
ནང་དོན་གནད་བསྡུས།
དཔྱད་རྩོམ་འདིས་ལོ་རྒྱུས་དོན་དངོས་ཁུངས་འཚོལ་གྱི་ཐབས་ལ་བརྟེན་ནས།ཡིག་རྙིང་ཁུངས་གཏུག་དང་།ཡུལ་དངོས་རྟོག་ཞིབ།གདུང་རབས་དཔྱད་ཞིབ།རིག་གཞུང་ཞིབ་འཇུག་བཅས་ཕྱོགས་བཞིའི་དཔང་རྟགས་གཤིབ་བསྡུར་བྱས་པ་བརྒྱུད།སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ཨ་ཕྱུག་རྩྭ་ཐང་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་པའི་སྐོར་རིགས་པས་ཁུངས་སྐྱེལ་དང་།གླིང་གེ་སར་ལོ་རྒྱུས་ཀྱི་དངོས་བྱུང་མི་སྣ་ཡིན་མིན་ཁུངས་གཏུག་སའི་གནད་དོན་ཐད་ཕྱོགས་གཞན་ཞིག་གི་ཐོག་ནས་རིགས་གཞུང་འདེགས་སྐྱོར་དང་རྒྱབ་རྟེན་བཅོལ་ནས།གླིང་གེ་སར་ནི་དེང་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ཨ་ཕྱུག་རྩྭ་ཐང་དུ་འཁྲུངས་པའི་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་ཕེབས་མྱོང་བའི་དཔའ་བོ་མཁས་མཛངས་བརྟུལ་ཕོད་ཅན་ཞིག་ཡིན་པ་ཁུངས་འཚོལ་ར་སྤྲོད་བྱས་ཡོད།
གླེང་གཞི།
དཔྱད་རྩོམ་འདི་ནི《 ཁ་བཏགས་དཀར་པོ》 དུས་དེབ་ཀྱིས་གླིང་གེ་སར་གྱི་འཁྲུངས་ཡུལ་ཨ་ཕྱུག་རྩྭ་ཐང་སྐོར་ཆེད་བསྒྲིགས་བཏོན་པར་ཆེད་དུ་ཕུལ་བ་ཞིག་ཡིན།
དེ་ཡང་དཔྱད་གཞིའི་རྒྱུ་ཆ་སྣ་མང་གི་ཐོག་ནས་སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་གླིང་གེ་སར་འཁྲུངས་ཡུལ་ཡིན་པའི་ལོ་རྒྱུས་དོན་དངོས་རྒྱབ་རྟེན་དུ་བཅོལ་བ་དང་ཆབས་ཅིག །གླིང་གེ་སར་ལོ་རྒྱུས་ཀྱི་དངོས་བྱུང་མི་སྣ་ཡིན་པའི་སྐོར་བསྐྱར་དུ་བརྗོད་པ་ཡིན། སྤྱིར་གླིང་གེ་སར་དངོས་བྱུང་ལོ་རྒྱུས་མི་སྣ་ཡིན་པའི་སྐོར་སྨྱུག་འཛིན་པས《གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ལ་དཔྱད་པ》ཞེས་པའི་བརྩམས་དེབ་ནང་ཞིབ་འཇུག་དང་རྒྱས་བཤད་བྱས་ཟིན་ཞིང་། རྩོམ་ཡིག་འདི་ནི་བརྗོད་གཞི་དེ་ལ་གཞིར་བཟུང་ནས་བྲིས་པ་ཞིག་ཡིན།
སྤྱིར་གངས་ལྗོངས་ས་མཐོའི་རིག་གཞུང་མ་ལག་ཁྲོད། 《 གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་ལོ་ངོ་བརྒྱ་ཕྲག་མང་པོ་བརྒལ་ནས་བྱུང་བའི་ལོ་རྒྱུས་སྙན་རྩོམ་གྱི་བརྩམས་ཆོས་ཕུལ་བྱུང་ཞིག་ཡིན། དུས་ཡུན་རིང་པོའི་ནང་《གླིང་གེ་སར་རྒྱལ་པོའི་སྒྲུང་》འདི་བཞིན་ལྷ་རབས་གཏམ་རྒྱུད་ཀྱི་དཔའ་བོར་བསྟོད་པའི་ལོ་རྒྱུས་སྙན་རྩོམ་ཞིག་དང་། གང་དེའི་བརྗོད་དོན་མི་སྣ་གཙོ་བོ་གླིང་གེ་སར་ཡང་མངོན་ཤེས་རྫུ་འཕྲུལ་ཡ་མ་ཟུང་སྟོན་མཁན་ལྷ་རབས་གཏམ་རྒྱུད་ཀྱི་མི་སྣ་ཁོ་ན་ཞིག་ཏུ་ངོས་འཛིན་ཐོག་རྩོམ་རིག་སྒྱུ་རྩལ་གྱིས་སྤྲོས་པའི་གླིང་གེ་སར་དང་། ལོ་རྒྱུས་ཐོག་ཁམས་སྡེ་དགེ་ཨ་ཕྱུག་རྩྭ་ཐང་དུ་འཁྲུངས་པའི་གླིང་གེ་སར་གཉིས་ཕན་ཚུན་འཁྲུལ་པའི་གནད་དོན་ཞིག་བྱུང་ཡོད་པ་རེད།
བརྩམས་སྒྲུང་ནང་གི་མི་སྣ་ལ་སྐབས་ཐོབ་ཀྱི་བརྩམས་སྒྲུང་གི་དགོས་མཁོ་དང་བསྟུན་ནས་རྟོག་བཟོའི་མི་སྣ་ཞིག་དང་། ལོ་རྒྱུས་མི་སྣ་གང་ཞིག་གི་མཛད་རྗེས་རྒྱབ་ལྗོངས་སུ་བྱས་ནས་བརྩམས་པའི་རབ་བཏགས་ཀྱི་མི་སྣ་སྟེ་རིགས་གཉིས་ཡོད་པ་རེད། རྟོག་བཟོའི་མི་སྣའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཐབས་མེད་པ་དཔེར་ན། ཨ་ཁུ་སྟོན་པའི་སྒྲུང་ལྟ་བུ་རེད། རབ་བཏགས་ཀྱི་མི་སྣ་དེ་ལོ་རྒྱུས་ཐོག་བྱུང་བའི་མི་སྣ་ཞིག་ཡིན་སྟབས། སྒྲུང་གི་བརྗོད་བྱ་དང་མི་འབྲེལ་བ་ལོ་རྒྱུས་དངོས་ལ་ཞིབ་འཇུག་བྱེད་ཆོག་པ་ཞིག་སྟེ། དཔེར་ན། ཐང་སེན་བླ་མ་དང་། གླིང་གེ་སར་ལྟ་བུ་རེད། དེས་ན་བརྩམས་སྒྲུང་ནང་གི་གེ་སར་ལས་ཟུར་དུ་ཐོན་ནས་ལོ་རྒྱུས་ཐོག་གི་གེ་སར་དེ་ལ་ཞིབ་འཇུག་བྱ་རྒྱུ་དེ་ནི་ལོ་རྒྱུས་ཞིབ་འཇུག་གི་ཁོངས་སུ་གཏོགས་པ་ལས་རྩོམ་རིག་ཞིབ་འཇུག་དང་འདྲེས་མི་རུང་བ་ཞིག་རེད།
དེ་ཡང་བོད་ཀྱི་སྔ་རབས་ཡིག་ཚང་ཞིབ་འཇུག་དང་། ཡུལ་དངོས་སུ་རྟོག་ཞིབ་བྱས་པའི་འབྲེལ་ཡོད་རིག་དངོས་གནའ་ཤུལ་རྒྱུན་མཐུད་དུ་ཐོན་པ་དང་ཆབས་ཅིག་ཏུ། ལོ་རྒྱུས་ཀྱི་དངོས་བྱུང་མི་སྣ་ཡིན་པའི་གླིང་གེ་སར་གྱི་རིགས་རུས་ཆོ་འབྲང་དང་། འཁྲུངས་ས་འཁྲུངས་ཡུལ། འཁྲུངས་འདས་ལོ་ཚིགས་སོགས་རིམ་བཞིན་ཁ་གསལ་དུ་སོང་བ་དང་། གླིང་གེ་སར་ཞེས་པའི་དཔའ་བོ་ཞིག་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་ཡོད་པ་རིག་གཞུང་ཞིབ་འཇུག་གི་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད་ཅིང་། ཨ་ཕྱུག་རྩྭ་ཐང་ནི་གནའ་དུས་ཀྱི་རིག་གནས་རྗེས་ཤུལ་དང་། དམངས་ཁྲོད་ཀྱི་དྲན་ཤེས་ཕྱོགས་གང་ས་ཅིའི་ཐད་ནས་གླིང་གེ་སར་གྱི་འཁྲུངས་ས་འཁྲུངས་ཡུལ་དང་། ལོ་རྒྱུས་སྙན་རྩོམ་གྱི་ཐོག་མའི་འབྱུང་ཁུངས་ཡིན་པའི་ཆོད་སྡོམ་བཞག་ཡོད།
