རྩོམ་སྒྲིག་པའི་གཏམ།
2002ལོའི་ཟླ་བ་7པའི་ཚེས་2ཉིན་གྱི་ཞོགས་པར། ཞིན་ཧྭ་གསར་འགྱུར་ཁང་གིས་ཆེད་མཁས་པས་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་ནི་གླིང་གེ་སར་འཁྲུངས་ཡུལ་ཡིན་ཞེས་ངོས་འཛིན་བྱས་པའི་གསར་འགྱུར་ཞིག་འཛམ་གླིང་ཡོངས་སུ་ཁྱབ་བསྒྲགས་བྱས་པས། མྱུར་བ་ཉིད་དུ་མི་དམངས་ཉིན་རེའི་ཚགས་པར་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་རྒྱ་ཕྱི་ནང་གི་ཚགས་པར་དང་བརྙན་འཕྲིན། དུས་དེབ། དྲ་ཚིགས་གྲངས་ལས་འདས་པས་བརྒྱུད་འགོད་བྱས། དེ་ནས་བཟུང་དྲ་ཚིགས་ཐོག་གླིང་གེ་སར་འཁྲུངས་ཡུལ་ཞེས་བཙལ་ན་གླིང་གེ་སར་འཁྲུངས་ཡུལ་ཨ་ཕྱུག་ཅེས་པའི་ཐ་སྙད་དེ་བཙལ་ཐུབ་པ་བྱུང་། གསར་འགྱུར་དེའི་ནང་དོན་ཆ་ཚང་འདིར་བཀོད་ཡོད།

གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཨ་ཕྱུག

ཨ་ཕྱུག་རྩྭ་ཐང་དུ་གླིང་གེ་སར་རྒྱལ་པོའི་རྗེས་དྲན་གྱི་བྱེད་སྒོ་སྤེལ་བ།
2002ལོའི་ཟླ་7པའི་ཚེས་2ཉིན་ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གཏམ་གསར། དེའང་གེ་སར་ཞིབ་འཇུག་ཆེད་མཁས་པ་14ཡིས་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ཨ་ཕྱུག་རྩྭ་ཐང་གི་ས་ཡུལ་དངོས་སུ་རྟོག་ཞིབ་བྱས་རྗེས། དེ་རིང་གཅིག་མཐུན་གྱིས་ཨ་ཕྱུག་རྩྭ་ཐང་སྐྱིད་སོས་ཡག་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། ཆེད་མཁས་པ་དེ་དག་གི་ཁྲོད་དུ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན། ཞིབ་འཇུག་པ་དབྱང་ཨེན་ཧུང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ། ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་གླིང་གཙོ་ཝང་ཞིང་ཁོ། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རེན་ཞིན་ཅན་སོགས་ཚུད་ཡོད།
ཁོང་ཚོ་ནི་རྒྱལ་ཕྱི་ནང་ལ་ཤུགས་རྐྱེན་ཡོད་པའི་གེ་སར་ཞིབ་འཇུག་ཆེད་མཁས་པ་ཤ་སྟག་ཡིན་པ་རེད། ཁོང་ཚོའི་རྟོག་ཞིབ་བྱེད་སྒོ་འདི་ནི་གེ་སར་ལོ་སྟོང་ལོན་པའི་དྲན་གསོ་ཞུ་བའི་ཐོག་མའི་བྱེད་སྒོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། ལོ་སྟོང་ལོན་པ་ལ་དྲན་གསོ་ཞུ་བའི་བྱེད་སྒོ་དེ་ད་ལོ(2002ལོ)དང་སང་ལོ(2003ལོ)གཉིས་ལ་སྤེལ་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱང་འདིའི་ནང་ཞུགས་རྒྱུ་རེད།
ཨ་ཕྱུག་རྩྭ་ཐང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་ཡུལ་ཤོག་ན་ཡོད། ཆེད་མཁས་པས་ངོས་འཛིན་བྱས་པ་ལྟར་ན། གླིང་གེ་སར་རྒྱལ་པོ་ནི་ཨ་ཕྱུག་ཡུལ་ཚོའི་སྐྱིད་སོས་ཡག་གི་ཁ་མདོ་རུ་འཁྲུངས་པར་བཞེད། གླིང་གེ་སར་རྒྱལ་པོའི་སྒྲུང་《འཁྲུངས་གླིང་མེ་ཏོག་ར་བ》ཞེས་པའི་ནང་དུ། ཇོ་རུའི་འཁྲུངས་ཡུལ་བཤད་དགོས་ན། །སྐྱིད་སོས་ཡག་གི་ཁ་མདོ་ལ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབས་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །མདུན་རི་ཁྱུང་ཚང་གཉན་པོ་ཡོད། །རྒྱབ་རི་བྲག་སྔོན་གཡུ་རྩེ་ཡོད། །གཡས་རི་སྟག་མོ་རྔམ་འཁྲུག་ཡོད། །གཡོན་རི་མདུང་རྩེ་བྲག་དམར་ཡོད། །ཅེས་གསུངས་པ་བཞིན་སྒྲུང་ཡིག་དང་ད་ལྟའི་ས་མིང་། མི་རྣམས་ཀྱི་ངག་རྒྱུན་བཅས་ཚང་མ་དེ་བཞིན་དུ་ཆགས་ཡོད་པར་མ་ཟད། ཨ་ཕྱུག་དང་། སྟག་དགོན། ལྕི་ཁོག་སོགས་སུ་ཇོ་རུས་ཕྱུག་འཚོའི་རྣམ་པའང་སྒྲུང་ལྟར་གསལ་པོར་འཁོད་ཡོད།
