གཅིག
1983ལོར། ང་རང་ཐོག་དང་པོར་ཨ་ཕྱུག་རྩྭ་ཐང་དུ་རིག་གཞུང་རྟོག་ཞིབ་བྱེད་སར་སོང་ནས། ད་ལྟའི་བར་ལོ་ངོ་བཞི་བཅུ་ལྷག་འགོར་ཞིང་། སྔོན་རྗེས་སུ་ཐེངས་དུ་ཙམ་སོང་མྱངས་བ་དངོས་གནས་གསལ་པོར་མི་ཤེས་ཀྱང་། གནས་འདིར་སོང་ཐེངས་རེར་གྲུབ་འབྲས་གསར་པ་དང་མྱོང་ཚོར་གསར་པ་རེ་ཡོད་པ་བསྙོན་མེད་རེད།
དེའི་ནང་ང་ལ་བག་ཆགས་ཆེས་ཟབ་པ་ནི་སྤྲུལ་སྐུ་དཔལ་རྒྱལ་རེད། ཁོང་གིས་ང་རང་ཨ་ཕྱུག་རྩྭ་ཐང་དང་གེ་སར་དྲན་གསོ་ཁང་། གེ་སར་རིག་གནས་བཅས་ལ་རྒྱུས་མངའ་མང་པོ་ལོན་བཅུག་བྱུང་།
སྤྲུལ་སྐུ་དཔལ་རྒྱལ་ནི་1952ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་འཁྲུངས་ཤིང་། ཚབ་ཚ་དགོན་པའི་སྤྲུལ་སྐུར་ངོས་བཟུང་། ཁོང་དགུང་ལོ་གསུམ་སྟེང་ཚབ་ཚ་དགོན་ནས་ཁྲིར་འཁོད་དེ། སྐྱེས་ཆེན་དམ་པ་དག་ལས་མདོ་རྒྱུད་ཀྱི་བསྟན་བཅོས་ལ་ཐོས་བསམ་མང་དག་མཛད།
1994ལོར་ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན། ཁོང་གིས་སྔོན་རྗེས་སུ་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སྡེ་དགེ་རྫོང་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་སོགས་ཀྱི་གོ་གནས་བཞེས་མྱངས།
དགོན་པ་ཡང་བསྐྱར་སྒོ་འབྱེད་སྐབས་ཁོང་ལ་དགོན་པའི་འགོ་ཁྲིད་ཚོ་ཆུང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར་དུ་བཅུག །དེ་ནས་བཟུང་ཁོང་གིས་ནམ་རྒྱུན་ཨ་ཕྱུག་རྩྭ་ཐང་རྟེན་གཞིར་བྱས་ཏེ་ཆོས་ལུགས་རིག་གནས་དང་གེ་སར་རིག་གནས་དར་སྤེལ་བཏང་། སྤྲུལ་སྐུ་དཔལ་རྒྱལ་གྱི་མི་ཚེ་གང་པོ་གེ་སར་རིག་གནས་ལ་ཕུལ།

ཨ་ཕྱུག་རྩྭ་ཐང་དུ་གླིང་གེ་སར་རྒྱལ་པོའི་རྗེས་དྲན་གྱི་བྱེད་སྒོ་སྤེལ་བ།
སྤང་གཉིས་བལ་སྟན་བཏིང་འདྲའི་གླིང་གེ་སར་རྒྱལ་པོ་འཁྲུངས་ཡུལ་སྐྱིད་སོས་ཡག་གི་ཁ་མདོ།
གཉིས།