དེ་ཡང་ཨ་ཕྱུག་རྩྭ་ཐང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་བྱང་ཤར་མཚམས་སུ་གནས་ཡོད་པ་དང་། རྫོང་ཐོག་ནས་བར་ཐག་སྤྱི་ལེ་༢༠༦དང་། མཚོ་འཕགས་སྨི་༤༠༠༠ཙམ་ཡོད། ཨ་ཕྱུག་རྩྭ་ཐང་གླིང་གེ་སར་འཁྲུངས་པའི་རྗེས་ཤུལ་དུ་ས་གནས་སྲིད་གཞུང་གིས་གླིང་གེ་སར་གྱི་དངོས་མང་བཤམས་སྟོན་ཁང་དང་དྲན་གསོ་ཁང་བཞེངས་ཡོད།

ཨ་ཕྱུག་རྩྭ་ཐང་དུ་ཉམས་གསོ་བྱས་པའི་གེ་སར་དྲན་གསོ་ཁང་།
དང་པོ། གནའ་བོའི་ཡིག་ཚང་ལས་ར་སྤྲོད་བྱུང་བ།
གླིང་གེ་སར་གྱི་འཁྲུངས་ཡུལ་གནད་འཕིགས་རྟོག་ཞིབ་བྱ་རྒྱུ་ནི་མི་རིགས་ངག་རྒྱུན་ལོ་རྒྱུས་སྙན་རྩོམ་རིག་པའི་རྨང་གཞི་རང་བཞིན་གྱི་བརྗོད་སྙིང་ཞིག་ཡིན། སྤྱིར་ལོ་རྒྱུས་སྙན་རྩོམ་གྱི་མ་ཡིག་ཁྱད་ཆོས་ངོས་ནས་བརྗོད་ན། ལོ་རྒྱུས་མ་དཔེ་དང་ལྷ་རབས་གཏམ་རྒྱུད། རྩོམ་རིག་རྟོག་བཟོ་བཅས་བང་རིམ་སུམ་བརྩེགས་ཀྱི་དོན་བརྗོད་སྒྲིག་གཞི་ལྡན་པ་ཞིག་ཡིན་པས། ལོ་རྒྱུས་སྙན་རྩོམ་གྱི་སྒྱུ་རྩལ་སྒྲོ་འདོགས་ཀྱི་ཆ་དོར་བ་དང་། ལྷ་རབས་གཏམ་རྒྱུད་ཀྱི་བརྗོད་དོན་དང་ལོ་རྒྱུས་དོན་དངོས་ཀྱི་མཚམས་ཐིག་གསལ་པོར་འབྱེད་རྒྱུ་ནི། ལོ་རྒྱུས་སྙན་རྩོམ་གྱི་ལོ་རྒྱུས་མ་དཔེ་དབྱེ་ཞིབ་དང་། ཚོ་རིགས་ཀྱི་ལོ་རྒྱུས་ཁུངས་འདེད་ཕུགས་བཅོལ་བྱེད་པའི་དགོས་ངེས་ཀྱི་ཐབས་ལམ་ཞིག་ཡིན་ལ། གླིང་དུས་ཀྱི་ཤེས་དཔལ་འབྱུང་ཁུངས་དང་། མདོ་ཁམས་ས་ཁུལ་གྱི་གནའ་བོའི་ཚོ་སྡེའི་གོང་འཕེལ་ལ་ཞིབ་འཇུག་བྱེད་པའི་རིགས་གཞུང་རྨང་གཞི་ཡང་ཡིན།
གླིང་གེ་སར་ནི་ལོ་རྒྱུས་ཀྱི་དངོས་བྱུང་མི་སྣ་ཞིག་ཡིན་མིན་གྱི་དོན་དངོས་ནི། 《 གླིང་གེ་སར་རྒྱལ་པོའི་སྒྲུང་》ཞིབ་འཇུག་ཁྲོད་རིག་གཞུང་ལས་རིགས་ནས་དོ་ཁུར་བྱེད་པའི་འགག་གནད་ཅིག་ཡིན་ལ། གཡོལ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཀྱང་ཡིན། དེས་ན་གླིང་གེ་སར་གྱི་འཁྲུངས་ཡུལ་ཁུངས་འཚོལ་ར་སྤྲོད་བྱེད་པ་ནི་ལྷ་རབས་གཏམ་རྒྱུད་དང་ལོ་རྒྱུས་དོན་དངོས་དབྱེ་མཚམས་འབྱེད་པའི་རིགས་གཞུང་ཞིབ་འཇུག་གི་བརྗོད་གཞི་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་གླིང་སྒྲུང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་། ད་བར་ཕལ་ཆེ་བ《གླིང་གེ་སར་རྒྱལ་པོའི་སྒྲུང་》འདི་བཞིན་རྩོམ་རིག་ཁོ་ནའི་རྣམ་པའི་ཐོག་ནས་ཞིབ་འཇུག་བྱེད་པ་དང་། གླིང་རྗེ་གེ་སར་རྒྱལ་པོ་གང་དེ་གུད་དུ་མེད་པར་མ་དཔེ་མང་པོ་ཞིག་དང་འབྲེལ་བ་བྱས་ནས་ཞིབ་འཇུག་བྱས་སྟབས། གླིང་གེ་སར་གྱི་རིགས་རུས་ཆོ་འབྲང་དང་། གོ་མིང་ཐོབ་ཐང་། འཁྲུངས་འདས་ལོ་རབས། ལོ་རྒྱུས་དོན་དངོས་སོགས་ཀྱི་གནད་དོན་ཐད་དོགས་གཞི་མང་དུ་མཆིས་ཤིང་བཞེད་ཚུལ་སྣ་ཚོགས་ཡོད་པའི་ཚོར་སྣང་ཟབ་མོ་སྟེར་གྱི་ཡོད།①
དེ་ཡང་གླིང་གེ་སར་གྱི་འཁྲུངས་ཡུལ་སྐོར་བོད་ཀྱི་ཚད་ལྡན་ལོ་རྒྱུས་ཡིག་ཆའི་ཐོག་རྟོག་ཞིབ་བྱས་པའི་ངོས་ནས་བརྗོད་ན། ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་གོང་ནས་རང་རེ་བོད་ཀྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་གསུང་འབུམ་སོགས་ཀྱི་ནང་དུ《 གླིང་གེ་སར་རྒྱལ་པོའི་སྒྲུང་》སྐོར་མང་ཉུང་རྒྱས་བསྡུས་ཅི་རིགས་གསུངས་ཡོད་ཅིང་། 《 རླངས་ཀྱི་པོ་ཏི་བསེ་རུ》 དང་། 《 མགོ་ལོག་རུས་མཛོད》 《 ཀཿ ཐོག་ཆོས་འབྱུང་ 》 《 རྒྱལ་རབས་གསལ་བའི་མེ་ལོང་》 《 མདོ་སྨད་ཆོས་འབྱུང་》སོགས་བོད་ཀྱི་ཆོས་འབྱུང་དེབ་ཐེར་ཁག་གི་བཞེད་པ་གཅིག་མཐུན་ཡིན་པ་སྟེ། དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་ཨ་ཕྱུག་གྲོང་རྡལ་གྱི་ས་ཆ་འདི་ནི་གླིང་གེ་སར་གྱི་འཁྲུངས་ཡུལ་ཡིན་ཟེར།
འདིར་དཔེ་མཚོན་ཙམ་བརྗོད་ན། 《 མདོ་སྨད་ཆོས་འབྱུང་》ལས། དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་པོས་དབང་སྒྱུར་ཞེས་དང་། འཁྲུངས་ས་ཡང་ཚབ་ཚ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོར་ཁ་ཡིན་ཟེར་བ་དང་། རྒྱུ་དར་གྱི་དར་ས་ནག་ལུང་པ་ཡིན་ཡང་ཟེར། གང་ལྟར་འདིའི་ལོ་རྒྱུས་ལ་འདྲ་མིན་མང་པོ་སྣང་ངོ་། །ད་ལྟ་ས་འདི་ཕལ་ཆེར་མགོ་ལོག་གིས་བཟུང་②ཞེས་འཁོད་ཅིང་ཚབ་ཚ་དགོན་གནས་ཡུལ་ནི་ཨ་ཕྱུག་རྩྭ་ཐང་དུ་ཡིན་པ་རེད།
《 སུམ་པའི་དྲིས་ལན》ལས། དེ་ཡང་ཐུན་མོང་ཡོངས་གྲགས་ལྟར་ན། བར་ཁམས་འདི་ལ་རྨ་ཆུ། རྫ་ཆུ། འབྲི་ཆུ་གསུམ་ཡོད་པའི་ནང་ནས། བར་རྫ་ཆུ་ལ་སྐྱིའི་གཞུང་དང་ཚབ་ཚ་ལུང་པའི་ཆུ་གཉིས་སུམ་འདུས་ཀྱི་མདོ་ཡིན་ཞིང་དེ་སྡེ་དགེའི་ས་ཆར་གཏོགས་ལ། དེ་ན་ལྗོན་པ་ཁེར་སྐྱེས་དང་།ཕ་མའི་སྦྲ་ཕུབ་ཤུལ་གྱི་བྲག་ལེབ་ཡོད་ཅིང་། དེ་ལ་སྐྱིད་ཉི་མ་ཀུན་འཁྱིལ་ཟེར། ཞེས་དང་། ཐང་སེན་བླ་མའི་རྣམ་ཐར་དང་མུ་སྟེགས་རིག་བྱེད་པའི་གཏམ་རྒྱུད་གཉིས་ལ་དཔེ་དྲངས་ནས་གླིང་གེ་སར་གྱི་སྒྲུང་ཡང་སྒྲོ་བཏགས་སམ་སྙན་ངག་གི་ཚུལ་ལམ་གང་ལྟར་ཡང་སྣ་ཚོགས་སྨྲ་ན་ཡང་། གླིང་གེ་སར་ནི་སྡེ་དགེའི་ས་ཆའི་གཡོན་ངོས་ཀྱི་ཁམས་སྟོད་གླིང་པའི་སའི་སྐྱིད་ཉི་མ་ཀུན་འཁྱིལ་ཞེས་པར་སྐྱེས①ཞེས་གླིང་གེ་སར་འཁྲུངས་ཡུལ་སྡེ་དགེའི་ཕྱོགས་སུ་ངོས་བཟུང་ཡོད།
