
ཨ་ཕྱུག་གི་གེ་སར་ལྷ་ཁང་མདུན།
༄༅། །སིནྡྷུའི་མཚོ་གླིང་པདྨ་ཀཱ་ར་དང་། །
གངས་ལྗོངས་ཚངས་པ་ལྷ་ཡི་མེ་ཏོག་སྟེ། །
བྱང་ཕྱོགས་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན། །
གཉིས་མེད་གེ་སར་ནོར་བུ་དགྲ་འདུལ་འདུད། །
ཅེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། གང་གླེང་བར་བྱ་བ་ནི་རྒྱལ་དབང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་མཆོག་གིས་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་མཛད་པས་འདུལ་བར། སྐུ་དངོས་དང་སྤྲུལ་པ་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ། ལོ་རྒྱུས་རྣམ་ཐར་ཁུངས་ལྡན་དག་ལས་ཇི་ལྟར་བྱུང་བ་བཞིན་ཚིག་ཉུང་ལ་དོན་འདུས་པ་ཞིག་སྨོས་ན། གླིང་གེ་སར་ནོར་བུ་དགྲ་འདུལ་ཁོང་ནི་ཆོས་ཕྱོགས་ཀྱི་བཤད་ཚུལ་ལྟར་ན་རྒྱལ་དབང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་རྣམ་འཕྲུལ་ཞེས་སྙན་པའི་གྲགས་པ་ས་གསུམ་གྱི་ཁྱོན་ན་ལྡིར་ཞིང་། སྐྱེ་འགྲོ་ཀུན་གྱི་མགོན་སྐྱབས་ཆེན་པོ་རུ་གྱུར། འདི་ཉིད་ཀྱི་གང་ལ་གང་འདུལ་གྱི་མཛད་པའི་རྣམ་ཐར་མཐོང་ཐོས་དྲན་རེག་ཀུན་གྱིས་སྣང་བ་དབང་དུ་བསྒྱུར་ལ། གསོལ་མཆོད་རྟེན་གནས་སུ་མི་འགྱུར་བ་སུ་ཡང་མེད་མོད། དེ་ཉིད་མཆོད་ན་སྡོང་གྲོགས་མྱུར་བ་དང་། བསྟོད་ན་མགོན་སྐྱབས་ཆེ་བས། གངས་ཅན་མཁས་པའི་དབང་པོ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཞལ་སྔ་ནས་མཛད་པའི་གེ་སར་གསོལ་བསྡུས་ལས། འདོད་དོན་ཀུན་འགྲུབ་དགྲ་ལྷ་མཐུ་བོ་ཆེ། །རིགས་གསུམ་པད་མའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། །ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉ་བཅས། །ཞེས་དང་། མགོན་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཅན། །དཔལ་ཨོ་རྒྱན་ཆེན་པོའི་སྤྲུལ་པའི་སྐུ། །རྗེ་རིགས་གསུམ་གཅིག་འདུས་སེང་ཆེན་རྒྱལ། །ཞེས་གསུངས་པ་དང་། གཞན་ཡང་གླིང་གེ་སར་འཁྲུངས་ཡུལ་ནས་མཛད་ཅེས་པའི་རྡོ་རྗེ་དྲག་པོའི་གསུངས་ལས་ཀྱང་། ནམ་མཁའ་མཐིང་གི་གུར་ཁང་ནས། །འཇའ་འོད་འཁྱིལ་བའི་ཀློང་དཀྱིལ་ན། །འཛམ་གླིང་ཡོངས་ཀྱི་དགྲ་ལྷ་ཆེ། །པད་མའི་འཕྲིན་ལས་སྤྲུལ་པ་སྟེ། །ཁྲི་སྲོང་ལྡེ་བཙན་སྒྱུ་འཕྲུལ་གར། །ནག་ཕྱོགས་བདུད་སྡེ་བརླག་པ་དང་། །བསྟན་དགྲའི་གཤེད་མ་རྫུ་འཕྲུལ་ཅན། །སེང་ཆེན་ནོར་བུ་དགྲ་འདུལ་ནི། །མི་སྨུག་གཡུ་ཡི་སྨིན་མ་ཅན། །ཞེས་སོགས་ལས་འཁྲུལ་མེད་དུ་རྟོགས། དེ་ལྟར་གངས་ཅན་གྱི་མཁས་དབང་གཏེར་ཆེན་ལས་རབ་གླིང་པ་དང་། རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ། རྗེ་དམུ་དགེ་བསམ་གཏན། མཁན་ཆེན་འཇིགས་མེད་ཕུན་ཚོགས། མགོ་ལོག་མཁས་དབང་པད་མ་ཀུན་བཟང་སོགས་དང་། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ། རླངས་ཀྱི་པོ་ཏི་བསེ་རུ་སོགས་ལས་གསུངས་པ་བཞིན། སྐུ་རྗེ་མི་ཡི་ཉི་མ་འཛམ་གླིང་གེ་སར་རྒྱལ་པོ་མཆོག་ནི་གུ་རུ་པད་མའི་རྣམ་རོལ་ཡིན་པ། མཁས་དབང་དེ་དག་གིས་མགྲིན་གཅིག་ཏུ་གསུངས་པའི་ཁུངས་ལྡན་ལོ་རྒྱུས་དག་ལ་གསལ་ལོ། །

རྒྱ་བཟའི་སྦྲ་ཕུབ་སའི་རྗེས་ཤུལ།
ས་བཙན་སྦྲུལ་མགོའི་འདབས།

རྒྱ་ཚས་ཤྭ་བའི་ཤ་དང་སྟྭ་རེ་རྡོ་ལ་བརྒྱབ་ཤུལ།

ཨ་མྱེ་སྒོམ་པ་རཱ་ཛའི་མཐུ་ཁང་ཡོད་པའི་ལྕི་ཕུ་བྲག་ནག་ལུང་མདོ།
འོ་ན་རྒྱལ་དབང་ཨོ་རྒྱན་ཆེན་པོའི་རྣམ་རོལ་གླིང་གེ་སར་ནོར་བུ་དགྲ་འདུལ་མགོ་ནག་མི་ཡི་རྗེ་བོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་འདིར་བསྟན་དང་འགྲོ་བའི་དོན་དུ་བྱོན་པ་ཡིན་པས། དེ་ཉིད་ཀྱི་འཁྲུངས་ཡུལ་དང་། ཡབ་ཡུམ། གདུལ་བྱ་གང་ལ་མཛད་པའི་ལོ་རྒྱུས་མདོར་ཙམ་ཞུ་ན། གངས་ལྗོངས་ས་ཡི་ཐིག་ལེ་གླིང་གེ་སར་རྒྱལ་པོའི་ཕ་ཡུལ། ལྷོ་འཛམ་བུ་གླིང་གི་དྭངས་རྩེ། བོད་ཁ་བ་ཅན་གྱི་ཞིང་ཁམས། སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ། རྫ་ཚབ་ཚ་ཆོས་འཁོར་རྣམ་རྒྱལ་གླིང་གི་ཉེ་འདབས། ཨ་ཕྱུག་རྩྭ་ཐང་དུ་སྐྱེས་བུ་དམ་པ་འདི་ཉིད་སྐུ་འཁྲུངས་པ་ཡིན།