མིག་སྔར་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་ནས་རྙེད་པའི་སྒྲུང་གི་ཤིང་དཔར་བདུན་ཡོད་པ་ལས་དྲུག་ནི་སྡེ་དགེའི་པར་མ་ཡིན།གེ་སར་གར་འཆམ་གྱི་འབྱུང་ཁུངས་ཀྱང་སྡེ་དགེ་རྫོང་གི་རྫོགས་ཆེན་དགོན་པ་ཡིན། སྡེ་དགེ་རྫོང་གི་ཡུལ་ཤོག་26ལ་གེ་སར་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཡོད་ལ་གཏམ་རྒྱུད་ཀྱང་ཡོད། གླིང་གེ་སར་རྒྱལ་པོ་དང་དཔལ་རྟུལ། ཕུ་ནུ། མོ་སྨན་བཅས་ཀྱི་མཁར་རྫོང་གི་རྗེས་ཤུལ་དང་གཏམ་རྒྱུད་
སྡེ་དགེ་རྫོང་གི་ས་ཁོངས་སུ་མང་པོ་ཡོད་པ་དང་། ད་ལྟ་གླིང་གེ་སར་དང་འབྲེལ་ཡོད་ཀྱི་སྲིད་འཛིན་ས་མིང་33ཡོད། རྫོང་ཡོངས་ཀྱི་དགོན་སྡེ་57གྱི་ནང་ནས་མང་ཆེ་བར་གླིང་གེ་སར་དང་འབྲེལ་བའི་རིག་དངོས་ཉར་ཚགས་བྱས་ཡོད་པ་དེ་ནི་རྒྱལ་ཡོངས་ཀྱི་ས་ཆ་གཞན་དུ་མཐོང་དཀོན་པ་ཞིག་ཡིན། དུས་མཚུངས་སུ་དམངས་ཁྲོད་དང་ཆོས་ལུགས་ཀྱི་བྱེད་སྒོ་ཚང་མར་གེ་སར་རིག་གནས་ཀྱི་རྟགས་ཐམ་མ་བཀོད་པ་མེད།།
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་རིག་འཛིན་ལགས་ཀྱིས། ཕྱིའི་རྒྱལ་ཁབ་ཏུ་གླིང་གེ་སར་རྒྱལ་པོའི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ལས་ཁུངས་མང་པོ་ཡོད་ཀྱང་། ཨ་ཕྱུག་ནི་གླིང་གེ་སར་རྒྱལ་པོའི་ཕ་ཡུལ་ཡིན་པ་ཤེས་རྟོགས་བྱུང་མེད། ཁོང་གིས་གླིང་གེ་སར་རྒྱལ་པོའི་སྐོར་ལ་ཞིབ་འཇུག་བྱས་ནས་ལོ་བཅུ་གྲངས་ཕྱིན་ཡང་། གླིང་གེ་སར་རྒྱལ་པོའི་འཁྲུངས་ས་སྡེ་དགེའི་ཕྱོགས་ཡིན་ཚུལ་ཙམ་ལས་ངོ་མ་གང་ཡིན་ཤེས་རྟོགས་མ་བྱུང་། ཐེངས་འདིར་རྟོག་ཞིབ་བྱས་པ་ལས་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ངོ་མ་གང་ཡིན་ར་སྤྲོད་ཐུབ་སོང་ཞེས་གསུངས།
དབྱང་ཨེན་ཧུང་གིས་ཉིན་འགའི་རྟོག་ཞིབ་བྱས་པར་བརྒྱུད་ནས། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དེ་སྡེ་དགེ་ཨ་ཕྱུག་རྩྭ་ཐང་དུ་ཡིན་པ་ངོས་འཛིན་བྱས་པ་ནི་གཟབ་ནན་གྱི་སྡོམ་ཚིག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ལོ་རྒྱུས་ཀྱི་དོན་དངོས་ངོས་འཛིན་བྱེད་པར་སྔོན་བྱུང་ལོ་རྒྱུས་ཀྱི་ཟིན་ཐོ་དང་། གནའ་རྫས་རྟོག་ཞིབ། དམངས་ཁྲོད་ཀྱི་ངག་རྒྱུན་བཅས་ཕྱོགས་གསུམ་ནས་གཏན་འཁེལ་བྱེད་དགོས། གླིང་གེ་སར་གྱི་འཁྲུངས་ཡུལ་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་དྲིས་ལན་ཞེས་པ་དང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཡི་གསུང་ཆོས་སོགས་ཀྱི་ལོ་རྒྱུས་ཡིག་ཚང་ནང་དུ་འཁོད་ཡོད་ལ། ས་གནས་དེ་གའི་ལོ་རྒྱུས་ཀྱི་རྗེས་ཤུལ། དམངས་ཁྲོད་ཀྱི་ངག་རྒྱུན་མང་པོ་ཡོད་པས་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་འཁྲུལ་མེད་ཨ་ཕྱུག་རྩྭ་ཐང་དུ་ཡིན་པ་གཏན་འཁེལ་བྱེད་ཐུབ།