གོང་གསལ་ཆོས་འབྱུང་དེབ་ཐེར་ཁག་གི་ནང་བོད་ཀྱི་མཁས་པ་རྣམས་ཀྱིས《གླིང་གེ་སར་རྒྱལ་པོའི་སྒྲུང་》དང་གླིང་གེ་སར་ལ་ཞིབ་འཇུག་བྱེད་པའི་རྨང་གཞི་བཏིངས་ཡོད་ཅིང་།དེ་དག་ནི་ལོ་རྒྱུས་ཞིབ་འཇུག་གི་ཁུངས་གཏུགས་ས་དང་གཞི་འཛིན་སར་གྱུར་ཡོད་ཁར་རང་རེ་རྗེས་རབས་པ་རྣམས་ཀྱིས《གླིང་གེ་སར་རྒྱལ་པོའི་སྒྲུང་》ཞིབ་འཇུག་བྱ་རྒྱུར་བློ་སྒོ་འབྱེད་པའི་ནུས་པ་ཐོན་པ་སྨོས་ཅི་དགོས།
གཉིས་པ། གླིང་སྒྲུང་གི་མ་ཡིག་ལས་ར་སྤྲོད་བྱུང་བ།
ལོ་རྒྱུས་སྙན་རྩོམ་ལས་བསྟན་པའི་ས་ཁམས་དང་། གངས་ལྗོངས་ས་མཐོའི་ས་བབ་ལོ་རྒྱུས། ལོ་རྒྱུས་སྙན་རྩོམ་གྱི་མ་ཡིག་བདེན་དཔང་བཅས་ཟུང་འབྲེལ་གྱི་ཞིབ་འཇུག་སྒྲོམ་གཞིའི་འོག་གླིང་སྒྲུང་གི་ཐོག་མའི་མ་ཡིག་གི་བར་སྟོང་བརྗོད་སྙིང་དང་དངོས་ཡོད་ས་ཁམས་ཀྱི་གནས་བབ་ཐོད་ཐུག་པ་ནི་ལོ་རྒྱུས་སྙན་རྩོམ་དཔྱད་རྟོག་གི་ལོ་རྒྱུས་ཀྱི་གཞི་རྟེན་གཏན་འབེབས་དང་། ལོ་རྒྱུས་སྙན་རྩོམ་གྱི་མི་སྣའི་ཐོག་མའི་གནས་ཡུལ་ངོས་འཛིན་བྱེད་པའི་ལྟེ་བའི་རིག་གཞུང་ཐབས་ལམ་ཡིན་པ་མངོན་ཡོད། རིགས་གཞུང་ལས་རིགས་སུ་མིག་སྔར་གཞི་རྩའི་ངོས་འཛིན་གཅིག་གྱུར་བྱུང་ཡོད་པ་ནི། ལོ་རྒྱུས་སྙན་རྩོམ་རིང་མོ《 གླིང་གེ་སར་རྒྱལ་པོའི་སྒྲུང་》སྐོར་གྱི་ཐོག་མའི་སྒྲུང་ཚན་ཕལ་ཆེར་རྩོམ་རིག་གི་སྒྱུ་རྩལ་རྟོག་བཟོ་ཙམ་མིན་པར། མཚོ་བོད་ས་མཐོའི་རི་ཀླུང་གི་རྣམ་པ་དང་། གླིང་གི་མངའ་སྡེ་དང་ས་གནས་ཀྱི་ལོ་རྒྱུས་དྲན་ཤེས་བཅས་གཞིར་བཟུང་ནས་གྲུབ་པའི་ལོ་རྒྱུས་དང་ས་ཁམས་ཟུང་འབྲེལ་གྱི་ཡིག་དེབ་ཡིན་སྟབས། དེའི་བརྗོད་བྱའི་དོན་མང་པོ་གཞི་འཛིན་ས་ཡོད་པ་དང་། ཕུགས་འདེད་ཐུབ་པ། གཏན་ལ་འབེབས་ཐུབ་པ་བཅས་ཀྱི་དཔྱད་གཞིའི་རིན་ཐང་ལྡན་པ་དེ་ཡིན།
གོང་དུ་སོང་བ་ལྟར་བོད་ཀྱི་སྔ་དུས་ལོ་རྒྱུས་ཡིག་ཚགས་རྣམས་ནི་གླིང་གེ་སར་གྱི་འཁྲུངས་སའི་ས་གནས་རྟོག་ཞིབ་བྱེད་པའི་གཞི་རྩའི་ཚད་ལྡན་ཡིག་ཆར་གྱུར་ཡོད་པར་མ་ཟད། 《 གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ནང་དུའང་གླིང་གེ་སར་སྐུ་འཁྲུངས་སའི་ཡུལ་སྡེ་དང་རི་ཆུའི་རྣམ་པ། བར་ཁམས་ཆགས་ཚུལ་སོགས་གསལ་པོར་བཀོད་པ་དེ་དག་གིས་ལོ་རྒྱུས་སྙན་རྩོམ་ཡིག་ཚགས་ཀྱི་རྟོག་ཞིབ་མ་ལག་དམིགས་བསལ་ཅན་ཞིག་ཏུ་གྲུབ་ཡོད། སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་ཚབ་ཚ་དགོན་པའི་ཉེ་འདབས་ས་ཁུལ་དེ་གླིང་སྒྲུང་《 འཁྲུངས་གླིང་མེ་ཏོག་ར་བའི》 ནང་བཀོད་པའི་གླིང་གེ་སར་འཁྲུངས་ཡུལ་སྐྱིད་སོས་ཡག་གི་ཁ་མདོ་ཞེས་པ་དང་ཡོངས་སུ་ཐོད་ཐུག་ཅིང་། 《 འཁྲུངས་གླིང་མེ་ཏོག་ར་བ》ནང་། ས་འདི་སྐྱིད་སོས་ཡག་གི་མདོ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། ། སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །བྲག་སྦལ་པ་འདྲ་བའི་རྩ་བ་རུ། །②ཞེས་ཚིག་བཅད་ཀྱི་རྣམ་པའི་ཐོག་ནས་མཚོན་རྟགས་རང་བཞིན་གྱི་འཁྲུངས་ཡུལ་གྱི་ས་ཁམས་ཁྱད་ཆོས་དང་རྣམ་པ་བཀོད་ཡོད་ཅིང་། ཚིག་བཅད་འདིའི་ཐོག་ནས་གླིང་གེ་སར་འཁྲུངས་ཡུལ་གྱི་ལུང་གཞུང་ཆུ་བོ་དང་། བྲག་རི་གཉིས་གཤིབ། ཡངས་པའི་སྤང་ལྗོངས་སོགས་ཀྱི་ས་ཁམས་ཁྱད་ཆོས་ཕྱོགས་བསྡུས་སུ་བཀོད་ཡོད་ཅིང་། དེ་ཡང་ཕྱིས་འབྱུང་ཆེད་མཁས་མང་པོས་ས་ཡུལ་དངོས་ཆགས་ཚུལ་དང་ཞིབ་བསྡུར་བྱས་ནས་གླིང་གེ་སར་གྱི་འཁྲུངས་ཡུལ་དུ་བསྡོམས་ཚིག་འཇོག་པའི་ཐད་ཀའི་མ་ཡིག་གི་དཔྱད་གཞི་འཛིན་སར་གྱུར་ཡོད།
ཡང་《རྟོགས་བརྗོད་མུ་ཏིག་ཕྲེང་བ》ལས། གླིང་ཅི་སྲིད(སྐྱིད་སོས)སྟག་མོའི་འདུས་མདོ་ན། བྲག་རི་ལྷ་བཤོས་བཤམས་འདྲ། ཆུ་གཉིས་ཆབ་མ་བརྡབ་འདྲ། སྤང་རྟ་སྟན་འདྲ་བའི་གཞི་དཀྱིལ། ཤུག་པ་གཡག་རྔ་འདྲ་བའི་གཡས་ཟུར། ཆུ་མིག་ཕོར་པ་གང་འདྲ་བའི་གཡོན་ཟུར་ན། ཐང་དཀྱིལ་འཁོར་བའི་གཞི་དཀྱིལ་ལ། ཞེས་འཁོད་པ་ལྟར་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གྱི་བཤད་པ་རྣམས་ཇི་བཞིན་བདེན་པར་ར་སྤྲོད་བྱེད་ནུས་པའི་ཡུལ་ལུང་དེ་ནི། གངས་རི་ཉེར་གཅིག་གིས་ཡོངས་སུ་བསྐོར་བའི་ལྗོངས། མདོ་དབུས་ཁམས་གསུམ་ལས་ཁམས་སྡེ་དགེ་ནས་གཡས་ཕྱོགས་སུ་སོང་ན། ལེ་བར་བརྒྱ་དང་ལྔ་བཅུ་ཙམ་གྱི་ས་དེར། རྫ་ཆུ་སྔོན་མོའི་རྒྱུད། རྒྱབ་རི་གླང་ཆེན་ཆུ་འཐུང་། མདུན་རི་སྟག་མོ་ངར་གཟུགས། གཡས་རི་གཡུ་འབྲུག་འགྱིང་ཉམས། གཡོན་རི་སྒོམ་ཆེན་གདན་ལ་བཞུགས་འདྲ་བཅས་ཀྱིས་བསྐོར་བ། ས་ཡི་དགེ་མཚན་མ་ལུས་པ་ཚང་བའི་གནས། ཚབ་ཚ་ཆོས་འཁོར་གླིང་གི་ཉེ་འགྲམ་དེར་ཡོད་པ་ནི་འོལ་ཚོད་ཙམ་དང་། རྗེ་དཔག་གིས་དཔྱད་མ་དགོས་པར་མངོན་སུམ་དུ་གྲུབ་པ་ཡིན་ཏེ། གོང་གི《 