ཡུལ་དེ་རུ་འཁྲུངས་ཚུལ་ནི་སྔར་གྱི་ཁུངས་ལྡན་གྱི་ལོ་རྒྱུས་དང་རྣམ་ཐར། འཁྲུངས་གླིང་སོགས་ལས་ཇི་ལྟར་བྱུང་བ་བཞིན་འདིར་དྲངས་ན། ས་སྐྱིད་སོས་ཡག་གི་ཁ་མདོ་དེ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །སྤང་གཉིས་བལ་སྟན་གཏིང་འདྲ་ཡོད། །བྲག་གཉིས་འདའ་སྒྲོ་གཤིབ་འདྲ་ཡོད། །བྲག་སྦལ་བ་འདྲ་བའི་རྩ་བ་རེད། །ཀླུ་གཙུག་ནའི་གཏེར་སྒོ་ཕྱི་མ་རེད། །ཅེས་དང་། རྨ་ས་བཟུང་དར་དཀར་མདུད་པ། རྟ་རྒྱུགས་ནོར་བུ་ཆ་བདུན། ལྷ་གླིང་གབ་རྩེ་དགུ་སྐོར། འཁྲུངས་གླིང་མེ་ཏོག་ར་བ་སོགས་ལས་རྒྱ་ཆེར་རྟོགས་ཐུབ་པར་མ་ཟད། གཞན་ཡང་གངས་ཅན་གྱི་མཁས་དབང་མང་དག་དང་། རྒྱལ་ཕྱི་ནང་གི་མཁས་པ་དང་། ཁྱད་པར་དུ་ཕྱོགས་སོ་སོའི་གེ་སར་ཞིབ་འཇུག་པ་མང་ཕྱོགས་དགོངས་པ་གཅིག་མཐུན་བྱུང་ཡོད། འཛམ་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་སྡེ་དགེ་རྫོང་ཨ་ཕྱུག་རྩྭ་ཐང་ནི་གཞན་ལས་ཁྱད་དུ་འཕགས་པའི་གནས་ཞིག་ཡིན་ཏེ། གནམ་ཐོག་ཕུབ་འཁོར་ལོ་རྩིབས་བརྒྱད་ཡོད། །ས་བཀོད་ལེགས་པད་མ་འདབ་བརྒྱད་ཡོད། །བར་བཀྲ་ཤིས་རྟགས་བརྒྱད་ར་བས་བསྐོར། །
དེ་བཞིན་ས་སྐྱིད་སོས་ཡག་གི་ཁ་མདོ་ནི། སྤང་མེ་ཏོག་གི་ཚོམ་བུ་བཀྲ་ས། སྨན་ནགས་ཚལ་གྱི་གཡུ་ལོ་རྒྱས་ས། ཆབ་དྭངས་གཙང་གི་སྐ་རགས་བཅིངས་ས། བྱ་འདབ་ཆགས་ཀྱིས་གསུང་སྙན་སྒྲོག་ས། དགོན་གཙུག་ལག་གིས་ས་གཞི་བརྒྱན་ས། ཆོས་ལུང་རྟོགས་ཀྱི་བསྟན་པ་དར་ས། ལྷ་ཆོས་སྐྱོང་གི་དབུ་འཕང་མཐོ་ས། སྦྲ་གུར་དཀར་པོས་སྤང་ལྗོངས་མཛེས་ས། གཡང་ནོར་ལུག་གིས་ས་གཞི་ཁེབས་ས། བུ་བུ་མོའི་མཛེས་མདངས་ངོམས་ས། ཨ་ཕྱུག་རྩྭ་ཐང་འདི་འདྲའི་གནས་མཆོག་ཁྱད་པར་ཅན་དུ་སླེབས་པ་ཙམ་གྱིས་མི་སུ་འདྲ་ཡིན་རུང་རང་བཞིན་གྱིས་སྤྲོ་སེམས་ཀྱི་དཔལ་ལ་རོལ་ཐུབ།
འདིར་སེང་ཆེན་ནོར་བུ་དགྲ་འདུལ་སྐུ་འཁྲུངས་ཚུལ་གྱི་ལོ་རྒྱུས་རགས་ཙམ་ཞུ་ན།
ཁོང་ནི་ཡབ་གླིང་ཆུང་རྒྱུད་སེང་བློན་རྒྱལ་པོ་དང་ཡུམ་ཀླུ་གཙུག་ནའི་སྲས་མོ་ཡལ་ག་མཛེས་ལྡན་ནམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་སྟག་སྤྱི་ལོ་1038ལོར་སྐུ་འཁྲུངས། ཀླུ་མོ་ཡལ་ག་མཛེས་ལྡན་ནི་འོག་ཀླུ་ཡུལ་དུ་ནད་ཡམས་ཆེན་པོ་བྱུང་ལ། དེའི་དུས་སུ་ཨོ་རྒྱན་ཆེན་པོ་པད་མ་འབྱུང་གནས་འོག་ཀླུ་ཡུལ་དུ་ཀླུ་ནད་གཅོད་ཕྱིར་གདན་དྲངས་པ་ཡིན། ནད་ཡམས་བཅད་པའི་ཡོན་དུ་ཀླུ་མོ་དེ་ཕུལ་བ་ཡིན། དེ་དུས་འགོག་ར་ལོ་སྟོན་པ་རྒྱལ་མཚན་ལ་བཅོལ་ཏེ། སློབ་དཔོན་གྱིས། ཚེ་གནང་མ་ཡིན་གཏམ་ལེ་ཡིན། ནམ་དགོས་བདག་པོ་སླེབས་ཡོང་གསུངས་སོ། །འདི་ནི་འཁྲུངས་གླིང་ལས་བྱུང་བ་ལྟར་ཅུང་ཟད་སྤྲོས་པ་ཡིན། གླིང་སྤྱི་དཔོན་གྱི་བུ་སྙིང་དང་འདྲ་བ་གླེན་པ་ཆོས་རྒྱལ་འགོག་ལ་ཤོར་ནས་གྲོངས། དེའི་ཤ་ལེན་དུ་འབུམ་པའི་ཞལ་དཀར་གཙོས་ཕུ་ནུ་དཔའ་ཐུལ་ཁྲི་བདུན་འགོག་ར་ལོ་སྟོན་པ་རྒྱལ་མཚན་གྱི་སྟེང་དུ་ཆས་ཙ་ན། སྟག་རོང་དཔོན་པོ་ཁྲོ་ཐུང་གིས་མདའ་གསེར་སྟོང་མ་ཞིག་ལ་སྔགས་བཏབ་སྟེ་མགུལ་དུ་ཡི་གེ་འདི་ལྟར་བྲིས། འགོག་ར་ལོ་སྟོན་པ་རྒྱལ་མཚན་ག་ལ་བར། སྟག་རོང་དཔོན་པོ་ཁྲོ་ཐུང་ནས་སྤྲིངས་དོན། ན་ནིང་སྤྱི་དཔོན་གྱི་བུ་བསད་པའི་ཤ་ལན་ལ། འབུམ་པ་ཞལ་དཀར་གཙོས་ཕུ་ནུ་ཁྲི་དམག་བདུན་གནངས་ཉིན་འོང་རྒྱུ་གཏན་འཁེལ་བས། འཐབ་པའི་རེ་བ་དང་བྲལ། དེ་བས་དོ་ནུབ་ནས་ས་བཙན་ཞིག་ཏུ་བྲོས་འགྲོ་རྒྱུ་གལ་ཆེ། ད་ལྟ་ངས་ཕན་ཆེར་བཏགས་པ་ལ། སླད་ནས་རེ་བ་ཅུང་ཞིག་ཡོད་པས་མ་བརྗེད་པ་དགོས་ཞེས་བྲིས།