ཨ་ཕྱུག་རྩྭ་ཐང་ནི་སྡེ་དགེ་རྫོང་གི་བྱང་ཤར་དུ་གནས་ཤིང་། སྡེ་དགེ་རྫོང་མཁར་བར་སྤྱི་ལེ་206ཡོད་པ་དང་། མ་ཎི་གད་འགོའི་བར་སྤྱི་ལེ་120ཡོད་ལ། མཚོ་འཕགས་སྨི་4000ཡས་མས་ཡིན། རྫོགས་ཆེན་དང་ནགས་མདོ། ཨ་ཕྱུག་སོགས་ས་ཁུལ་དང་འདབས་འབྲེལ་དུ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་བརྒྱད་དང་སྟོང་ལྔ་ལྷག་ཡོད། ཨ་ཕྱུག་རྩྭ་ཐང་ཧྲིལ་པོར་རི་ཆུ་འཛོམས་པའི་ཁར་བདེ་ཞིང་ཁོད་ཡངས། རྒྱང་རིང་མཐའ་བསྐོར་དུ་རི་བོས་བསྐོར་ཡོད་ལ། མིང་དུ་གྲགས་པའི་རྫ་ཆུ་སྔོན་མོ་བཞུར་བཞིན་ཡོད། ངག་རྒྱུན་དུ་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གནས་དེ་ཡིན།
བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་གི《འཁྲུངས་གླིང་》དུ། སྙན་ཚིག་དུམ་མཚམས་ཤིག་གིས་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གྱི་གནས་ཚུལ་ཞིབ་འབྲི་བྱས་ཡོད་དེ།
ང་ཇོ་རུའི་སྐྱེས་ཡུལ་གང་ཟེར་ན། ས་འདི་སྐྱིད་སོས་(ལྕི་སོས)ཡག་གི་མདོ། ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། མདུན་རི་ཁྱུང་ཚང་གཉེན་པོ། རྒྱབ་རི་རྒོད་པོ་ལྷ་རྩེ། གཡས་རི་བྲག་སྔོན་གཡུ་རྩེ། གཡོན་རི་རྫ་གདོང་ངུར་པ།
ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་ཞིབ་འབྲི་ལྟར་ན། གེ་སར་རྒྱལ་པོ་ནི་སྐྱིད་སོས་ཡག་ཅེས་པའི་ཡུལ་ཞིག་ཏུ་འཁྲུངས་པ་དང་། གནས་དེར་གངས་ཆུ་བཞུར་བ་ལས་མཛེས་སྡུག་གི་རྩྭ་ཐང་ལེབ་མོ་གཉིས་ཆགས་པ་ནི་གངས་རིའི་འདབས་སུ་བཞུགས་གདན་བཏིང་པ་འདྲ་ལ། ཕྱོགས་བཞིར་གངས་ཀྱི་རི་བོས་བསྐོར་ཡོད།
བྱིས་པའི་གནའ་གཏམ་ནང་བཞིན་མཛེས་པའི་སྐྱིད་སོས་ཡག་ནི་དོན་ངོ་མ་ས་གནས་གང་ཞིག་ཡིན་ནམ།
གཡང་གཟར་རི་བོས་མཐའ་ནས་བསྐོར་བའི་སྡེ་དགེ་ས་ཆར་ངག་རྒྱུན་འདི་འདྲ་ཞིག་ཡོད་པ་དང་། མི་རབས་མང་པོར་དམངས་ཁྲོད་དུ་རླུང་ལྟར་གྲགས་བཞིན་ཡོད། ཁོ་ཚོའི་ངག་རྒྱུན་དུ། སྐྱིད་སོས་ཡག་ནི་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་ཡིན་པ་དང་། གླིང་གེ་སར་རྒྱལ་པོ་གནས་འདི་ནས་འཁྲུངས་ཟེར། ཡུལ་དེར་གནའ་བོའི་དམངས་གཞས་འདི་འདྲ་ཞིག་ད་ལྟའི་བར་ཀུན་གྱི་ངག་ཏུ་བརྒྱུད་བཞིན་ཡོད།