འཁྲུངས་གླིང་མེ་ཏོག་ར་བ》ལས་གསུངས་པའི་ས་འདི་སྐྱིད་(ལྕི)སོས་ཡག་གི་མདོ་ཟེར་བ་དེ། ཚབ་ཚ་དགོན་གྱི་གཡས་ཕྱོགས་ལུང་པ་ཕུ་ཐག་རིང་པོ་ཅན་དེ་སོས་ཁོག་ཡིན་ལ། སོས་ཁོག་ལུང་པའི་མཐའ་ནས་གཞུང་ལམ་དེད་དེ་ཕར་ཙམ་སོང་ན། ལུང་པ་ཁ་ཡངས་པ་སྤང་ལྗོངས་ཤིན་ཏུ་སྙོམས་ཤིང་། ཨ་ཕྱུག་ཡུལ་དགོན་ཀུན་གྱིས་དུས་སྟོན་བྱེད་སའི་གནས་དེ་ནི་སྐྱིད་ཁོག་རེད། སྐྱིད་ཁོག་ལུང་པ་དང་སོས་ཁོག་ལུང་པ་གཉིས་ཀྱི་བསྡུས་མིང་ཡིན། ཡང་ཆུ་གཉིས་ཆབ་མ་བརྡབ་འདྲ་ནི། ཕྱོགས་གཉིས་ནས་འབབ་པའི་སྐྱིད་ཆུ་དང་སོས་ཆུ་གཉིས་ཡིན་ལ། ཆུ་དེ་གཉིས་ཀྱི་འདུས་མདོ་སྐྱིད་སོས་ཡག་གི་ཁ་མདོ་ཟེར། བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད་ཚུལ་ནི། ལུང་པ་གཉིས་ཀྱི་འདུས་གདོང་གི་ས་གནས་མི་རིང་བར་སྤོང་བ་བསམ་གཏན་པའི་གནས་རི་ཁ་སྐད་དུ་ཡར་ཐོད་ཟེར་བཞིན་ཡོད་པའི་རི་དེའི་རྩེ་མོ་ན་མདའ་སྒྲོའི་གཟུགས་ཇི་བཞིན་མཐོང་བ་དང་། གེ་སར་ལྷ་ཁང་གི་རྒྱབ་ཕྱོགས་སུ་ཡོད་པའི་བྲག་མདའ་སྒྲོ་མ་ཟེར་བ་དེ་གཉིས་ཡིན། ཡང་སྤང་གཉིས་བལ་སྟན་བཏིང་འདྲ་ཟེར་བ་ནི། གེ་སར་ལྷ་ཁང་གཡས་ཕྱོགས་དང་གཡོན་ཕྱོགས་གཉིས་སུ་ཡོད་པའི་མཛེས་སྡུག་ལྡན་པའི་རྩྭ་ཐང་ཞིག་ཡོད་པར་ཟེར། བྲག་སྦལ་པ་འདྲ་བ་ནི། གེ་སར་ལྷ་ཁང་གི་གཡས་རྒྱབ་ལྟག་མགོར་ཡོད་པའི་བྲག་སྦལ་པའི་དབྱིབས་ཅན་དེ་ལ་ཟེར།
དེ་ཡང་ལོ་རྒྱུས་སྙན་རྩོམ་གྱི་ནང་དོན་ཆ་ཡོངས་སུ་རྫོགས་པ་དོན་དངོས་ལོ་རྒྱུས་ཡིན་པ་དང་དམངས་ཁྲོད་དུ་བཤད་རྒྱུན་ཡོད་པ་ཚང་མ་ཁུངས་བཙན་ཡིན་ཞེས་བརྗོད་པར་དཀའ་ནའང་། དེས་ཕྱོགས་མི་འདྲ་བའི་ཐོག་ནས་ལོ་རྒྱུས་ཀྱི་དོན་དངོས་མཚོན་ཐུབ་པ་དང་། ལོ་རྒྱུས་ཀྱི་ཆ་ངེས་ཅན་མཚོན་ཐུབ་པ་ཞིག་ཡིན།①

ཨོ་རྒྱན་པདྨའི་ཚེ་ཆུ་དང་གྲུབ་པའི་རྒྱལ་མོའི་བདུད་རྩི།

ཆུ་ངོགས་དགོན་དུ་ཡོད་པའི་སྲིན་པོ་བཅུག་པའི་མཛོ་བྲོད།
གསུམ་པ།
གླིང་ཚང་གདུང་རབས་ལས་ར་སྤྲོད་བྱུང་བ།
གདུང་རབས་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས་ཡིག་ཆའི་ཁུངས་མང་པོ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཞིབ་འཇུག་གི་ལྟེ་བར་བཟུང་སྟེ། གནའ་བོའི་ལོ་རྒྱུས་ཡིག་ཆ་དང་། ས་གནས་ཀྱི་ཡིག་ཆ། དེང་རབས་ཞིབ་འཇུག་གི་གྲུབ་འབྲས་བཅས་གཤིབ་བསྡུར་བྱེད་པ་དང་། གདུང་རབས་ལོ་རྒྱུས་ཟིན་བཀོད་ཀྱི་གཅིག་གྱུར་རང་བཞིན་དང་དངོས་འབྲེལ་རང་བཞིན་དཔྱད་དཔོག་བྱེད་པ་ནི། བོད་ཀྱི་གནའ་བོའི་ཚོ་སྡེའི་གདུང་རབས་རྒྱུན་འཛིན་གྱི་གོ་རིམ་གསེད་འགྲེལ་བྱེད་པའི་ཞིབ་འཇུག་ཐབས་ལམ་གལ་ཆེན་དུ་གྱུར་ཡོད། དེ་ཡང་ལོ་རྒྱུས་ཡིག་ཆ་སྣ་མང་ཕན་ཚུན་ར་སྤྲོད་བྱེད་ཅིང་། ལོ་རྒྱུས་དངོས་དང་རྒྱབ་འགལ་མེད་ཚེ། ད་གཟོད་གདུང་རབས་འབྱུང་ཁུངས་ཀྱི་ཡིད་རྟོན་རུང་ཚད་འགན་ལེན་ཐུབ་པ་ཞིག་ཡིན་པར་སྙམ། གླིང་ཚང་གི་རྒྱལ་རབས་ཀྱི་འབྱུང་གཞིའི་སྐོར《ལྕགས་རའི་འབུམ་རྙིང་དཀར་ཆག》 དང༌། 《 གླིང་ཚང་གདུང་རབས》 《 སྡེ་དགེའི་ལོ་རྒྱུས》 དེ་བཞིན་མཁས་དབང་བཀྲ་ཤིས་ཚེ་རིང་གི་དཔྱད་རྩོམ《གླིང་གི་རྒྱལ་རབས་མདོར་བསྡུས་རབ་སྙན་དུང་གི་སྒྲ་དབྱངས》སོགས་ཀྱི་ནང་འཁོད་པའི་གླིང་ཚང་གི་གདུང་རབས་གཅིག་མཚུངས་སུ་གནས་ཞེས། 《 བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རྭ་གའི་ལྡེ་མིག》 ནང་ཁ་གསལ་འཁོད་ཡོད་པ་ལྟར། ཡིག་ཚང་དེ་དག་ལས་གླིང་ཚང་གདུང་རབས་རྒྱུན་འཛིན་གྱི་གོ་རིམ་ཁུངས་འཕེར་ཡིན་པ་རྟོགས་སླ།
གླིང་ཚང་གི་གདུང་རབས་ལོ་རྒྱུས་ལས་གཅིག་གྱུར་གྱིས་འཁོད་པ་ལྟར་ན། གླིང་ཚང་གི་མེས་པོ་གདོང་ཆོས་འཕེན་ནག་པོས་གསེར་བཟའ། འོམ་བཟའ། སྤྱང་བཟའ་ཞེས་པ་གསུམ་ཁབ་ཏུ་བཞེས་པ་དང་། ལྷ་ལྕམ་གསུམ་ལ་རིམ་བཞིན་སྲས་གསེར་བུ་ལྷ་ཡག་དར་དཀར་དང་། འོམ་བུ་ཁྲི་སྤྱང་དཔའ་རྒྱལ། སྤྱང་བུ་དགྲ་རྒྱལ་འབུམ་མེ་གསུམ་འཁྲུངས། དེ་དག་གི་བརྒྱུད་པ་ལས་རིགས་རྒྱུད་ཇེ་མང་དུ་འཕེལ་ནས་རིམ་བཞིན་སྟོད་གླིང་གསེར་པ་མཆེད་བརྒྱད་དང་། བར་གླིང་འོམ་བུ་ཚོ་དྲུག །སྨད་གླིང་མུ་སྤྱང་སྡེ་བཞི་བཅས་ཚོ་རིགས་ཀྱི་གནས་བབ་ཆགས་ཤིང་། དེ་ཡང་ཕྱིས་སུ་འབོད་པའི་གླིང་ཆེ་འབྲིང་ཆུང་གསུམ་དུ་གྲགས་པ་བྱུང་།
ཆུང་བརྒྱུད་ཀྱི་མེས་པོ་དགྲ་རྒྱལ་འབུམ་མེ་ལ་སྲས་ཐོག་ལྷ་འབུམ་འཁྲུངས་པ་དང་། ཐོག་ལྷ་འབུམ་ལ་སྲས་ཆོས་ལྷ་འབུམ་འཁྲུངས། ཆོས་ལྷ་འབུམ་ལ་རོང་བཟའ་དང་། སྒ་བཟའ། རྨུ་བཟའ་བཅས་གསུམ་ཁབ་ཏུ་བསུས་པ་ལས། རོང་བཟའ་ལ་སྤྱི་དཔོན་རོང་ཚ་ཁྲ་རྒན་དང་། སྒ་བཟའ་ལ་གཡུ་རྒྱལ་འབུམ། རྨུ་བཟའ་ལ་ཡབ་རྗེ་སེང་བློན་རྒྱལ་པོ་སྟེ་སྲས་གསུམ་བྱུང་། སེང་བློན་གྭ་མ་རི་སྐྱེས་ཀྱིས་རྒྱ་བཟའ་དང་། རོང་བཟའ། འགོག་བཟའ་གསུམ་ཁབ་ཏུ་བཞེས་པར་རྒྱ་བཟའ་ལ་སྲས་འབུམ་པའི་རྒྱ་ཚ་ཞལ་དཀར། རོང་བཟའ་ལ་ནུ་བོ་རོང་ཚ་དམར་ལེབ། འགོག་བཟའ་ལ་འགོག་ཚ་ཇོ་རུའམ་འཛམ་གླིང་མིའི་ཉི་མ་གེ་སར་ནོར་བུ་དགྲ་འདུལ་སྟེ་སྲས་གསུམ་འཁྲུངས། དེའི་སྐབས་སུ་གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་སེང་བློན་བུ་གསུམ་ཞེས་པའི་གྲགས་སྙན་བླ་ན་མཐོ་བའི་ཐོག་ནས་ཚོ་རིགས་ཀྱི་སྙན་གྲགས་སྟོབས་ཤུགས་འབུར་དུ་མངོན།
དེ་ནས་འབུམ་པའི་རྒྱ་ཚ་ཞལ་དཀར་གྱིས་འབྲུ་རག་བཟའ་དགེ་འཚོ་ཁབ་ཏུ་བཞེས་པར་སྲས་དགྲ་འདུལ་ལྷ་རྩེའམ་འབུམ་པའི་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་འཁྲུངས། དགྲ་ལྷ་རྩེ་རྒྱལ་ལ་སྲས་ཨ་གཉེན་དགེ་བའམ་ཨ་གཉེན་རྒྱལ་བ་སྐྱབས་ཞེས་པ་འཁྲུངས། ཨ་གཉེན་རྒྱལ་བ་སྐྱབས་ལ་བདག་པོ་ཨ་ཡག་འབུམ་རྒྱལ་དང་། སྟག་སྡེ་གཡུང་དྲུང་སྐྱབས། གླིང་སྒམ་པ་གྲུབ་ཐོབ་དཔལ་གྱི་སེང་གེ་བཅས་སྲས་གསུམ་བྱུང་། ཨ་ཡག་འབུམ་རྒྱལ་གྱི་སྲས་རིན་ཆེན་རྡོ་རྗེ་ལ་སྲས་ཁྲོ་བོ་འཕེན་དང་། རིན་ཆེན་སྐྱབས་གཉིས་བྱུང་། ཁྲོ་བོ་འཕེན་ལ་སྲས་དགེ་འཕེན་སྟག་དར་དང་། དྲུང་ཤཱཀྱ་རིན་ཆེན་གཉིས་བྱུང་། དགེ་འཕེན་སྟག་དར་གྱི་སྲས་དུ་སི་སངས་རྒྱས་རྒྱལ་མཚན། དེའི་སྲས་དུ་སི་སེང་གེ་རྒྱལ་མཚན། དེ་ལ་སྲས་དུ་སི་བསྟན་འཛིན་ཡེ་ཤེས་དང་། གླིང་ཆེན་པོ་བདག་དྲུང་ཙིན་ཤན་ཝང་ཐར་པ་རྒྱལ་མཚན། ཁྲི་དཔོན་འོད་ཟེར་རྒྱལ་མཚན་བཅས་རིགས་རྒྱུད་བཞི་བྱོན་ཞིང་། གོང་དུ་སོང་བའི་རིགས་རྒྱུད་བཅས་གླིང་ཚང་གི་ཁྱིམ་རྒྱུད་གཙོ་བོར་གྱུར།
དེ་ནས་དུ་སི་བསྟན་འཛིན་ཡེ་ཤེས་ལ་སྲས་དུ་སི་ཀརྨ་རྒྱལ་མཚན་བྱུང་བ་དང་། དེ་ལ་སྲས་དུ་སི་ཚེ་རིང་བཀྲ་ཤིས། དེ་ལ་སྲས་བདག་ཆེན་བསོད་ནམས་བཟང་པོའམ་ལོ་རྒྱུས་ནང་འཁོད་པའི་བིང་ཐུང་ནོ་ཡོན་ཟེར་བ་བྱུང་། བསོད་ནམས་བཟང་པོ་ལ་སྲས་མགོན་པོ་རིན་ཆེན་བྱུང་། དེ་ལ་སྲས་ཡབ་རྗེ་གླིང་གི་ས་སྐྱོང་བླ་མ་ཆེན་པོ་མགོན་པོ་ལྷུན་འགྲུབ་བྱུང་། མགོན་པོ་ལྷུན་འགྲུབ་ལ་སྲས་གཉིས་བྱུང་ཞིང་། ཆེ་བ་སི་ཏུ་མི་ཕམ་ཆོས་རྒྱལ་གྱི་སྐུ་སྐྱེ་ལེགས་བཤད་སྨྲ་བའི་ཟླ་བ་དགུང་ལོ་བཅུ་དྲུག་ཐོག་གཤེགས། ཆུང་བ་རྡོ་རྗེ་མགོན་པོ། རྡོ་རྗེ་མགོན་པོ་ལ་སྲས་མགོན་པོ་རྣམ་རྒྱལ་གྱིས་སྡེ་བཟའ་ནོར་འཛིན་དཔལ་མོ་བསོད་ནམས་དབང་མོ་ཁབ་ཏུ་བཞེས་པ་ལ་སྲས་མ་བྱུང་བས་མཆེད་དྲུང་པ་ཨོ་རྒྱན་ཚེ་རིང་གིས་སྲིད་བསྐྱངས་ཏེ། ཧོར་ཁང་གསར་པའི་སྲས་མོ་ནམ་མཁའ་སྒྲོལ་མ་ཁབ་ཏུ་བཞེས་པ་ལ་སྲས་ཆེ་བ་ཀུན་དགའ་བསོད་ནམས་སམ་གླིང་རྗེ་དྲུང་གོང་མ་གར་དབང་འགྲོ་འདུལ་རྩལ་བྱུང་། འབྲིང་བ་མགོན་པོ་དར་རྒྱས། དེ་འོག་སྲས་གཅིག་བྱུང་བ་ཆུང་དུས་སུ་གཤེགས། གཅུང་མགོན་པོ་དགྲ་འདུལ་བཅས་སྲས་བཞི་བྱུང་ཞིང་། རིགས་རྒྱུད་མ་ལག་མུ་མཐུད་འཕེལ་སྐྱེད་བྱུང་།
གཅུང་མགོན་པོ་དགྲ་འདུལ་ལ་སྲས་དུ་སི་དཔལ་འབྱོར་རམ་འཇམ་དབྱངས་དཔལ་འབྱོར་དང་། མཆེད་གཅིག་བྱོན་པ་ཆུང་དུས་ནས་གཤེགས། འཇམ་དབྱངས་དཔལ་འབྱོར་ལ་སྲས་ཡབ་རྗེ་དབང་ཆེན་རྟ་མགྲིན་ཆོས་སྐྱོང་བྱུང་། རྟ་མགྲིན་ཆོས་སྐྱོང་གིས་སྟག་བཟའ་རྟ་མགྲིན་འཚོ་ཁབ་ཏུ་བཞེས་པ་ལ་སྲས་གླིང་ཚང་རྒྱལ་རྒན་མ་ཞེས་གྲགས་པ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་འཆི་མེད་གྲུབ་པའི་སྡེའམ་གླིང་གཏེར་ཆེན་པདྨ་བཞད་པ་རྩལ་དང་། གཅུང་གཅིག་བྱོན་པ་གཞོན་དུས་སུ་གཤེགས།
དབང་ཆེན་བསྟན་འཛིན་ཆོས་རྒྱལ་གྱིས་སྡེ་བཟའ་མཁའ་སྤྱོད་དབང་མོ་ཁབ་ཏུ་བཞེས་པ་ལ་སྲས་མ་བྱུང་བས། མགར་བཟའ་བྱིས་མཚོ་ཁབ་ཏུ་བཞེས་པ་ལ་སྲས་ཆེ་བ་ཨ་བུ་དང་། འབྲིང་བ་ལྷ་སྲས་ཡིད་བཞིན་དབང་རྒྱལ། ཆུང་བ་སྲས་དཀར་མཛེས་བཅས་བྱོན་པའི་གཅེན་པོ་གཞོན་དུས་ནས་གཤེགས་པ་དང་། གཅུང་པོ་ཆུང་དུས་ནས་གཤེགས།
སྲས་འབྲིང་བ་ཕུན་ཚོགས་དགེ་ལེགས་རབ་བརྟན་རྒྱལ་པོས་སྡེ་བཟའ་སྐལ་བཟང་ཆོས་ཀྱི་སྒྲོལ་མ་ཁབ་ཏུ་བཞེས་པ་ལ་སྲས་ཆེ་བ་འཇིགས་མེད་དབང་འདུས་ཆོས་རྒྱལ་དང་། ཆུང་བ་གླིང་རྗེ་དྲུང་འགྱུར་མེད་པདྨ་བསྟན་འཛིན་གྱི་སྤྲུལ་སྐུ་འགྱུར་མེད་བཤད་སྒྲུབ་བསྟན་འཕེལ་གཉིས་བྱུང་། འཇིགས་མེད་དབང་འདུས་①ཆོས་རྒྱལ་གྱིས་འདན་བཟའ་ཚུལ་ཁྲིམས་སྒྲོལ་མ་ཁབ་ཏུ་བཞེས་པ་ལ་སྲས་ངག་དབང་ཕུན་ཚོགས་སྟོབས་ལྡན་དབང་རྒྱལ་②བྱུང་བ་སོགས་ད་བར་གླིང་ཚང་གི་གདུང་རྒྱུད་ཟམ་མ་ཆད་པ་བྱོན་པ་ཡིན།