དེ་ཁྲོ་ཐུང་གིས་དགོས་པ་ཅིའི་ཕྱིར་ཡི་གེ་སྤྲིངས་པ་ཡིན་ནམ་ཞེ་ན། གླིང་རྒྱ་ཚ་འདི་དཔའ་སྙིང་ཆེ་ལ་ད་རུང་དམག་འདི་ཙམ་ཞིག་ཁྲིད་ནས་སོང་ན་འགོག་ཡུལ་རྩ་བརླག་བཏང་ལ་ཀླུ་གཙུག་ནའི་སྲས་མོ་དང་ཀླུ་ནོར་རྣམས་གནང་ལ་ལེན་ནས་བོད་ལ་གཏམ་རྒྱུད་ཡོད་པ་ཞིག་བྱེད་དེ། གཏེར་ཟོག་རྣམས་སྤྱི་ནོར་འགྲོ་ནའང་སྲས་མོ་དེ་ཆུང་རྒྱུད་ཀྱིས་བདག་བྱེད་འགྲོ་བ་ཐག་ཆོད། དེས་ན་ཐབས་ཤིག་བྱེད་དེ་ཡི་གེ་ཞིག་སྤྲིངས་ན་ཀླུ་མོ་དང་ཀླུ་ནོར་ཁ་ཤས་སྟག་རོང་གིས་བདག་བྱེད་ཆོག་སྙམ་སྟེ་ཡི་གེ་སྤྲིངས་པ་ཡིན། མདའ་དེ་ཚག་སྒྲ་དང་བཅས་སོང་བ་ལས། འགོག་ར་ལོ་སྟོན་པས་ལ་མོར་བལྟས་པས་ཡི་གེའི་ནང་དོན་ཤེས་ཏེ་འགོག་ཡུལ་ཐམས་ཅད་ལ་ཆ་དང་བང་ཆེན་བྱས་ཏེ་མཚན་འགྲོས་བྱས། ཀླུ་འབུམ་དང་གཡུ་སྦྲ་རྣམས་དྲེལ་ཁལ་གང་གིས་མ་ལྕོག་པར་ཀླུ་ཟོག་འབྲི་མོ་གཡང་རྭ་ལ་བཀལ་ཏེ་ཐེག་ཙམ་བྱུང་བས། ཧོར་གྱི་སྡེ་རྨ་ཤོད་མཚམས་ནས་སོང་། ཀླུ་ཟོག་འབྲི་མོ་དེའི་ཀླུ་ནོར་ཁུར་ནས་ཕྱིར་འགྲོ་བཞིན་འདུག་པ་ཀླུ་མོས་མཐོང་བ་ལས་གཞན་སུས་ཀྱང་མ་མཐོང་། དེའི་དུས་ལ་བབས་པའི་དབང་གིས་ཀླུ་མོས་ཀྱང་རྟར་ཞོན་ཏེ་ཡོད་པ་རྟ་ལས་བབས་ཏེ་རྐང་ཐང་དུ་འབྲི་རྗེས་རྒྱུགས་པས་འབྲི་ཡང་རྗེས་མ་ཟིན། ཕྱིར་འབོད་སྐད་བཏང་ཡང་ལས་དབང་གིས་སུས་ཀྱང་མ་ཐོས། དེར་མོ་རང་རྨ་ཁོག་ས་སྟོང་ནས་འབྲིའི་རྗེས་བཞིན་དེད་པས། མོ་སྡོད་ཚེེ་འབྲི་ཡང་སྡོད་པ་མོ་མགྱོགས་བུལ་ཇི་ལྟར་བྱས་ཀྱང་འབྲི་ཡང་དེ་ལྟར་འགྲོ་བ་ལས་རྗེས་མ་ཟིན། ཟིན་ལ་ཁད་ཀྱི་ངང་དེར་འབྲི་གར་སོང་བཞིན་འགྲོ་བ་ལས་ལམ་འདིར་བགྲོད་ཀྱི་དམིགས་གཏད་དང་བྲལ། དེའི་ཚེ་མོ་རང་ལ་བཀྲེས་སྐོམ་དཀའ་ཚེགས་སྡུག་བསྔལ་ནི་ཡེ་མེད་པར་སྣང་ངོ་། །
དེ་ནས་གླིང་དམག་རྣམས་འགོག་ཡུལ་དུ་སླེབས་རྗེས་འགོག་ཡུལ་ནི་ས་སྟོང་དུ་སོང་བས་འདུག་མལ་མ་གཏོགས་མེད་པས་གླིང་དམག་རྣམས་ཀྱིས་གྲོས་རར་ཚོགས་ནས། ལ་ལས་ག་སོང་རྩད་གཅོད་ཟེར། ལ་ལས་དམག་མང་འདི་ཙམ་གྱིས་ཅི་བྱེེད་ཕྱིར་འགྲོ་ཟེར། དེའི་སྐབས་སྤྱི་དཔོན་ན་རེ། གླིང་དཀར་པོའི་དམག་གར་སོང་ཡང་གཏང་མ་མེད་པར་སྟོང་ལོག་ཏུ་འགྲོ་མ་མྱོང་བས། སེང་བློན་ནས་མོ་ཞིག་ཐོབ་དང་དེའི་ཐོག་ཐག་གཅོད་ཟེར། སེང་བློན་ནས་མདའ་མོ་ཞིག་བཏབ་པས། ད་ཇ་ཚེ་ཞིག་ལ་སོང་ན་མཛེས་མ་མིག་གི་བདུད་རྩི། འཛད་མེེད་བདུད་རྩིའི་བཅུད་ལེན། དགོས་འདོད་ནོར་བུའི་གཏེར་ཟོག་གནང་ལ་ལེན། འཛིང་མི་དགོས་རང་ལག་ཏུ་འོང་། མཚོན་ཤུབ་ཁ་མ་སྤར། མདའ་གཞུ་སྟེང་དུ་མ་ཁྱེར་ཀྱང་། གཏང་མ་དབང་ཐང་གིས་གཅོད་པ་གདའ་ཟེར་བ་ཞིག་འདུག་ལགས་ཞུས་པས། ཁྲོ་ཐུང་ནས་བསམ་པར་ད་ལྟའི་མོ་དེ་ཉམས་མཚར། གཏང་མ་མི་འབྱུང་ཐག་ཆོད། མོ་མི་ཐིག་པའི་སྙིང་ཚིམ་ཞིག་བདའ་དགོས་སྙམ་སྟེ། འོ་ན་ས་སྟོང་གི་གཏང་མ་མདའ་མོ་གཞུ་སྟེང་མི་ཁྱེར་རལ་གྲི་ཤུབ་ནས་འདོན་མི་དགོས་པ་དེ་འདྲ་ཞིག་བྱུང་ན། སེང་བློན་ཁྱེད་ལ་མོ་ཡོན་དུ་དེ་རིང་གི་གཏང་མ་དེ་སྦྱིན་ཆོག་ཅེས་སྨྲས། སྤྱི་དཔོན་གྱིས་འོ་ན་སྟག་རོང་དཔོན་ནས་ཐག་བཅད་ན་དེ་ལས་ཅི་ཡོད། ད་ལྟར་ཇ་ཞིག་བསྐོལ་ཏེ་ལྷ་བསང་བཏང་ནས་འགྲོ་གསུངས། སྔར་ར་ལོ་སྟོན་པའི་བླ་མ་རྡོ་རྗེ་རྒྱལ་མཚན་ལ་དགོངས་བཏགས་ཞུས་པས། ནོར་ཕྱིར་ཤོར་ངོ་དང་། དགྲ་ངོ་འདུག་པས། ལྷ་བསང་དང་དགྲ་ལྷའི་བརྔན་གསོལ་བབས་པར་བསྒྲུབ་རྩིས་ཀྱིས་བསངས་ཤིང་སྣ་ཚོོགས་ལྷག་ཡོད་པ་དེ་རྣམས་ཚུར་བསྡུས་ཏེ་ལྷ་བསང་གི་དུད་སྤྲིན་མཁའ་རུ་ཁྱབ་པར་བྱས། སྤྱི་དཔོན་གྱིས་དཔའ་རྒྱ་ཚ་ཇག་བྱོན་དང་པོ་ཡིན་པས། དཔའ་ལ་མི་སྐྱོང་དཀར་པོ་ཁྱེད་ཀྱིས་ལྷ་འབོད་དང་དགྲ་ལྷ་ལུས་ཞུགས་ཀྱི་གླུ་ཞིག་ཐོངས་གསུངས། དེ་ལྟར་མི་སྐྱོང་གིས་དར་སེང་འགྱིང་གླུ་ལ་དྲངས་ནས་ལེགས་པར་བཏང་།
དེ་དུས་འགོག་བཟའ་དེས་འབྲི་བསྐྱུར་ཏེ་འདུག་བསམ་ཡང་ས་སྟོང་ཡིན་སྟབས་འདུག་དབང་མ་བྱུང་། སྐབས་ཤིག་ངལ་གསོས་པའི་ཡིད་མཆི་མ་འཁྲུགས་ནས་གཉིད་དུ་སོང་བའི་མནལ་ལམ་ན། བུ་ཆུང་དར་གོས་གོན་པ་ཞིག་གིས་གཡུ་ཟོ་འོ་མས་བཀང་བ་ཞིག་སྤྲོད་དེ་འདི་ཨ་ཅེས་བསྐྱལ་བྱུང་།
ཁྱེད་འབྲི་རྗེས་རྒྱུགས་དང་མི་ཡུལ་འཁྱར་བའི་འགྲོ་དོན་དུས་ལ་བབས་འདུག་གསུངས། དེ་ནས་མནལ་སད་པ་དང་བུ་ཆུང་གར་སོང་མི་འདུག །གཡུ་ཟོ་འོ་མས་བཀང་བ་དེ་དྲུང་ན་འདུག་པ། ཕ་མས་སྐོམ་སེལ་གནང་བ་ཡིན་སྙམ་པ་ཤེས་ནས་འཐུང་བཞིན་གཡུ་ཟོ་ཁྱེར་ཏེ་འབྲི་རྗེས་རྒྱུགས་པས་འགོག་ཡུལ་དར་ལུང་དུ་སླེེབས། གླིང་དམག་དང་དུས་ཚོད་བཏབ་པ་བཞིན་དེར་འཛོམས། གླིང་དམག་གིས་བལྟས་པས་བུ་མོ་མཚར་སྡུག་ཡིད་དུ་འོང་བ་འཇིག་རྟེན་གྱི་མི་དང་མི་འདྲ་ལ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཚུར་བྱུང་བ། དེེ་དུས་ཁྲོ་ཐུང་ན་རེ། ཡ་ཕ་རིའི་བུ་མོ་ཁྲ་རིས་མ། གླིང་དཀར་པོའི་སྟེང་དུ་རྒྱུག་ལུགས་ལ། གླིང་དཀར་པོའི་ཕུ་ནུའི་ལས་དམག་འདི། དགྲ་འགོག་སྡེའི་སྟེང་དུ་འགྲོ་རྒྱུ་ཡིན། གནང་ཁྲ་མོ་ལེན་པའི་ཐབས་ཤིག་ཤོད། ཁྱེད་བུ་མོའི་ལོ་རྒྱུས་ཇི་འདྲ་ཡོད་ཟེར་བ། བུ་མོས་སྨྲས་པ། འགོག་སྡེ་ལག་ཏུ་བཞག་ཐབས་གར་ཡོད་དེ། ང་ཡི་ལོ་རྒྱུས་བཤད་པ་ལས་འོས་མེད། བདེན་པ་བཤད་པ་ལས་འདི་ལ་གསང་བསམ་པ་ཡོད་དམ་ཅི་ཡོད། འོན་ཏེ་ཅི་བྱས་སྔོན་གྱི་བསྐོས་ཐང་ལ་འཇིགས་རྒྱུ་གར་ཡོད་བསམས་ཏེ། སྨྲས་པ། ང་སངས་རྒྱས་མཁའ་འགྲོའི་སྐྱེ་བ་ཡིན། །སྐྱེ་བ་འདི་ཡི་ཟིན་སོ་ལ། །ས་སྐྱིད་པོ་མ་དྲོས་ཀླུ་ཡུལ་ནས། །ཀླུ་གཙུག་ན་རིན་ཆེན་སྲས་མོ་ཡིན། །ཀླུ་མོ་ཡལ་ག་མཛེས་ལྡན་ཟེར། །ལྷ་ཨོ་རྒྱན་པད་མའི་དབང་ཡོན་ཡིན། །འགོག་ར་ལོ་ཚང་ལ་གནང་ལེ་རེད། །ཚེ་གནང་མ་རེད་གཏམ་ལེ་རེད། །ནམ་དགོས་བདག་པོ་སླེབས་པར་གསུངས། །ང་བུ་མོའི་ཀླུ་ཟོག་འབྲི་མོ་གཅིག །ཀླུ་སྦྲ་མཐིང་ཤོག་གུང་དགུ་གཉིས། །ཀླུའི་གསེར་འབུམ་དུམ་པ་བཅུ་གཉིས་བཅས། །འབྲི་ལ་བཀལ་བས་ཐེབས་ཙམ་བྱུང་། །ཕ་གཙུག་ནས་བྱིན་པའི་ནོར་བུ་རེད། །གཏོང་མ་བྲ་བུ་མོའི་རྗེས་བཞིན་ཡོང་། །ཞེས་ཟེར་བ་དང་། ད་རུང་བུ་མོ་འབྲི་རྗེས་འགྲོ་རྩིས་ཞེ་ཐག་པ་ནས་ཡོད་པ་ལ། སྤྱི་དཔོན་ན་རེ། གླིང་དཀར་ཇག་དོན་འགྲུབ་ནས་བྱུང་། །གཏང་མ་དེ་ལྷག་འོང་རྒྱུ་མེད། །དཔའ་སེང་སྟག་གི་བདེན་ཚིག་འགྲུབ་ནས་བྱུང་། །ལྷ་གོང་མའི་དངོས་གྲུབ་གནང་ལེ་རེད། །ད་གླིང་དཀར་སྟོད་དུ་འགྲོ་བས་ཆོག །གཏང་མས་འཛམ་གླིང་རྒྱན་ལེ་ཡིན་གསུངས་པ་དང་། སེང་བློན་གྱིས་དེ་རིང་གཏང་མ་དེ་ཨ་ཁུས་ང་ལ་མོ་ཡོན་སྤྲད་པ་ཡིན་པས་ང་ལ་དབང་ཟེར། ཁྲོ་ཐུང་གིས་བུ་མོ་གཏང་མ་མིན། ས་སྟོང་ནས་རྙེད་པ་ལ་གཏང་མའི་སྲོལ་མེད། འོན་ཀྱང་ང་རང་གིས་དང་པོ་མཐོང་བ་ཡིན་ཟེར། དེ་དུས་གཟུ་ཆེན་ཝེར་མའི་ལྷ་དར་གྱིས་འདིར་ལོ་སྟོན་པའི་ཕུག་ནོར་དུ་སོང་གཤིས་གཏང་མ་དབང་ཐང་གིས་ཆོད་པ་ཟེེར་བ་དེ་ཡིན། སེང་བློན་བདེན། ཚིག་ཁ་ཤོར་རྟ་ཡིས་མི་སླེབས། མདའ་མཐེབ་ཤོར་ལག་གིས་མི་ཟིན་ཟེར་རྒྱུ་དེ་རེད་མོད། འོན་ཀྱང་ཀླུ་འབུམ་ཀླུ་སྦྲ་གཉིས་གླིང་དཀར་པོའི་སྤྱི་ནོར་དུ་ཞོག །བུ་མོ་དང་འབྲི་མོ་གཉིས་སེང་བློན་གྱི་མོ་ཡོན་དུ་དབང་རྒྱུ་ཡིན་ཟེར། ཕུ་ནུ་དཔའ་ཐུལ་ཐམས་ཅད་ཀྱིས་དེ་ལྟར་ལེགས་ཞེས་གསུངས་ཏེ། ཞལ་མཐུན་པ་བྱུང་།
གླིང་པས་ཀླུ་འབུམ་ཀླུ་སྦྲ་རྣམས་རྟ་དྲེལ་ལ་བཀལ། བུ་མོ་བློ་བདེ་བར་བྱུང་། བུ་མོ་ལ་རྟ་བསྐྱོན་ཀྱང་སྒ་མི་འདུག་ཅི་ཞིག་བྱེད་ཟེར་བ་དང་། བུ་མོ་ན་རེ། སྔ་མོ་དབྱར་ཀ་སྐྱོ་བསང་ལ་སོང་བས་ཕ་ཀིའི་བྲག་དཀར་གྱི་ལོགས་ན་བུ་ཆུང་ཞིག་གིས་གསེར་སྒ་གཡུ་ཡི་སྲབ་རྨེད་ཅན་ཞིག་བྱིན་བྱུང་། ཁྱོད་ཀྱིས་འདི་གང་དུའང་མ་ཁུར། སུ་ལའང་མ་བཤད། མཁོ་བའི་དུས་ཤིག་འོང་། དེའི་བར་དེར་ཞོག་དང་ངས་སྲུང་ཆོག་ཟེར་བས་དེའི་བར་བརྗེད་སོང་། ད་ཨེ་ཡོད་ན་འོན་ཏེ་བླ་མའམ་ཕ་མིང་གིས་བྱིན་པ་ཡིན་པས་ཡོད་ཡོང་ཟེར། མོ་རང་དང་དཔའ་ཐུལ་ཁ་ཤས་ཕྱིན་པས་གསེར་སྒ་གཡུ་སྲབ་དང་བཅས་དེ་མུས་སུ་བཞག་འདུག་པས་ཀླུ་མོ་རང་ཡིན་པ་ངེས་ཤེས་རྙེད་དེ་དཔལ་ཐུལ་རྣམས་དགའ་ཚོར་ཚད་མེད་བྱུང་། དེ་ནས་གླིང་པ་རྣམས་དགའ་ཚོར་ཚད་མེད་ངང་ནས་རིམ་གཤར་གྱིས་གླིང་ཡུལ་དུ་འབྱོར།
འོ་ན་ཀླུ་མོ་ཡལ་ག་མཛེས་ལྡན་ནམ་འགོག་བཟའ་ལྷ་མོ་གླིང་ཡུལ་ས་སྐྱིད་སོས་ཡག་གི་ཁ་མདོར་སླེབས་སྐབས་སེང་བློན་གྱི་མོ་ཡོན་ཐོབ་པ་བཞིན་ཁྱིམ་གཅིག་ཏུ་སྡོད་པ་ཨེ་ཡིན་ཞེ་ན།