གླིང་སྒྲུང་ལྟར་ན། ང་ཇོ་རུའི་སྐྱེས་ཡུལ་གང་ཟེར་ན། ས་འདི་སྐྱིད་སོས་ཡག་གི་མདོ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །མདུན་རི་ཁྱུང་ཚང་གཉེན་པོ། །རྒྱབ་རི་རྒོད་པོ་ལྷ་རྩེ་ཡོད། །གཡས་རི་བྲག་སྔོན་གཡུ་རྩེ་ཡོད། །གཡོན་རི་རྫ་གདོང་ངུར་པ་ཡོད། །ཅེས་ལེན་བཞིན་ཡོད། ཨ་ཕྱུག་རྩྭ་ཐང་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེ་བའི་ས་ཁུལ་དུ་གནས་ཤིང་། གནས་དེ་ལེ་བར་སྟོང་གི་མུ་མཁྱུད་རི་བོས་བསྐོར་བ་དང་གངས་རི་མཐོན་པོ་སྤྲིན་གྱི་བང་རིམ་དུ་ཟུག་ཡོད་ལ། ལྷུང་ལྷུང་འབབ་པའི་ཆུ་རྒྱུན་རིང་མོ་རྩྭ་ཐང་གི་བཅུད་དུ་སྨིན་པས་མཛེས་སྡུག་ལྡན་པའི་རྩྭ་ཐང་ཡོད། དེ་ནི་གངས་ལྗོངས་མཐོ་སྒང་ནས་ཡུན་ཀུའེ་མཐོ་སྒང་དང་སི་ཁྲོན་ནུབ་ངོས་ཀྱི་བར་བརྒལ་ས་ཁོངས་སུ་གནས། ཟླ་ཆུ་དང་རྒྱལ་མོ་རྔུལ་ཆུ། འབྲི་ཆུ། རྫ་ཆུ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་སོགས་བྱང་ནས་ལྷོ་ནུབ་ཏུ་འབབ་བཞིན་ཡོད་པ་དང་། ས་བབ་དམའ་བའི་གྲོག་རོང་དང་རང་བྱུང་གི་རྒྱུ་ལམ་གྲུབ་ནས། ལོ་རྒྱུས་སྟེང་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་ཆའང་རིགས་ལྷོ་རུ་བགྲོད་པ་དང་། ལྷོ་ནུབ་ས་ཁུལ་གྱི་ཡུའེ་རིགས་དང་ཕུའུ་རིགས་བྱང་དུ་བགྲོད་པ། རྒྱ་རིགས་ནུབ་ཏུ་བསྐྱོད་པ་དང་བོད་རིགས་ཤར་དུ་བགྲོད་སའི་མི་རིགས་ཀྱི་བར་ཁྱམས་ལྟ་བུར་གྱུར་ཡོད། གནའ་བོའི་དུས་སུ་མི་རིགས་མི་འདྲ་བ་བར་ཁྱམས་དེ་བརྒྱུད་ནས་འགྲོ་འོང་བྱེད་པ་དང་། གཏན་སྡོད་དང་གཡུལ་འཐབ་བྱེད་ལ། ཕན་ཚུན་འགྲོ་འོང་དང་བརྗེ་རེས། གཅིག་འདྲེས་བྱུང་སྟེ། ཁ་འབྲལ་ཐབས་མེད་ཅིང་རྒྱུན་རིང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བསྐྲུན་ཡོད། མུ་མཐའ་བྲལ་བའི་རྩྭ་ཐང་དེར་མཚོ་དང་མཚེའུ་ནམ་མཁའི་སྐར་ཚོགས་ལྟར་བཀྲ་ཞིང་། ཆུ་བོའི་བཞུར་རྒྱུན་མང་པོས་འཕྲེད་རྒྱུག་རི་རྒྱུད་ས་ཁུལ་དང་ཐ་ན་གངས་ལྗོངས་མཐོ་སྒང་དེ་བལྟོས་བཅས་ཀྱིས་ཅུང་སྒེར་ཚུགས་སུ་མངོན་པའི་ས་ཁོངས་སུ་དགར་ཡོད་ལ། གནའ་བོའི་དུས་སུ་དེ་ལ་རྫོང་ཞེས་འབོད། དེ་ཅུང་ཙམ་རྒྱ་བསྐྱེད་པས་ཆེ་ཆུང་མི་འདྲ་བའི་ཚོ་ཁག་མནའ་འབྲེལ་ལམ་རྒྱལ་ཕྲན་ཆུང་བ་གྲུབ་ཡོད་པར་མ་ཟད། རྔམ་མཐུག་ཅིང་ངོ་མཚར་བའི་མི་རིགས་མང་པོ་དང་ཁ་དོག་སྣ་ཚོགས། ཁྱད་ཆོས་མང་བའི་གངས་ལྗོངས་རིག་གནས་བསྐྲུན་ཡོད། དེ་དག་གིས་ལོ་རྒྱུས་རྒྱུན་རིང་ཞིང་ནང་དོན་རྒྱ་ཆེ་ལ། སྣ་མང་ཕུན་སུམ་ཚོགས་པ་དང་འོད་སྟོང་ལྡན་པའི་ཀྲུང་ཧྭའི་རིག་གནས་མཉམ་དུ་བསྐྲུན་ཡོད།
དེ་ཡོད་ཚད་ཀྱིས་གླིང་གེ་སར་རྒྱལ་པོ་འཁྲུངས་ཤིང་ཕྱོགས་བཞིའི་དགྲ་བཞི་བཏུལ་ནས་དཔའ་བོའི་མཛད་རྗེས་བསྐྲུན་སའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ཀྱི་སྐྱེ་ཁམས་ཁོར་ཡུག །རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་བཅས་ཀྱང་གྲུབ་ཡོད། ཨ་ཕྱུག་རྩྭ་ཐང་གི་ཡུལ་བབ་ཁོད་ཡངས་ཤིང་རི་བོས་མཐའ་ནས་བསྐོར་ཡོད་ལ། རྫ་ཆུ་སྔོན་མོ་བར་དུ་རྒྱུ་བཞིན་ཡོད། ཨ་ཕྱུག་རྩྭ་ཐང་ནི་ཁོ་ཚོའི་སེམས་ཁོང་གི་དག་ཞིང་དང་དཔའ་བོའི་ཕ་ཡུལ་ཡིན།

གསུམ།
གོང་མ་ལྷ་ནས་གླིང་གིས་ཚོ་ཁག་ཡོངས་ཀྱི་རྟ་རྒྱུག་འགྲན་སྡུར་སྤེལ་དགོས་ཤིང་། གླིང་ཟོག་ནོར་བུ་ཆ་བདུན་དང་གླིང་གི་ཆེས་མཛེས་པའི་བུ་མོ་སྟེ་སྐྱ་ལོ་ཚང་གི་བུ་མོ་སེང་ལྕམ་འབྲུག་མོ། གླིང་གི་རྒྱལ་པོའི་གསེར་ཁྲི་བཅས་རྟ་རྒྱུག་གི་བརྒྱན་དུ་འཇོག་དགོས་པའི་ལུང་བསྟན་གནང་ཡོད། དེ་ནི་འཛམ་གླིང་སྟེང་ཆེས་ཆེ་ཞིང་ཆེས་རྩ་ཆེ་བའི་རྒྱན་ཡིན་པར་བརྗོད་ཆོགགླིང་ནི་ཕྱུགས་ལས་གཙོར་བྱས་པའི་རྩྭ་ཐང་གི་འབྲོག་པ་ཡིན་པའི་ཆ་ནས། མི་ཀུན་གྱིས་རྟ་གོང་ནས་འཚར་ལོངས་བྱུང་བའི་མི་རིགས་སུ་འབོད། དེ་བས་ལོ་རེ་བཞིན་རྟ་རྒྱུག་སྤེལ་བའི་གོམས་སྲོལ་ཡོད་ཅིང་། རྟ་རྒྱུག་འགྲན་སྡུར་དེ་ཡང་རྩྭ་ཐང་གི་ཆེས་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་ཡིན།
