཤས་ཤིག་ཡིན་ཞིང་། ལོ་རྒྱུས་སྔོན་གྱི་ཤེས་རིག་ཁྱབ་ཁོངས་སུ་གཏོགས་པར་བཞེད། བསྐྱར་གསོན་གླིང་ཕྲན་སྟེང་དུ་རྡོ་སྐུ་ཆེན་པོ་དང་རྡོ་བའི་ཤུལ་བཞག་མང་པོ་ཀྲོང་ངེར་ལངས་ཡོད། རྡོ་སྐུ་དེ་དག་གི་རྒྱབ་གཟུགས་རྒྱ་མཚོར་གཏད་ཅིང་། ངོ་གདོང་སྐམ་སར་ཕྱོགས་ཡོད། འབྲེལ་ཡོད་དཔྱད་འབྲས་ལྟར་ན། རྨའོ་མེ་རྡོ་སྐུ་ནི་ཚོ་ཁག་གི་དཔོན་པོ་དང་ཆོས་ལུགས་མི་སྣའི་འཚོ་བཞུགས་ཀྱི་སྣང་བརྙན་རྡོ་ལ་བརྐོས་པ་ཡིན་ཞིང་། དེ་དག་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་མགོན་སྐྱབས་སུ་བཀུར་ནས་རྗེས་རབས་པར་གེགས་དང་བར་ཆད་བསལ་ཞིང་། ལོ་ཕྱུགས་རྟག་ཏུ་ལེགས་པའི་ཕྱྭ་གཡང་སྩོལ་ཆེད་བཞེངས་པ་ཡིན་པས། ཚོ་ཁག་དག་གི་སྲིད་ཀྱི་གོ་ཐོབ་དང་རིག་གནས་ཀྱི་མཚོན་དོན་ཡོད་པར་བཞེད་དོ། །