ཁྱིམ་གཅིག་ཏུ་སྡོད་པ་མ་ཡིན་ལ། སྔར་ནས་རྒྱ་བཟའ་དང་མཉམ་དུ་ཡོད་པར་མ་ཟད། གླིང་འབུམ་པའི་རྒྱ་ཚ་ཞལ་དཀར་འཁྲུངས་ཡོད། སྤྱི་དཔོན་གྱི་བསམ་པ་ལ་ཀླུ་མོ་དང་རྒྱ་བཟའ་གཉིས་ལྷན་དུ་བཞག་ན། རྒྱ་བཟའ་འདི་ཕྲག་དོག་ཆེ་བས་ཕྱི་མཐའ་ཅི་འོང་མི་ཤེས། ལྷ་བླ་མའི་དགོངས་པ། མ་མཁའ་འགྲོའི་ལུང་བསྟན་ལྟར། ལྷ་ཕྲུག་ཅིག་འཁྲུངས་རྒྱུ་ཡོད་ཟེར་བས་མ་ནི་འདི་ཡིན་པ་ངེས་སྙམ་ཏེ། ད་སེང་བློན་ཁྱེད་ཀྱིས་འགོག་མོ་ལ་རེ་ཞིག་གཞིས་སྣོད་ཅི་དགོས་བྱིན། ཀླུ་ཟོག་འབྲི་མོ་ནི་མོ་རང་མ་གཏོགས་སུ་ལ་འོ་མ་མི་སྟེར་བས་མོ་རང་གིས་བདག་རྒྱུ་གྱིས། མོ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་པས་ཇི་ལྟར་ཡང་བདེ་བ་ལས་མེད། ཅེས་སྤྱི་དཔོན་ནས་དེ་བཞིན་ཐག་བཅད་པར་མ་ཟད། རྒྱ་བཟའ་ཚང་གིས་ཀླུ་མོ་ལ་ཅི་ཐོངས་སྦྱིན་དགོས་པ་གཟུ་འཕངས་པས། རྒྱ་བཟས་རྟ་རྒོད་མ་གཅིག །འབྲི་གཅིག །མཛོ་མོ་གཅིག །ལུག་མ་མོ་གཅིག་བྱིན། བུ་མོའི་ས་ཟིན་པར་རྟེན་འབྲེལ་མང་པོ་མ་སྒྲིག་རང་འགྲིག་ཏུ་སོང་། གཡང་ར་བ་སྒོ་བཞི་ཟེར་བ་དེ་ནས་བྱུང་། བུ་མོ་ལ་གླིང་པ་སྤྱི་ནས་འགོག་བཟའ་ལྷ་མོ་བཏགས། ཚིག་བསྡུས་ཏེ་འགོག་བཟའ་ཡང་ཟེར། མོ་རང་གིས་འབྲི་ལ་ནང་ནུབ་ནམ་བཞོས་ཀྱང་འོ་མ་ཟད་རྒྱུ་མེད་པ་བྱུང་བས། གཡང་གི་འབྲི་མོ་དཀར་མོ་ལ། །ནུ་མ་བརྒྱ་དང་སུམ་ཅུ་ཡོད། །འགོག་མོ་མིན་པས་ཞོས་ལེ་མིན། །གཡུ་ཟོ་མིན་པར་ཚོགས་ལེ་མིན། །ཞེས་གཏམ་ལ་གྲགས་སོ། །
ནུབ་གཅིག་གི་རྨི་ལམ་ན་བླ་མ་ཞིག་གིས་ཁྱེད་བྲག་སྦལ་བ་འདྲ་བའི་མདུན་ཀླུ་གཙུག་ནའི་ཆུ་མིག་ནག་རིང་ལ་སྡོད་ཟེར་བ་ལ། སེང་བློན་ལ་བཤད་པས་དེ་ལྟར་དགོས་ཟེར་ནས་བཞག་གོ །འགོག་མོ་ནི་རྒྱ་བཟའ་ལས་ཀྱང་སྐྱིད་པ། བྱིན་ཆགས་བག་བྲོ་བ། ཅི་དགོས་འབད་མེད་དུ་ཡོད་པར་གནས་སོ། །
འཁྲུངས་གླིང་ལས། ཀླུ་རྒྱལ་སྲས་མོ་འགོག་བཟའ་ལ། །གེ་སར་ནོར་བུ་དགྲ་འདུལ་འཁྲུངས། །དགྲ་ལྷ་ཝེར་མའི་སྡོང་གྲོགས་བྱས། །རེ་ཞིག་མཚན་ལ་ཇོ་རུ་བཏགས། །ཞེས་གསུངས་པ་ལྟར། ཉིན་ཞིག་བུ་མོ་མཚོ་ཁར་སྐྱོ་བསངས་སོང་བས། མཚོ་དེའང་དྭངས་ལ་བསིལ་བ། རླབས་ཕྲེང་དལ་བུར་རྒྱུ་བའི་བཏུང་སྤྲོ་བ་དང་། སྤང་ལྗོངས་ལ་མེ་ཏོག་སྣ་ཚོགས་ཚར་དུ་དངར་བས་དང་པོ་ཉམས་མཚར་ཞིང་། བར་དུ་ཀླུ་ཡིད་ལ་དྲན་ནས་ཀླུ་ཡུལ་གྱི་ལོངས་སྤྱོད་དང་ཕ་མ་ཉེ་འབྲེལ་ཀུན་ཡིད་ངོར་ཤར་བ་ཞིག་བྱུང་སྟེ། ཀླུ་ལ་འབོད་པའི་ཆུ་བོ་དལ་འབབ་ཀྱི་རྟ་ལ་དྲངས་པ་འདི་ལྟར། ས་ལྕི་སོས་ཡག་གི་ཁ་མདོ་རེད། །ང་ཀླུ་མོ་ཡལ་ག་མཛེས་ལྡན་ཟེར། །འོག་ཀླུ་རྗེའི་སྲས་མོ་མི་ཡུལ་ཡོང་། །ཕ་གཙུག་ནས་བརྗེད་ནས་ལོ་གསུམ་རེད། །ང་ཀླུ་སྐད་མ་ཐོས་ལོ་གསུམ་རེད། །དེ་ཨེ་གོ་གཙང་རྒྱས་གསེར་ལྡན་ལོ། །ཞེས་མིག་མཆི་མས་གང་བཞིན་བསྡད་པ་དང་དེ་མ་ཐག་ཀླུ་རྒྱལ་གཙུག་ན་རིན་ཆེན་མི་སྔོན་རྟ་སྔོན་ཅན་དུ་སྤྲུལ་ཏེ་མཚོ་ནང་ནས་ཡར་བུ་མོའི་དྲུང་དུ་བྱུང་སྟེ། བུ་མོ་ཡུས་མ་ཆེ། ང་དང་བླ་མས་མ་དགོངས་པ་མིན། ང་ཡང་ཁྱེད་ལ་སེམས་འཕྲེང་ཆེ་བས། བརྗེད་ག་ལ་སྲིད། འོན་ཀྱང་ང་ཡི་གཏམ་འདི་ཉོན་ཨང་ཞེས་བསླབ་བྱ་འདི་གནངས་སོ། །སྨན་བུ་མོ་གནས་འགྲོ་དགོས་པ་ན། །གནས་འདིར་སོང་ལུང་བསྟན་པད་མས་གནང་། །ཅི་དགོས་པའི་ཡོ་བྱད་གཙུག་ནས་སྦྱར། །སྔོན་གནས་ས་མཐོང་སྨོན་གླིང་ལ་བྱས། །ངའི་ནོར་བུ་དགོས་འདོད་བསམ་འཕེལ་འདི། །ཅི་དགོས་པའི་ལོངས་སྤྱོད་སྣ་ཚོགས་འབྱུང་། །ཆུམ་ངེས་པའི་སྲས་ཞིག་མ་བྱུང་བར། །འདི་ཁྱེད་ཀྱི་ལུས་དང་འབྲལ་མེད་གྱིས། །ཞེས་གསུངས་ཏེ་ནོར་བུ་བྱིན་ནས་ཆུར་ཐིམ་སོང་།
དེ་ནས་བུ་མོའི་སེམས་ལ་སྔར་ལས་ཀྱང་བདེ་དྲོད་དང་ཉམས་སྣང་ཁྱད་པར་ཅན་ཞིག་སྐྱེས་ཏེ་གཉིད་དུ་སོང་བའི་མནལ་ལམ་ན། བླ་མ་ཨོ་རྒྱན་པད་མ་དེས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་སྤྱི་བོར་བཞག་ནས་རང་ལ་ཐིམ། དེ་སྟེ་སང་གི་ཉི་མ་ལ། །གླང་ལོ་ནག་ཟླའི་ཡར་ཚེས་བརྒྱད། །དུས་ཆེན་ཚེས་བཟང་མགོ་འཛོམས་ལ། །རྒྱལ་སྲས་མི་མིན་འཕྲུལ་གྱི་བུ། །ལྷུམས་སུ་ཞུགས་པའི་དུས་ལ་བབས། །དེ་ནག་ཕྱོགས་འདུལ་བའི་གཤེད་མ་ཡིན། །མགོ་ནག་བོད་ཀྱི་རྗེ་བོ་ཡིན། །