ཡིན་ཡང་སྐབས་དེའི་རྟ་རྒྱུག་འགྲན་སྡུར་དེ་ནམ་རྒྱུན་དང་མི་འདྲ་བར། རྟ་རྒྱུག་གི་མཇུག་མཐའི་རྒྱལ་ཁ་ཐོབ་མཁན་དེ་གླིང་གི་གསེར་ཁྲིར་མངའ་གསོལ་ནས་ཀུན་གྱིས་བཀུར་བའི་གླིང་གི་རྒྱལ་པོར་འགྱུར་སྲིད། ཛ་དྲག་གི་འགྲན་རྩོད་བརྒྱུད་དེ། ལོ་བཅུ་གཉིས་ལས་མེད་པའི་གླིང་གེ་སར་འགྲན་ཡ་དག་ལས་རྣམ་པར་རྒྱལ་བ་རེད།
གླིང་གེ་སར་གསེར་ཁྲིའི་མདུན་དུ་ཕེབས་ཏེ་གསེར་ཁྲིའི་སྟེང་དུ་བཞུགས་པར་རྔམ་པ་ཅི་ཡང་མེད་པར་མིག་མདུན་གྱི་འོད་ལམ་ལམ་འཕྲོ་བའི་གསེར་ཁྲིར་ཞིབ་གཟིགས་མཛད། དེའི་ཆེད་དུ་མི་མི་ཉུང་བ་ཞིག་སྙིང་རླུང་སྟོད་ལ་འཚང་བ་དང་། དེའི་ཆེད་དུ་རྟ་མང་པོ་ཞིག་ཁ་ནས་ཁྲག་སྐྱུག ། དེའི་ཆེད་དུ་གཡོ་སྒྱུ་ཁྲམ་གསུམ་ཚང་བའི་ཁྲོ་ཐུང་གིས་ལྐོག་གཡོ་ངན་ཇུས་མང་དུ་འཐེན། དེའི་ཆེད་དུ་ངའི་རྟ་མཆོག་རྐྱང་རྒོད་ཀྱིས་ལུས་ཤུགས་གང་ཡོད་བཏོན།
མིག་ལ་བརྩེ་བའི་གསེར་ཁྲི་དེ་གསེར་ཁྲི་ཁོ་ན་ཙམ་གཏན་ནས་མ་ཡིན་ཏེ། དེ་ནི་དབང་ཤུགས་ཀྱི་མཚོན་རྟགས་དང་ནོར་ལོངས་སྤྱོད་ཀྱི་མཚོན་རྟགས་ཡིན་ལ། འོད་སྟོང་འབར་བའི་རླབས་ཆེན་གྱི་མཛད་རྗེས་བསྐྲུན་པའི་རྨང་གཞི་ཡིན།
གླིང་གེ་སར་གྱིས་ཕྱོགས་བཞིར་སྐོར་གཟིགས་གནང་བ་ན། ནམ་མཁའ་གཡའ་དག་ཅིང་། རྩྭ་ཐང་ལྗང་ལྡེམ་ལྡེམ་དུ་མངོན་ལ། གངས་རི་གསེར་འོད་ཀྱིས་འཁྱུད་པ་དང་བྲག་རི་དགུང་ལ་ཟུག་ཡོད། དེ་ཡོད་ཚད་ཀྱི་ཡོད་ཚད་གསེར་ཁྲིའི་བདག་པོས་མངའ་དབང་བསྒྱུར་དགོས་པར་དགོངས་བཞིན། གླིང་གེ་སར་བག་ཕེབས་པའི་སྒོ་ནས་གསེར་ཁྲིའི་སྟེང་དུ་བཞུགས།
སྐད་ཅིག་མ་དེར་ནམ་མཁའ་ནས་བཀྲ་ཤིས་པའི་སྤྲིན་པ་འཁྲིགས་ཤིང་། བར་སྣང་དུ་བཀྲ་ཤིས་ཚེ་རིང་ལྷ་མོ་ལྔ་ཡིས་རྣམ་པར་བཀྲ་བའི་འཇའ་ཚོན་གོས་སུ་བཀླུབས་ནས། རྒྱན་སྤྲས་ཀྱི་མདའ་དང་དགོས་འདོད་ཀུན་འབྱུང་གི་ནོར་བུ་བསྣམས། ནེ་ནེ་གནམ་སྨན་དཀར་མོས་སྟག་དོང་དང་མེ་ལོང་བསྣམས། ལྷ་མོ་རྒོད་ལྕམ་དཀར་མོས་ནོར་གཏེར་གྱི་བུམ་པ་བསྣམས། མཁའ་འགྲོའི་ཚོགས་དང་བཅས་ཏེ་བྱོན། །