མདོར་ན། 《 གླིང་ཚང་གི་གདུང་རབས་ལོ་རྒྱུས》ལྟར་ན་གླིང་ཚང་ཞེས་པ་དུས་རབས་དྲུག་པའི་ཡར་སྔོན་ནས་འདན་ཁོག་ཚུད་པའི་ད་ལྟའི་སྡེ་དགེའི་མངའ་ཁོངས་སུ་འཕེལ་སྐྱེད་སོང་བ་ཞིག་ཡིན་ཏེ། ད་བར་རྒྱལ་རབས་དྲུག་ཅུ་རེ་ལྔ་སོང་བ་གསལ་ཞིང་། རྗེས་སུ་གླིང་ཚང་རྒྱལ་རབས་ཀྱི་ཡིག་ཚང་འཐོར་བས། རྒྱལ་རབས་གདུང་རྒྱུད་ཞིབ་ཕྲ་འཆད་དཀའ་བར་གྱུར་ཡོད། གླིང་ཚང་རྒྱལ་རབས་ནི་གླིང་གེ་སར་རྒྱལ་པོའི་གདུང་རྒྱུད་ཡིན་ཞིང་། གླིང་གེ་སར་གླིང་ཚང་རྒྱལ་རབས་ཀྱི་མི་རབས་ཞེ་གསུམ་པ་ཡིན།

བྱེའུ་ཆུང་མིད་པའི་འཕྲང་ལམ།
བཞི་པ། དེང་རབས་ཞིབ་འཇུག་གྲུབ་འབྲས་ལས་ར་སྤྲོད་བྱུང་བ།
གཅིག །གླིང་གེ་སར་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་པའི་སྐོར་གྱི་མཁས་པའི་ཞིབ་འཇུག
སྤྱིར་ལོ་རྒྱུས་མི་སྣ་ཞིག་གི་དོན་དངོས་བདེན་དཔང་བྱེད་པར། ཚད་ལྡན་ཡིག་ཆའི་ཟིན་བཀོད་དང་། དམངས་ཁྲོད་ཀྱི་ངག་རྒྱུན། གནའ་རྫས་རྟོག་ཞིབ་བཅས་གཙོ་བོ་ཕྱོགས་གསུམ་ལ་བརྩི་འཇོག་དང་ཞིབ་འཇུག་བྱེད་པ་དང་། དེ་དག་ཕན་ཚུན་དཔྱད་བསྡུར་བྱས་ནས་ཡིད་རྟོན་རུང་བའི་རིགས་གཞུང་ཆོད་སྡོམ་འཇོག་པ་ཞིག་ཡིན། གླིང་གེ་སར་སི་ཁྲོན་སྡེ་དགེ་ཨ་ཕྱུག་རྩྭ་ཐང་དུ་འཁྲུངས་པ་ཡང་བོད་ཀྱི་ཡིག་ཚང་རྙིང་པ་དང་། ས་གནས་ལོ་རྒྱུས། དམངས་ཁྲོད་གཏམ་རྒྱུད་སོགས་གསལ་པོར་མངོན་པར་མ་ཟད། རྗེས་རབས་ཀྱི་གླིང་སྒྲུང་ཞིབ་འཇུག་པ་ཚོས་གནད་དོན་འདིའི་ཐད་ཕྱོགས་མང་པོ་དང་ཆ་གང་ཐད་ནས་ཞིབ་འཇུག་བྱས་སྟེ་གཅིག་མཇུག་གཉིས་མཐུད་ངང་སྡེ་དགེ་ཨ་ཕྱུག་རྩྭ་ཐང་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་པ་དང་། གླིང་གེ་སར་ལོ་རྒྱུས་མི་སྣ་ཡིན་ཚུལ་ཁུངས་འཚོལ་ར་སྤྲོད་བྱས་ཡོད།
སྐུ་ཞབས་རེན་ནའེ་ཆང་ནི་རྒྱལ་ནང་དུ་མི་རིགས་ཁག་གི་ཀློག་པ་པོར《གླིང་གེ་སར་རྒྱལ་པོའི་སྒྲུང་》ངོ་སྤྲོད་གནང་མཁན་རྒྱ་རིགས་ཀྱི་བོད་རིག་པ་མཁས་ཅན་སྔ་གྲས་ཤིག་ཡིན། ཁོང་གིས་མིན་གོ་ལོ་བཅུ་བདུན་ལོར་ཁམས་ཁུལ་དུ་རྟོག་ཞིབ་གནང་སྐབས། དེང་གླིང་ཚང་རྒྱལ་པོའི་མངའ་ཁོངས་འདན་ཁོག་རྫོང་དུ་ཁུལ་ལྔ་ཡོད་པ་དང་། ཉག་ཆུ་རྒྱུགས་ཁུལ་ཡིན། སྟོད་རྫ་ཁོག་དང་སེར་ཤུལ་རྫོང་བར་དུ་ས་མིང་ལ་བྱང་པ་ཟེར། བཤད་རྒྱུན་ལ་གླིང་རྗེ་གེ་སར་གྱི་འཁྲུངས་ཡུལ་དུ་ཚབ་ཚ་དགོན་གྱི་འདབ་ཏུ་གླིང་རྗེ་གེ་སར་སྐུ་འཁྲུངས་རྗེས་ས་ལ་རྩྭ་སྐྱེས། དུས་བཞི་གཡུ་མདོག་ཏུ་གྱུར། ཚབ་ཚ་དགོན་ནང་གླིང་རྗེ་གེ་སར་རྒྱལ་པོའི་གོ་ཁྲབ་མཚོན་ཆ་དང་བ་སོའི་ཐམ་ག་བཅས་བཞུགས་ཡོད་ཅིང་། ཚབ་ཚ་དགོན་གྱི་རྒྱུན་བཞུགས་བླ་གྲྭ་གཉིས་ནས་གསོལ་ཀ་འདོན་སྲོལ་ཡོད་པ་རེད། གཞན་ཡང་གླིང་རྗེ་གེ་སར་རྒྱལ་པོའི་ཤུལ་དངོས་མང་པོ་ཞིག་རྟོགས་ལྡན་བླ་མ་ཞིག་གིས་མཚོ་སྔོན་ནང་ཆེན་རྫོང་གི་བྱང་རྟ་ན་དགོན་ནང་བསྐྱལ་ནས་ཉར་ཚགས་བྱས་པ་རེད་ཅེས་བཤད་སྲོལ་ཡོད་པ་རེད་ཅེས།①གླིང་གེ་སར་གྱི་འཁྲུངས་ཡུལ་ས་གནས་གསལ་པོར་བསྟན་པ་དང་། གླིང་གེ་སར་གྱི་གཟུགས་བརྙན་དང་དངོས་བྱུང་ལོ་རྒྱུས་མི་སྣ་འབྲེལ་བ་ཡོད་ཚུལ་ཐེངས་དང་པོ་བསྟན་ནས། ཕྱིས་འབྱུང་འབྲེལ་ཡོད་ཞིབ་འཇུག་ཐད་རིགས་གཞུང་རྨང་གཞི་བཏིངས་ཡོད་པ་རེད།
མིན་གོའི་དུས་སྐབས་ཀྱི་སྐུ་ཞབས་ལི་ཅན་མིན་ཁམས་ཁུལ་དུ་ལོ་མང་བཞུགས་ཡོད་ཅིང་། མིན་གོ་ལོ་སུམ་ཅུའི་སྐབས་སྡེ་དགེའི་ས་གནས་ཁག་ཏུ་རྟོག་ཞིབ་གནང་ཡོད་པ་དང་། རྗེས་སུ་སྡེ་དགེ་རྫོགས་ཆེན་དགོན་དུ་དཔེ་ཆ་སྦྱངས། ཁོང་གིས་གླིང་རྗེ་གེ་སར་འཁྲུངས་ཡུལ། སེར་ཤུལ་ཤར་ངོས་མཚམས་ཀྱི་ཕྱི་རོལ། ཉག་ཆུ་གཙང་པོའི་ནུབ་ངོས། ས་མིང་ལ་བྱང་པ་ཟེར། དེང་གླིང་ཚང་རྒྱལ་པོའི་མངའ་ཁོངས་ཡིན། གླིང་ཚང་རྒྱལ་པོས་དེར་ལྷ་ཁང་ཞིག་བཞེངས་ནས་མཆོད་ཁང་བྱས་ཞེས།②གླིང་གེ་སར་འཁྲུངས་ཡུལ་གསལ་པོར་བསྟན།
སྐུ་ཞབས་ཞུས་ཀུའོ་ཆུང་གིས་གླིང་སྒྲུང་སྐོར་སྔ་རྗེས་སུ་མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་གླིང་སྒྲུང་དར་ཆེ་ཁུལ་དུ་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ཡུལ་དངོས་རྟོག་ཞིབ་གནང་ནས། དཔྱད་གཞིའི་ཡིག་ཆ་འབོར་ཆེན་འཚོལ་བསྡུ་དང་ལེགས་སྒྲིག་གནང་ནས《གེ་སར་རྟོག་ཞིབ་ཟིན་བཀོད》ཅེས་པ་བྲིས་པ་དང་། དེབ་ནང་《 གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ནང་དོན་ནི་ལོ་རྒྱུས་རང་བཞིན་དང་རྩོམ་རིག་རང་བཞིན་གཅིག་འདུས་དང་། ལོ་རྒྱུས་དོན་དངོས་དང་དམངས་ཁྲོད་ཀྱི་ལྷ་རབས་གཏམ་རྒྱུད་མཉམ་འདྲེས་ལས་གྲུབ་པའི་ལོ་རྒྱུས་སྙན་རྩོམ་ཞིག་ཏུ་ངོས་འཛིན་གསལ་པོ་བྱས་པ་དང་། ལོ་རྒྱུས་སྙན་རྩོམ་རྒྱབ་ཕྱོགས་ཀྱི་དོན་དངོས་ལོ་རྒྱུས་ནང་དོན་ཁས་ལེན་བྱས་པ་མ་ཟད། གླིང་གེ་སར་གྱི་མི་སྣའི་གཟུགས་བརྙན་གྱི་ལོ་རྒྱུས་དོན་དངོས་རང་བཞིན་ཁས་ལེན་བྱས་ཡོད་ཅིང་། དེང་རབས་ཀྱི་བོད་རིག་པའི་མཁས་དབང་དང་གླིང་སྒྲུང་རིག་གནས་ཞིབ་འཇུག་པས་ཀྱང་རྒྱུན་མཐུད་དུ་ལྟ་བ་དེར་དཔང་རྟགས་བྱས་ཡོད།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་མཁས་དབང་དམུ་དགེ་བསམ་གཏན་དང་། ཚེ་ཏན་ཞབས་དྲུང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཐུབ་བསྟན་ཉི་མ་སོགས་བོད་ཀྱི་མཁས་དབང་རྣམས་དང་། དེ་བཞིན་གཅོད་པ་དོན་གྲུབ་དང་། ཆབ་འགག་རྟ་མགྲིན། ཆབ་འགག་རྡོ་རྗེ་ཚེ་རིང། ལྡོང་ནོར་སྡེ། དབང་ཆེན་སྟོབས་རྒྱལ། དོན་གྲུབ་ལྷ་མོ་སོགས་གླིང་སྒྲུང་རིག་གནས་ཞིབ་འཇུག་པ་རྣམས་ཀྱིས་སྔ་རྗེས་སུ《 བོད་ལྗོངས་ཞིབ་འཇུག》དང་། 《 སྦྲང་ཆར》སོགས་དུས་དེབ་ཁག་གི་ཐོག་ཆེད་རྩོམ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ནས། བོད་ཀྱི་ལོ་རྒྱུས་དེབ་ཐེར་གལ་ཆེན་རྣམས་ཀྱི་ནང་དུ་འཁོད་པའི《 གླིང་གེ་སར་རྒྱལ་པོའི་སྒྲུང་》སྐོར་དང་། གླིང་གེ་སར་གྱི་མཛད་རྗེས་མཚོན་པའི་ནང་རྟེན་དངོས་རྫས་སོགས་ཤུལ་བཞག་གྲངས་ལས་འདས་པ་རྣམས་རྒྱབ་རྟེན་དུ་བཅོལ་ནས་གླིང་གེ་སར་འཁྲུངས་ས་འཁྲུངས་ཡུལ་དང་། འཁྲུངས་འདས་ལོ་ཚིགས་སོགས་ལ་དཔྱད་གཏམ་བརྗོད་པར་མ་ཟད། གླིང་གེ་སར་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་ལོ་རྒྱུས་མི་སྣ་ཞིག་ཡིན་པར་དཔང་རྟགས་བསྒྲུབས་ཡོད་པ་རེད།
《 བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེའུ་མིག》ནང་དུའང་། ད་ལྟ་སྡེ་དགེའི་འདན་ཁོག་གི་ཁོངས་སུ་གཏོགས་པའི་ས་སྐྱིད་སོས་ཡག་གི་ཁ་མདོ་ཞེས་པའི་ས་ཆ་དེ་ནི་གླིང་རྗེ་གེ་སར་འཁྲུངས་ཡུལ་ངོ་མ་ཡིན་ཞེས་སྒྲུང་དཔེ་མང་པོ་ཞིག་གི་ནང་དུ་གསུངས། ཞེས་འཁོད་པ་དང་། གླིང་རྗེ་གེ་སར་ནི་རབ་བྱུང་དང་པོའི་ས་སྟག་སྟེ་སྤྱི་ལོ་༡༠༣༨ལོ། རྒྱ་ནག་ཏུ་སུང་བྱང་མའི་རྒྱལ་རབས་ཀྱི་པའོ་ཡོན་ལོ་དང་པོའི་ལོ་དེར་①ཡབ་གླིང་ཆུང་རྒྱུད་སྲས་པོ་སེང་བློན་དང་། ཡུམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་མདོ་ཁམས་སྨད་ཀྱི་འབྲི་རྫ་གཉིས་ཀྱི་བར་སྒང་དུ་ས་སྐྱིད་སོས་ཡག་གི་ཁ་མདོ་སྟེ། དེང་སྡེ་དགེའི་ཁོངས་སུ་ཚབ་ཚ་དགོན་པའི་ཉེ་འཁོར་དེར་སྐུ་འཁྲུངས།②ཞེས་གསུངས་ནས། གླིང་གེ་སར་འཁྲུངས་པའི་དུས་ཚོད་རྟོག་ཞིབ་གནང་བར་མ་ཟད། ཞིབ་ཕྲའི་འཁྲུངས་ཡུལ་ཡང་གསལ་པོ་བསྟན་ཡོད།
མཁས་དབང་དམུ་དགེ་བསམ་གཏན་གྱིས། གླིང་རྗེ་གེ་སར་ནི་བོད་སིལ་བུར་འཐོར་ནས། དཔའ་བོ་བཙན་ཤེད་ཅན་དང་། མཁས་པ་སྙན་གྲགས་ཅན་གྱིས་ཚོ་ཤོག་གི་མགོ་བསྡུ་བ་ཙམ་ལས། བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པའི་དུས་སུ་བྱུང་བ་ཡིན་པ་ནི། དེས་བསྟེན་པའི་བླ་མ་དང་། དེའི་སྡེ་ཤོག་གི་ལམ་ལུགས། ལྷ་ལ་འབོད་བསྐུལ་དང་མཆོད་གསོལ་གྱི་སྒྲུང་གླུ་སོགས་ཀྱིས་ཤེས་ལ། སྔོན་གྱི་ལོ་རྒྱུས་རྣམས་ལས་ཀྱང་དེ་འཁྲུངས་དུས་རབ་བྱུང་དང་པོ་ཡས་མས་སུ་བཙལ་བ་ལས། བསྟན་པ་སྔ་དར་གྱི་དུས་སུ་བྱུང་བ་ཡིན་མིན་གྱི་དོགས་པ་སྔོན་གྱི་མཁས་མཆོག་སུ་ལ་མ་སྐྱེས་ཤིང་། སྐྱེ་དོན་ཡང་མེད་དོ་ཞེས་དང་། གླིང་སེང་ཆེན་གྱིས་གཙོ་ཆེར་མདོ་ཁམས་སུ་དབང་བསྒྱུར་ཅིང་། སྲིད་ཀྱི་གཞི་ས་ཡང་གཙོ་བོ་དེ་གར་གནས་པ་ཡིན་ཏེ། དེའི་རྒྱལ་རྒྱུད་གླིང་ཚང་རྒྱལ་པོ་ད་དུང་ཡོད་ལ། སེང་ཆེན་ཁོང་དང་། དཔའ་རྟུལ་དག་གི་ཕོ་བྲང་གི་ཤུལ་དང་། གོ་མཚོན་དག་ཀྱང་མདོ་ཁམས་སུ་ཡོད་དོ།③ཞེས་གླིང་གེ་སར་བྱོན་པའི་ལོ་དུས་དང་། དབང་བསྒྱུར་གྱི་ཁྱབ་ཁོངས། རྒྱལ་རྒྱུད་སོགས་གསལ་པོར་བསྟན།
མཁར་རྨེའུ་བསམ་གཏན་གྱིས། གེ་སར་རྒྱལ་པོ་ནི་བོད་ཤར་ཕྱོགས་ཀྱི་ཡུལ་གྲུ་ཆུང་ཆུང་ཞིག་ལ་དབང་སྒྱུར་བྱེད་མཁན་གླིང་ཞེས་པའི་ཡུལ་དུ་འཁྲུངས་ཞེས་གསུངས་པས། གླིང་ཞེས་པ་ནི་ལོ་རྒྱུས་ཀྱི་ས་མིང་དངོས་ཤིག་ཡིན་པར་གྲུབ། ཅེས་གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེ་རྫོང་ཁོངས་ཨ་ཕྱུག་ཤང་ཚབ་ཚ་དགོན་གྱི་ཉེ་འདབས་སྐྱིད་སོས་ཡག་གི་ཁ་མདོ་ཞེས་པ་ཡིན་པ་སྔོན་བྱོན་མཁས་དབང་མང་པོ《 གླིང་གེ་སར་རྒྱལ་པོའི་སྒྲུང་》ནང་འཁོད་པ་དང་གཅིག་མཐུན་ཡིན་པར་སྣང་ཞེས་དང་། པདྨ་ལུང་རིག་འཛིན་གྱིས་བརྩམས་པའི《 གླིང་སྒྲུང་གི་དཔྱད་གཏམ་དཔྱིད་ཀྱི་ཕོ་ཉའི་དབྱངས་རྟ》 ཞེས་པའི་ནང་། ཆེད་མངགས་གླིང་གེ་སར་ལོ་རྒྱུས་ཀྱི་མི་སྣ་ཡིན་མིན་གྱི་སྐོར་གྱི་རྩོད་གླེང་གནད་དོན་ཐད་ཁུངས་འཚོལ་ར་སྤྲོད་གནང་ནས། ལོ་རྒྱུས་སྙན་རྩོམ་གྱི་མ་ཡིག་དང་ལོ་རྒྱུས་ཟིན་བཀོད་སྐོར་གྱི་ལྟོས་ཟླའི་འབྲེལ་བར་ཞིབ་འཇུག་གནང་ཡོད། སྐུ་ཞབས་ནོར་བུ་དབང་ལྡན་གྱིས་བརྩམས་པའི《 སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད་ཅེས》པའི་ནང་། སྤྱིར་སྒྲུང་གི་རིག་གནས་ཀྱི་གོ་དོན་དང་།