བདུད་ཧོར་གཉིས་ཀྱི་གཉའ་ཤིང་འོང་། །རྫོང་ཆེན་བཞི་དང་རྫོང་ཕྲན་བརྒྱད། །མཐའ་ཡི་རྒྱལ་ཁག་བཅུ་གཉིས་དེ། །སྤྱི་དཔོན་འདྲེན་པའི་བླ་མ་འབྱུང་། །རྐན་མར་པད་མའི་ཚེ་ཆུ་སྦྱིན། །བཏུང་བ་དང་པོ་གཙུག་ནས་དྲངས། །ན་བཟའ་ཐོག་མར་གཉན་གྱིས་བསྐོན། །གསུང་བདུད་རྩིའི་ལན་དེ་མ་ཡིས་ཐོངས། །ཟས་འདྲེན་པའི་ཐོག་མར་སྤོམ་རས་བྱེད། ། དགྲ་འདུལ་བའི་ཐོག་མར་གནམ་ལ་བྱེད། །ཁྱེད་ཀླུ་མོའི་ཡིད་ལ་དེ་འདྲ་ཞོག །ཅེས་གསུངས་ལ། དེར་ནག་པ་ཟླ་བའི་ཚེས་བརྒྱད་ཀྱི་ནུབ་མོར་ཡབ་སེང་བློན་དང་ལྷན་དུ་གཟིམས་པའི་རྨི་ལམ་ན། མི་སེར་པོ་གསེར་གྱི་གོ་ཁྲབ་ཅན་ཞིག་དང་མཉམ་དུ་དགའ་བདེ་ཡིས་ལྷན་གཅིག་དུ་ཉལ་བ་རྨིས་ཏེ། ཕྱི་ཉིན་གླིང་པ་རྣམས་ཀྱིས་འགོག་མོའི་སྦྲ་ཐོག་ཏུ་འཇའ་འོད་འཁྱིལ་བ་མཐོང་།
དེ་ནས་སྟག་ལོ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ཉིན་གྱི་ཉི་མ་འཆར་བ་དང་མཉམ་དུ་ལྷ་ཕྲུག་ཐོས་པ་དགའ་བ་དེས་བར་མི་ཡུལ་དུ་གསུང་འབྱོན་པའི་ཐོག་མ་ལ། དྲིན་མ་ཡི་ལུས་ཀྱི་རྩ་འཁོར་ན། །སྙིང་ག་ཆོས་ཀྱི་འཁོར་ལོ་རེད། །ལྷ་བུ་ཐོས་པ་དགའ་བ་ང་། །འཛམ་གླིང་མི་ཡུལ་ཉི་མ་ཡིན། །
གར་འགྲོ་རང་དབང་ཐོབ་ནས་ཡོད། །ང་ལྷ་ཕྲུག་མི་ཡུལ་དཔོན་ལ་བསྐོས། །དཔོན་ཁེབས་ཆེན་ཆགས་པའི་ས་དང་གཅིག །ལས་ཅི་དགོས་སྒྲུབ་པའི་བློན་དང་གཉིས། །ཁྲིམས་དགེ་བཅུའི་མངའ་འབངས་སྡེ་དང་གསུམ། །དུས་རྟག་དུ་སྐྱོོང་བས་གཉེན་དང་བཞི། །ཅི་དགོས་པའི་ལོངས་སྤྱོད་བང་མཛོད་ལྔ། །ལྔ་འཛོམས་སྐྱིད་ལ་ཡོད་པས་ན། །ང་ལྷ་ཕྲུག་མི་འདུག་འོང་རྒྱུ་བྱས། །སྤྱི་བོ་མགྲིན་པ་སྙིང་ཁ་དང་། །ལྟེ་བ་གསང་གནས་འཁོར་ལོ་ལྔ། །གར་འོང་གཏམ་ལེན་ཨ་མས་གྱིས། །ཞེས་གསུངས། མ་ཡུམ་འགོག་བཟའ་ལྷ་མོ་དེ་སྤྲོ་དགའ་ཚད་མེད་ངང་ནས་ཞུས་པ། ས་འདི་སྐྱིད་སོས་ཡག་གི་མདོ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། ། སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །བྲག་སྦལ་པ་འདྲ་བའི་རྩ་བ་རེད། །ཀླུ་གཙུག་ནའི་གཏེར་སྒོ་ཕྱེ་ས་རེད། །ལྷ་པད་མའི་ལུང་བསྟན་ཐོབ་ས་རེད། །ང་གཙུག་ན་རིན་ཆེན་སྲས་མོ་ཡིན། །ཨོ་རྒྱན་པད་མའི་དབང་ཡོན་ཡིན། །སེང་བློན་དཔོན་གྱི་ཇ་མ་ཡིན། ། ཆགས་པའི་ས་ལ་ཞུས་ཙ་ན། །ལྷོ་འཛམ་གླིང་ལས་ཀྱི་ས་ཆ་ཡིན། །སྟོད་ལ་མངའ་རིས་སྐོར་གསུམ་ཆགས། །བར་ན་དབུས་གཙང་རུ་བཞི་ཆགས། །སྨད་ན་མདོ་ཁམས་སྒང་དྲུག་ཆགས། །སྒང་དྲུག་ལ་འཁོོར་བའི་ཆུ་བཞི་ཡོད། །རྫ་འབྲི་ཆུ་ཡི་བར་ཁམས་སུ། །མདོ་ཁམས་ས་ཡི་ལྟེ་བ་ལ། །རྒྱབ་རི་རྒོད་པོ་ལྷ་རྩེ་ཡོད། །མདུན་རི་རི་བཞི་རྟ་ནག་ཡོད། །གཡས་རི་བྲག་སྔོན་གཡུ་རྩེ་ཡོད། །གཡོན་རི་རྫ་གདོང་ངུར་པ་ཡོད། །
གནམ་ཐོག་ཕུབ་འཁོར་ལོ་རྩིབས་བརྒྱད་ཡོད། །ས་བཀོད་ལེགས་པད་མ་འདབ་བརྒྱད་ཡོད། །བར་བཀྲ་ཤིས་རྟགས་ཀྱི་ར་བས་བསྐོར། །ཅི་དགོས་སྒྲུབ་པའི་བློན་པོ་ལ། །གླིང་དཀར་དཔའ་ཐུལ་སུམ་ཅུ་ཡོད། །ལོངས་སྤྱོད་ནོར་གྱི་བང་མཛོད་ལ། །བཅུ་གཉིས་རྫོང་གི་སྒོ་མོ་ཡོད། །དེ་བརྟེན་གསོན་དང་ལྷ་ཡི་བུ། །ལྷ་ཕྲུག་མི་ཡུལ་བྱོན་པའི་དུས། །གདམས་ཁ་སྐོར་ན་ཕྱི་ལེ་རེད། །མགྲིན་པ་སྙིང་ཁ་ལྟེ་བ་གསུམ། །མི་གཡོ་བཞུགས་པའི་རྩ་འཁོར་ཡིན། །སྤྱི་གསང་གཉིས་ཀྱི་རྩ་འཁོར་དེ། །འགྲོ་དང་འོང་བའི་སྒོ་མོ་ཡིན། །སྤྱི་བོ་ནས་བརྒྱུད་གསང་གནས་ཀྱི། །གནས་ནས་བྱོན་དང་རྟེན་འབྲེལ་ཡོད། །ཞེས་ཞུས་པ་ན། དེ་ནས་གསང་གནས་ནས་ཁྱེའུ་ལོ་གསུམ་ལོན་པ་ཙམ་བལྟ་བས་ཆོག་མི་ཤེས་པ་སྤྱན་མིག་ཁྲ་ཅེ་རེ་བ་ཞིག་མ་ལ་ཟུག་རྔུ་གང་ཡང་མེད་པ་པང་དུ་ཐོན་པ་དང་། དེ་མ་ཐག་གུ་རུ་པད་མའི་ཚེ་ཆུ་བྱིན། ཀླུ་གཙུག་ནའི་བདུད་རྩི་དྲངས། སྤོམ་རས་ཞལ་ཟས་དྲངས། གཉན་རྗེ་གེ་འཛོས་དར་ཁྲ་བོའི་ན་བཟའ་ཕུལ། དེ་ཚེ་བླ་མ་ཨོ་རྒྱན་པད་མའི་སྤྲུལ་པ་དང་སྤྲུལ་གཞི་དབྱེར་མ་མཆིས་པའི་མ་འོངས་ལུང་བསྟན་གྱིས་བདུད་བཞི་དམ་ལ་ཐོགས་པ་དང་། དགྲ་བཞི་ཆོམ་ལ་འབེབས་པའི་གསུང་གླེང་ཞིབ་རྒྱས་གནང་། པད་མ་ང་ཡི་སྤྲུལ་པ་འདི། །སྤྲུལ་དང་སྤྲུལ་གཞི་དབྱེར་མ་མཆིས། །འགྲོ་དོན་སྤྲུལ་པ་ཆེ་བར་ཤོག །ཅི་བཏབ་སྨོན་ལམ་འགྲུབ་པར་ཤོག །ཅེས་གསུང་སྐབས་འཇའ་འོད་དང་མེ་ཏོག་གི་ཆར། རོལ་མོའི་སྒྲ་དང་བཅས་ལྟས་བཟང་སྣ་ཚོགས་བྱུང་བས། མཚན་ལ་སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་ཞེས་གསོལ། དེ་ནས་ཞག་གཅིག་ཞག་ངོ་མ་ལོན་གོང་། གནམ་གྱི་བྱ་ནག་སྤུན་གསུམ་བཏུལ། །ཞེས་གསུངས་པ་ནང་བཞིན་བདུད་རིགས་ཡོངས་ཀྱི་བླ་སྲོག་ལྕགས་ཀྱི་བྱ་ཁྲ་སྤུན་གསུམ་དེ། སྐབས་རེ་རི་རབ་ཙམ་དང་། སྐབས་རེ་མཐེ་བོང་ཙམ་དུ་གྱུར་པ་ཞིག་ཡོད། ཉིན་རེ་འཛམ་གླིང་ཉུལ་ཞིང་ཆོས་མཛད་ཡོངས་ཀྱི་སྐུ་ཚེ་ལ་བར་ཆད་བྱེད་པ། ཕལ་བས་མི་མཐོང་བ་ཞིག་ཡོད་པ་དེ་འདུལ་བའི་དུས་ལ་བབས་པར་དགོངས་ཏེ། དེ་མ་ཐག་མདའ་གཞུ་སྤྲུལ་པའི་ངང་ནས་འཕངས་པས་བྱ་རོ་གསུམ་ཐང་དུ་ལྷུང་། སྐུ་གཅེར་བུ་བྲག་སྟེང་དུ་བཞུགས་པས་རྡོ་ངོར་བྱིས་པ་ལོ་གསུམ་ཙམ་གྱི་བརླ་དང་ཚང་རའི་རྗེས་ཡང་མངོན་སུམ་མིག་ཡུལ་དུ་མཇལ་རྒྱུ་ཡོད།
དེ་ནས་ཕུ་བོ་རྒྱ་ཚ་ཞལ་དཀར་དང་། ཁུ་བོ་སྤྱི་དཔོན་གཙོས་གླིང་ཕུ་ནུ་དཔའ་ཐུལ་ཡོངས་ཀྱིས་བཙས་སྟོན་རྒྱ་ཆེར་བྱས། ཇོ་རུ་ལྷ་ཨོ་རྒྱན་པད་མའི་སྤྲུལ་བ་ཡིན་སྟབས། ཞག་གསུམ་ཞག་ངོ་ལོན་པའི་དུས་ལྕི་ཕུ་བྲག་ནག་ལུང་མདོར་ཨ་མྱེ་སྒམ་པ་ར་ཛ་བཏུལ། སྟག་རོང་དཔོན་ཚང་ལ་ཞང་ཞུང་བོན་གྱི་རྟོགས་ལྡན་ལ་གནམ་ཐེལ་གྱིས་ཕུལ་བའི་ཕྱག་ཤིང་རྐྱང་དཀར་བེར་རྒ་ཞིག་ལྷ་འདྲེའི་ཕུག་ནོར་བདེེན་ཚིག་གིས་རྐང་མགྱོགས་སྒྲུབ་པ་ཞིག་ཡོད་པ་བརྟེན། དེ་དང་ཁྲིམས་དར་ལས་ཐམ་བཅས་ཡོད་པ་དེ་ཕུལ་དུ་བཅུག །ད་རུང་གླིང་སྒར་ལ་བསམ་ངན་སྦྱོར་རྩུབ་མི་བྱེད་པའི་གནའ་ཐེངས་གསུམ་བཞག་ཡོད། དེའི་སྐབས་རྫ་འབྲི་གཉིས་ཀྱི་ལྷ་འདྲེ་ཀུན་དམ་ལ་བཏགས། འོན་ཏེ་གླིང་གེ་སར་རྒྱལ་པོ་དགུང་ལོ་བདུན་བརྒྱད་ཀྱི་སྐབས་སུ་ཁྲོ་ཐུང་གིས་གླིང་གེ་སར་བློ་རིག་བཀྲ་ཞིང་རྫུ་འཕྲུལ་སྣ་ཚོགས་བསྟན་པ་ལ་ཕྲག་དོག་སྐྱེས་ཏེ་བསྒྲལ་བར་འདོད་ནས་གྲ་སྒྲིག་ཐེངས་མང་བྱས་ཀྱང་། མཐའ་མ་སྤུན་མཆེེད་རྒྱ་ཚ་སོགས་ཀྱིས་ཤེས་ནས་སྔོན་འགོག་བྱས་པ་ཡིན། ཨོ་རྒྱན་པད་མའི་བཀའ་ལུང་ལྟར། །ཇོ་རུས་རྨ་ཁོག་ལུང་པ་བཟུང་། །རྫུ་འཕྲུལ་སྟོབས་ཀྱིས་འདྲེ་སྲིན་བཏུལ། །གླིང་གི་མོ་མས་རྨི་ལྟས་ལོག །དེར་གླིང་དཀར་ལྷ་སྡེ་ཐམས་ཅད་འདུས་ནས་མོ་དང་རྩིས་འདེབས་སུ་བཅུག་སྟེ། རྨ་སྨད་གཡུ་ལུང་སུམ་མདོ་རུ་སྤྱུགས་པར་འཐད། ཇོ་རུ་མ་བུ་གཉིས་ཀར་རྨ་ཆེན་སྤོམ་ར་བསུ་མ་སླེབས་ཏེ་ཡོ་བྱད་ཐམས་ཅད་གདན་དྲངས། གླིང་པས་ཇོ་རུ་མ་སྨད་རྨ་ཡུལ་གཡུ་ལུང་སུམ་མདོར་སྤྱུགས་སོ། །དེ་ནས་ཇོ་རུ་དགུང་ལོ་བརྒྱད་ཀྱི་སྟེང་དུ་སོན་ཚེ་གླིང་དཀར་རྨ་ཡུལ་དུ་ཆགས་པའི་དུས་བབས་མཁྱེན་ནས། ཀླུ་གཙུག་ན་ལ་ཁ་ཆར་སློང་ཏེ་གླིང་ཡུལ་དུ་ཁ་བ་བབས་པའི་སྡོང་གྲོགས་སུ་སྡེ་བརྒྱད་རྣམས་ལ་སྦྲན་པས། གླིང་ཡུལ་ལ་ཁ་བ་བབས་པས་མདུང་གཙུགས་ན་བ་དན་མ་གཏོགས་མི་མཐོང་བ། མདའ་བཙུགས་ན་ལྟོང་ཁ་མ་གཏོགས་མི་མཐོང་བ་གངས་ཞབས་སུ་སོང་།
དེ་ནས་གླིང་པ་རྣམས་ཀྱིས་ས་བཙལ་བས་རྨ་ཁོག་མ་གཏོགས་ཁ་བ་མེད་པ་མ་བྱུང་། དེ་ནས་རྒྱ་ཚ་སོགས་དཔའ་ཐུལ་མི་ལྔས་ཇོ་རུ་ལ་ས་གཡར་ཞུས་མཐའ་གླིང་པ་རྣམས་རྨ་ཡུལ་དུ་ཕེབས། ཇོ་རུས་ས་བགོས་འབེལ་གཏམ་དང་བཅས་ཏེ་མགོ་ལོག་དར་ལག་རྫོང་རྨ་སྨད་གཡུ་ལུང་སུམ་མདོར་གཞིས་ཆགས་སོ། །