རྟ་མཆོག་རྐྱང་རྒོད་འཕེར་པོས་གསེར་ཁྲིའི་གཞོགས་ནས་ཁ་གནམ་ལ་གཏད་དེ་འཚེར་སྐད་ཐེངས་གསུམ་གྲགས། དེ་མ་ཐག་ས་གཡོས་ཤིང་བྲག་རི་འཐོར་ནས་ཆུ་ཤེལ་གྱི་གཏེར་སྒོ་ངང་གིས་ཕྱེས། རྨ་ཆེན་སྤོམ་ར་དང་ཟོ་དོར་གེ་མཛོ་གཉན་པོ། ཀླུ་རྒྱལ་གཙུག་ན་རིན་ཆེན་སོགས་ལྷ་ཚོགས་ཀྱིས་གསོལ་ཇ་དྲངས། དཔའ་རྟུལ་དག་གིས་རྒྱལ་ཁའི་རྨོག་དཀར་དང་ཟངས་ཀྱི་ཡ་ལད། སྦ་ཤིང་དམར་པོའི་ཕུབ། མགུལ་ག་མ་མོའི་བླ་རྡོ། སྟག་དོང་དགྲ་ལྷའི་རྫོང་ཆེན། གཟིག་ཤུབས་ཝེར་མའི་བླ་གནས། ཟད་པ་མེད་པའི་ཚེ་གོས། དཔའ་བོའི་སྐ་རགས། སག་ལྷམ་སྡེ་བརྒྱད་ཟིལ་གནོན་སོགས་ཀྱི་རྟེན་རྫས་ཀུན་སྤྱན་ལམ་དུ་བསྟར། གླིང་གེ་སར་ལྷ་ཚོགས་མང་པོས་མཐའ་ནས་བསྐོར་ཏེ་སྐུ་ལ་འཁོར་གསུམ་གསོལ།
ཁོང་ལ་ལྷ་དབང་བརྒྱ་བྱིན་གྱིས་གཞུ་ཕུལ། རྨ་ཆེན་སྦོམ་རས་རྣོ་དབལ་གྱི་རལ་གྲི་ཕུལ། གཉན་རྗེ་གེ་མཛོས་ཁམས་གསུམ་དགྲ་བོ་དབང་དུ་བསྡུ་བའི་མདུང་རིང་ཕུལ། ཀླུ་རྒྱལ་གཙུག་ན་རིན་ཆེན་གྱིས་སྦལ་འཛིན་ཞགས་པ་དགུ་སྐོར་ཕུལ། རྡོ་རྗེ་ལེགས་པས་ཕ་བོང་འདྲེན་པའི་སྒྱོགས་རྡོ་ཕུལ། དགྲ་ལྷའི་གཉན་སྟག་དམར་པོས་གནམ་ལྕགས་ཐོག་ལས་གྲུབ་པའི་ཆུ་ཤེལ་གྲི་ཆུང་ཕུལ། རྒྱལ་ཆེན་ཧཱ་ལོས་སྟྭ་རེ་རྡོ་རྗེ་བྲག་ཆོད་ཕུལ། གོ་མཚོན་དེ་དག་གིས་གླིང་གེ་སར་གྱི་སྐུ་བརྒྱན། དེ་མ་ཐག་ཏུ་ཞལ་གྱི་མདངས་བརྗིད་ཅིང་དཔའ་ཉམས་ལྡན་པ་ཞིག་ཏུ་གྱུར།
བྱིས་པ་མང་པོས་ལྷ་རྔ་དང་ཆོས་དུང་། སྦུབ་ཆ། ཕྲུ་དར་སོགས་བཟུང་ནས་གླིང་གེ་སར་རྒྱལ་པོར་མངའ་གསོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
རྟ་རྒྱུགས་ལ་ལྟད་མོར་ཡོང་བའི་མི་རྣམས་ཧ་ལས་སུ་བཅུག །ཁོ་ཚོས་མི་ཚེ་འདིར་ལྷ་ཚོགས་ཀྱིས་སྙན་འཇེབས་ངོ་མཚར་གྱི་རོལ་དབྱངས་དཀྲོལ་ཞིང་བྲོ་འཁྲབ་པ་ཐོག་དང་པོར་མཐོང་བ་ཡིན་པས། གཉིད་ལས་སད་མ་ཐག་དང་འདྲ་བར་རང་ཉིད་ཀྱིས་ཅི་ཞིག་ལ་བལྟ་དགོས་པ་དང་ཅི་ཞིག་བྱ་དགོས་པའང་མ་ཤེས་པར་ཧད་དེ་ལུས།
སྐུ་འཁྲུངས་པའི་ཚུན་ལ། གླིང་གེ་སར་ནི་སྤྲིན་ལས་མ་གྲོལ་བའི་ཉི་མ་དང་འདམ་གྱིས་གོས་པའི་པད་མ་ལྟར། སེམས་ཅན་གྱི་དོན་དུ་དོན་བཟང་མང་པོ་བསྒྲུབས་མྱངས་ཀྱང་ངོ་སོ་ཅི་ཡང་མེད་པར། དེ་ལས་ལྡོག་སྟེ་མ་ཉེས་ཁ་གཡོག་ཐེབས་པ་དང་གཞན་གྱི་གནོད་པ་མང་པོ་ཐེབས། བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱངས་པ་དང་ཕྱོགས་བཞིར་འཁྱམ་ཉུལ་བྱས་ནས་འགྲོ་སའི་ཁྱིམ་ཡང་མེད་པར་གྱུར། དེ་རིང་སྤྲིན་པ་ཡལ་བས་གསེར་མདོག་གི་ཉི་མས་མཐོ་སྒང་གི་རྒྱལ་ཕྲན་གླིང་གི་ས་ཆ་གསལ་བར་བྱས།
གོང་མ་ལྷ་ཡིས་གླིང་གེ་སར་ལ་འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་མཚན་གསོལ། ལྷ་ཚོགས་ཀྱིས་ངོ་མཚར་བའི་ལྷའི་རོལ་དབྱངས་དཀྲོལ་བཞིན་དགའ་སྟོན་རྟེན་འབྲེལ་ཞུས་རྗེས་དལ་གྱིས་བཞུད་སོང་།
གླིང་དཀར་པོའི་མི་རྣམས་གློ་བུར་དུ་གསེར་ཁྲིའི་ཕྱོགས་སུ་ཡོང་ནས་སེང་ཆེན་རྒྱལ་པོར་གུས་འདུད་ཞུས། སེམས་ཁོང་རུས་པའི་གཏིང་ནས་དགའ་འབོད་བྱས་པའི་སྒྲས་གནམ་ས་འགུལ་བར་བྱས། གནམ་ལ་འཇའ་ཚོན་གྱི་གུར་ཕུབ་ཅིང་དགའ་སྤྲོའི་རླབས་ཕྲེང་མངོན་པར་འཐོར།
ཉི་མ་སྤྲིན་ནག་གི་སྒྲིབ་ལས་གྲོལ། པདྨོ་འདམ་གྱི་སྦུབས་ལས་གྲོལ། གླིང་དཀར་པོར་རང་གི་རྒྱལ་པོ་ཡོད་པར་གྱུར་པས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་ཅེས་དགའ་འབོད་བྱས།
གླིང་དཀར་པོའི་འབངས་མི་སེར་དགའ་བ་འབུམ་གྱིས་མྱོས། ཁོ་ཚོས་གེ་སར་རྒྱལ་པོ་གསེར་ཁྲིར་མངའ་གསོལ་བའི་སྐབས་སུ། ནམ་མཁའ་ནས་མེ་ཏོག་གི་ཆར་བབས་པ་དང་། བར་དུ་འཇའ་ཚོན་གྱི་གུར་ཕུབ་ལ། འོག་ནས་ཀླུ་ཡིས་རོལ་མོ་དཀྲོལ་བའི་རྣམ་པ་མཐོང་སྟབས། ཁོ་ཚོས་གུས་བཀུར་དང་བློ་དཀར་མི་བྱེད་ག་ལ་སྲིད། ཁོ་ཚོས་དང་བའི་ཡིད་ཀྱིས་གུས་བཀུར་བྱས་པར་མ་ཟད། དེ་ནི་ཁོ་ཚོས་རྣམ་དག་སེམས་ཀྱིས་ལྷ་ལ་གསོལ་བ་བཏབ་པའི་མཇུག་འབྲས་སུ་བརློམ་ཡོད། ཁོ་ཚོའི་ལྷག་བསམ་གྱིས་གོང་མའི་ལྷ་ཡང་ཡིད་འགུལ་ཐེབས་ནས་ད་གཟོད་ལྷ་བུ་ཁོ་ཚོའི་རྒྱལ་པོར་མངགས་ནས། ཁོ་ཚོ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་ཏུ་བཅུག་པར་བསམ་བཞིན་ཡོད།