དེ་ནས་ལྷ་བླ་མའི་དགོངས་པ། མ་མཁའ་འགྲོའི་བརྡ་ལུང་དུས་སུ་བབས་ཏེ། གླིང་ཆེ་རྒྱུད་ཆུང་རྒྱུད། འབྲིང་རྒྱུད་གསུམ་ནས་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་རྟ་རྒྱུགས་རྒྱལ་འཇོག་གི་རྒྱན་ལ་བཞག་རྒྱུའི་ཐག་བཅད། དེའི་དུས་སུ་འབྲུག་མོའི་སྐྲ་བདག་སུ་ལ་དབང་བ་རྟ་རྒྱུགས་ཀྱི་གྲལ་དུ་དབུལ་ཕྱུག་ལ་མ་ལྟོས་པ་གླིང་དཀར་སྟོད་སྨད་བར་གསུམ་ལ་མ་ཚོར་བ་མེད་པར་བྱས། ཇོ་རུ་མ་སྨད་རྨ་སྨད་དུ་བཞུགས་ཡོད་པར་ཁྱད་འབོད་བཏང་། སྤྱི་ལོ་1049ས་གླང་ལོར་ཡིན། ཇོ་རུ་དགུང་ལོ་༡༧ལ་ཐོན་ཡོད། དེ་ནས་རྟ་རྒྱུགས་པས་ཇོ་རུས་སྤྲུལ་པའི་ངང་ནས་གསེར་ཁྲི་མནན་ལ་འབྲུག་མོའི་སྐྲ་བདག་ཏུ་གྱུར། དེ་ནས་བཟུང་དཔའ་བོའི་བྱུང་བརྗོད་ཀྱི་རྡོ་རིང་ཆེན་མོ་ཞིག་ད་ལྟའི་བར་དུ་ཆགས་ཡོད་དོ། །
གནས་མཆོག་ཁྱད་པར་ཅན་དེ་ན་སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་རྣམ་པའི་རྒྱབ་སྐྱོར་འོག །སྤྱི་ལོ་1984ལོ་ནས་བཟུང་ལོ་བཅུ་ཕྲག་ལྷག་ལ་འབད་འབུངས་བྱས་པའི་ལེགས་འབྲས་ནི་སྐྱིད་སོག་ཡག་གི་ཁ་མདོ་ན་གེ་སར་ལྷ་ཁང་ངམ་གླིང་གེ་སར་རྗེས་དྲན་ཁང་བསྐྱར་བཞེངས་ཁང་བརྩེགས་གཉིས་ཅན་གྱི་ནང་རྟེན་གླིང་གེ་སར་རྒྱལ་པོ་ལྷ་རྟ་རྐྱང་ལུ་ལ་ཆིབས་པའི་ངང་ཚུལ་ཅན་གྱི་སྐུ་དང་། གླིང་གི་ལྷ་བརྒྱད། དགྲ་བླའི་ལེར་མ་བཅུ་གསུམ། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ། གླིང་གི་དཔའ་ཐུལ་དཔོན་རྒྱུད་ཞི་དྲག་བཞི་བཅུ་ལྷག་ལེགས་གྲུབ་བྱུང་ཡོད། སྤྱི་ལོ་1999ལོའི་ཟླ་བ་1པོའི་ཚེས་6ཉིན་གངས་ཅན་གྱི་མཁས་གྲུབ་དུ་མ་དང་ལས་ཁུངས་སོ་སོའི་འབྲེལ་ཡོད་ཀྱི་དབུ་ཁྲིད། གཞན་ཡང་རྒྱ་ཕྱི་ནང་གི་ཞིབ་འཇུག་པ་དང་སྐུ་མགྲོན་མང་པོ་གདན་འདྲེན་ཞུས་ཏེ་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེར་བྱས།
རྗེས་སུ་སྡེ་དགེ་རྫོང་གིས་སྔོན་གྱི་གླིང་གེ་སར་རྗེས་དྲན་ཁང་གི་ཟུར་དུ་གླིང་གེ་སར་རྟེན་མཛོད་ཁང་ཆེན་མོ་ཞིག་བཞེངས་ནས་ཕྱིའི་བཀོད་པ་ཡོངས་སུ་གྲུབ་ཟིན། འོན་ཀྱང་ནང་གི་བཤམས་སྟོན་ཁང་གི་རིག་དངོས་སོགས་ཡོངས་སུ་མ་འཛོམས་པས་ད་དུང་ཕྱི་ཕྱོགས་སུ་སྒོ་དབྱེ་མེད།
གེ་སར་ལྷ་ཁང་ངམ་གླིང་གེ་སར་རྒྱལ་པོའི་རྗེས་དྲན་ཁང་གི་ཉེ་འདབས་ལ། གེ་སར་རྒྱལ་པོའི་སྐུ་ལི་མ་ལས་གྲུབ་པ་ངོ་མཚར་ཅན་ཞིག་ཡོད།
གཞན་ཡང་། དེར་ཞག་གཅིག་ཞག་ངོ་མ་ལོན་གོང་། གནམ་གྱི་བྱ་ནག་སྤུན་གསུམ་བཏུལ་སྐབས་ཀྱི་སྐུ་གཅེར་བུ་བྲག་སྟེང་དུ་བཞུགས་པས་རྡོ་ངོར་བྱིས་པ་ལོ་གསུམ་ཙམ་གྱི་བརླ་དང་ཚང་རའི་རྗེས། སེར་ཤུལ་རྫོང་གི་ཝ་ཤུལ་ལྕི་ཕུར་བྲག་ནག་ལུང་མདོར་སྒོམ་པ་ར་ཛ་བཏུལ་གནས་ཡོད། ཨ་ཕྱུག་ས་ཆའི་ལྕི་སྨད་ན། ལྕི་ཡི་སྨན་ལུང་ཕྱུག་མོར་ཨན་དྭངས་རུ་གཏིབ་འོག་ཏུ་བཏང་ཤུལ་དང་། ཡ་དིང་གི་རྫ་ཆུའི་འགྲམ་ན་སྲིན་མོ་བུ་ཟན་འདུལ་ས། སྟག་དགོན་འགྲམ་གྱི་ས་ཆ་རུ་བྱིས་ཆུང་མིད་པའི་འཕྲང་ལམ་ན་སྲིན་ཁེ་སེ་རུ་ལུ་ལྕགས་ཀྱུས་སྒྲལ་ས། ཇོ་རུ་མ་བུ་སྦྲུལ་མགོ་འདབས་ལ་བཞུགས་ཤུལ་དང་། རྒྱ་བཟའི་སྦྲ་མལ། ལྷ་རྟ་རྐྱང་ལུའི་རྨིག་རྗེས། བླ་མཚོ་ཆུ་མིག །ལྕི་རྒྱལ་སྟག་རི། ལྕི་ཡི་ལུང་པ་བཅུ་གསུམ་གྱི་ཆུ་རྒྱུན་དང་ལུང་པའི་གདོང་ཁ་གྱུ་ཕྱོགས་སོགས་ད་ལྟའང་མངོན་སུམ་མིག་གིས་མཐོང་རྒྱུ་ཡོད། གཞན་ཡང་གེ་སར་གྱི་སྐོར་རིག་དངོས་གནའ་རྫས་དུ་མ་ཕྱུར་བུ་སྤུངས་ཡོོད་པས་མཐོང་ན་ཡིད་འཕྲོག་པ། ཐོས་ན་རྣ་བ་དོན་ལྡན་བྱེད་པ་མང་པོ་བཞུགས་ཡོད་པས། ཁྱེད་རྒྱ་ཆེའི་མཁྱེན་ལྡན་ཕོ་མོ་ཐམས་ཅད་གཟིགས་སྐོར་ལ་ཕེབས་པར་ཞུ།
སླར་སྨྲས་པ།
འཛམ་གླིང་ནོར་བུ་གེ་སར་དགྲ་འདུལ་རྗེ། །
མི་འབྲལ་སྙིང་གི་ཆུ་སྐྱེས་རབ་བཞུགས་ལ། །
ཁོ་བོས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །
བསྟན་འགྲོའི་དོན་ཆེན་གེགས་མེད་འགྲུབ་པར་ཤོག །
སེམས་ཅན་བདེ་སྐྱིད་ཉི་མ་འབུམ་ཤར་ཏེ། །
འགྲོ་ཀུན་རྒུད་པའི་མུན་པ་ཡོངས་སེལ་ཞིང་། །
བཀྲ་ཤིས་ལེགས་ཚོགས་ཀུན་འཕེལ་འཛམ་གླིང་གི །
ཞི་བདེ་འོ་མའི་རྒྱ་མཚོ་འཁྱིལ་བར་ཤོག །
རབ་བྱུང་བཅུ་བདུན་པའི་མེ་ཕག་ལོའི་ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཉིན་བྲིས་ཤིང་། སྤྱི་ལོ་2026ལོར་སླར་ཡང་བཟོ་བཅོས་དང་ཁ་སྣོན་བྱས་ཏེ་དཔལ་རྒྱལ་ནས་སྤེལ།