བློན་པོ་དག་ལ་ཐོབ་སྤྲད་རྗེས་གླིང་གེ་སར་གྱིས་རལ་གྲི་གནམ་ལ་འཕྱར་ནས་གླིང་གི་དཔའ་རྟུལ་དང་འབངས་མི་སེར་ལ་དམ་བཅའ་འདི་ལྟར་བཞག
གླིང་གི་སྤྱི་དགྲ་མ་གཏོགས། ང་གེ་སར་ལ་སྒེར་དགྲ་མེད། མགོ་ནག་བོད་ཀྱི་སྤྱི་ཁྲིམས་མ་གཏོགས་ང་གེ་སར་ལ་སྒེར་ཁྲིམས་མེད། ང་གེ་སར་གྱིས་བསྒྲུབ་པ་ཡོད་ཚད་མགོ་ནག་བོད་ཀྱི་ཆེད་ཡིན་པ་ལས་ང་གེ་སར་ལ་སྒེར་སེམས་མེད། ད་ཕྱིན་ཆད་ང་ཚོ་གླིང་དཀར་པོའི་འབངས་མི་སེར་རྣམས་ལ་དགེ་བ་བཅུ་ཡི་ཁྲིམས་ཡོད་པས་མི་དགེ་བ་བཅུ་སྤངས་དགོས། ང་ཚོས་སེམས་ཤུགས་གཅིག་སྒྲིལ་བྱས་ན། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་དཔལ་ལ་རོལ་དུ་འཇུག་ཐུབ་གསུངས།
འབངས་མི་སེར་གྱིས་མཉམ་དུ་དགའ་འབོད་བྱེད་ཅིང་། ལྷག་བསམ་དཀར་པོས་གླིང་གེ་སར་ཁོང་གླིང་དཀར་པོའི་སེང་ཆེན་རྒྱལ་པོར་མངའ་གསོལ།
མི་མང་གི་དགའ་འབོད་ཁྲོད། སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་སྨུག་པོ་ལྡོང་གི་རུས་མཛོད་དང་ཁྲིམས་དར་ལྔ་མཉམ་དུ་སེང་ཆེན་རྒྱལ་པོར་ཕུལ།
གླིང་གི་ཕུ་ནུ་དག་གིས་སེང་ཆེན་རྒྱལ་པོར་ཞུས་དོན། ཀླུ་བཙན་དམ་ལ་ཐོགས་པར་ཤོག །ཤིང་ཁྲི་རྩད་ནས་ཆོད་པར་ཤོག །ཧོར་བདུད་གཉའ་ནས་གནོན་པར་ཤོག །བདུད་བཞི་དམ་ལ་ཐོགས་པར་ཤོག །ཕྱོགས་བཞིའི་མུན་པ་སེལ་བར་ཤོག །སྡེ་བཞི་ཆོས་ལ་འགྱུར་བར་ཤོག་ཅེས་གསོལ་བ་བཏབ།
གླིང་གེ་སར་གསེར་ཁྲིར་མངའ་གསོལ་རྗེས། གླིང་གི་དཔའ་རྟུལ་རྣམས་ཁྲིད་དེ་ཕྱོགས་བཞིའི་དགྲ་བཞི་འདུལ་བའི་རླབས་ཆེན་མཛད་པ་བསྐྱངས།
ད་ལྟའི་ཨ་ཕྱུག་རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན། དེ་ནི་གླིང་གེ་སར་གྱི་རིག་གནས་དར་སྤེལ་བྱེད་སའི་གནས་མཆོག་ཅིག་ཡིན་ལ། ཕྱོགས་བཞིའི་སྐུ་མགྲོན་དག་གིས་སྔ་གཞུག་མཇལ་ཕྱག་བྱེད་སའི་ཡུལ་སྐོར་གྱི་གནས་ཤིག་ཏུའང་གྱུར་ཡོད།

གེ་སར་རིག་གནས་ཀྱི་ཞིབ་འཇུག་པ་གྲགས་ཅན་འཇམ་དཔལ་རྒྱ་མཚོ་དང་སྤྲུལ་སྐུ་དཔལ་རྒྱལ་རྣམ་གཉིས་ཀྱིས་གླིང་གེ་སར་རྒྱལ་པོའི་དྲན་གསོ་ཁང་དུ་བཀའ་མོལ་གནང་བའི་མཉམ་པར