སྒྲུང་རིགས་ཀྱི་དབྱེ་བ། འཕེལ་རིམ། སྒྲུང་དང་ལྡེའུ་བོན་གསུམ་གྱིས་བོད་ཀྱི་ཆབ་སྲིད་ཇི་ལྟར་བསྐྱངས་ཚུལ་བཅས་ངོ་སྤྲོད་བྱས་པར་མ་ཟད། 《 གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ནང་དོན་དང་། དེ་བཞིན《གླིང་གེ་སར་རྒྱལ་པོའི་སྒྲུང་》དང་སྒྲུང་བར་གྱི་ཁྱད་པར་སོགས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་གླིང་གེ་སར་ལོ་རྒྱུས་མི་སྣ་ཡིན་པའི་ངོ་བོ་མཐའ་དཔྱད་བྱས་པ་དང་། དེའི་དམིགས་བསལ་གྱི་ལོ་རྒྱུས་རིན་ཐང་དང་རིག་གནས་གནས་བབ་གསལ་པོར་བསྟན་ཡོད།
སྐུ་ཞབས་རྒྱལ་མོ་འབྲུག་པས། ཁོ་བོས་བལྟས་ན་ལོ་རྒྱུས་ཞེས་པ་ནི་གཅིག་ན་སྒྲུང་ནང་གི་གླིང་གེ་སར་ཞེས་བྱ་བ་ལོ་རྒྱུས་ཐོག་ཐོན་པའི་མི་སྣ་དངོས་ཤིག་ཡིན་པ་དང་། གཉིས་སུ་ན་བརྗོད་དོན་ཐད་གླིང་ཚང་གི་བྱུང་བ་ཁྱད་པར་དུ་བོད་ཀྱི་གནའ་བོའི་ལོ་རྒྱུས་ཀྱི་བྱུང་བ་བཅས་འདུས་ཡོད་པ་ལ་གོ་དགོས་ཞེས་①གསུངས་པ་ནི་དོན་གནད་འཁེལ་བའི་གཏམ་ཞིག་ཡིན་པར་སྙམ།
གཉིས། ཡུལ་དངོས་རྟོག་ཞིབ་ལས་འཕྲོས་པའི་ཁུངས་བཙན་ཆོད་གཏམ།
དེ་ཡང་ལོ་རྒྱུས་ཀྱི་དོན་དངོས་གཏན་འཁེལ་བྱེད་པར་སྤྱིར་ན་ལོ་རྒྱུས་དེབ་ཐེར་ནང་འཁོད་པ་དང་། དམངས་ཁྲོད་ཀྱི་ངག་རྒྱུན། གནའ་རྫས་རྟོག་ཞིབ་བཅས་ཕྱོགས་གསུམ་ནས་དབྱེ་འཚམས་འབྱེད་དགོས་པ་ཞིག་ཡིན། གོང་གསལ་གླིང་རྗེའི་འཁྲུངས་ཡུལ་བསྟན་པའི་བོད་ཀྱི་ཡིག་ཚང་རྙིང་པ་དང་། དམངས་ཁྲོད་ལོ་རྒྱུས་ཐོག་ནས་གླིང་རྗེ་གེ་སར་འཁྲུངས་ཡུལ་དེང་སྡེ་དགེ་ཨ་ཕྱུག་རྩྭ་ཐང་དུ་ཡིན་པ་ཕལ་ཆེར་བཞེད་པ་ཅིག་མཐུན་ཡིན་པ་གསལ་པོར་མངོན་པར་མ་ཟད་། དེང་དུས་ལོ་རྒྱུས་རྗེས་ཤུལ་དང་གནའ་རྫས་རྟོག་ཞིབ་ཀྱི་ཐོག་ནས་ཀྱང་སྡེ་དགེ་ཨ་ཕྱུག་རྩྭ་ཐང་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་པ་གཏན་འཁེལ་ར་སྤྲོད་བྱས་ཡོད་པ་སྟེ།
སྤྱི་ལོ་༢༠༠༢ལོའི་ཟླ་༧པར། ཞིན་ཧྭ་གསར་འགྱུར་ཁང་ནས་རིགས་གཞུང་རྟོག་ཞིབ་གྲུབ་འབྲས་ཤིག་ཁྱབ་བསྒྲགས་བྱས་པ་དེ་གླིང་གེ་སར་གྱི་འཁྲུངས་ཡུལ་རྟོག་ཞིབ་ཀྱི་མཚོན་རྟགས་རང་བཞིན་གྱི་དོན་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ནང་གི་གླིང་སྒྲུང་རིག་པ་དང་། བོད་རིག་པའི་མཁས་དབང་བཅུ་བཞི་ལས་གྲུབ་པའི་རྟོག་ཞིབ་ཚོ་ཆུང་སི་ཁྲོན་སྡེ་དགེ་རྫོང་ཨ་ཕྱུག་རྩྭ་ཐང་དུ་བསྐྱོད་ནས་ཆེད་དོན་གྱི་ཡུལ་དངོས་ཚན་རིག་རྟོག་ཞིབ་བྱས་ཤིང་། ས་ཡུལ་དངོས་ཀྱི་བརྟག་ཞིབ་གཟབ་ནན་དང་གྲོས་བསྡུར་བྱས་པ་བརྒྱུད། མཐར་ཐུག་སྡེ་དགེ་ཨ་ཕྱུག་རྩྭ་ཐང་དེ་གླིང་གེ་སར་གྱི་འཁྲུངས་ཡུལ་ཡིན་པ་དངོས་སུ་གཏན་འཁེལ་བྱས་ཡོད།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་མཁྱེན་ལྡན་མ་དབྱང་ཨེན་ཧུང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། སྡེ་དགེ་ཨ་ཕྱུག་རྩྭ་ཐང་གླིང་གེ་སར་གྱི་འཁྲུངས་ཡུལ་ཡིན་པའི་སྡོམ་ཚིག་བཞག་པ་ནི་ས་ཡུལ་དངོས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། ཕྱོགས་མང་པོ་ནས་རྟོག་ཞིབ་བྱས་པ་ལས་བྱུང་བའི་གཟབ་ནན་གྱི་རིགས་གཞུང་གྲུབ་འབྲས་ཤིག་ཡིན་པས། ཚན་རིག་རང་བཞིན་དང་ཁུངས་བཙན་རང་བཞིན་གང་ལེགས་ལྡན་ཡོད་ཅེས་གསུངས་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་རིག་འཛིན་གྱིས། ཕྱི་རྒྱལ་དུ་གླིང་སྒྲུང་ཞིབ་འཇུག་ལས་ཁུངས་མང་པོ་ཡོད་རུང་ཞིབ་འཇུག་གི་ཕྱོགས་འཛོལ་མང་པོ་ཡོད་ཅིང་། ཨ་ཕྱུག་རྩྭ་ཐང་གླིང་གེ་སར་གྱི་འཁྲུངས་ཡུལ་ཡིན་པ་ཤེས་ཀྱི་མེད། ང་རང་ནས《གླིང་གེ་སར་རྒྱལ་པོའི་སྒྲུང་》སྐོར་ཞིབ་འཇུག་ལོ་མང་བྱས་རུང་། དེ་སྔོན་གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེའི་ཕྱོགས་ཡིན་པ་ཙམ་ལས་ཤེས་ཀྱི་མེད། ད་ཐེངས་ཆེད་དོན་རྟོག་ཞིབ་བྱས་པར་བརྒྱུད་མཐར་ཐུག་གླིང་གེ་སར་གྱི་ཞིབ་ཕྲའི་འཁྲུངས་ཡུལ་ས་ཆ་གནད་ལ་འཁེལ་བ་ཐག་གཅོད་བྱུང་ནས། ཡུན་རིང་ནང་གསལ་ལ་མི་གསལ་གྱི་ངོས་འཛིན་གསལ་པོར་གྱུར་སོང་ཞེས་གསུངས།
ཐེངས་འདིའི་ཚན་རིག་རྟོག་ཞིབ་ཚོ་ཆུང་ནང་རྒྱལ་ནང་གི་མཐོ་རིམ་སློབ་ཆེན་དང་། ཞིབ་འཇུག་ལས་ཁུངས་ཀྱི་རྐང་འཛིན་རིག་གནས་པ་ཡོད་ཅིང་། དེ་དག་ཁྲོད་སྐབས་དེའི་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཞིབ་འཇུག་པ་དབྱང་ཨེན་ཧུང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་སློབ་གླིང་གི་འགོ་འཛིན་ཝང་ཞིང་ཞན། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རེན་ཞིན་ཅན་སོགས་ཡོད་པ་རེད།
དེས་ན་གོང་གསལ་གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་ཡིན་པའི་ཆོད་སྡོམ་ནི་རིག་གཞུང་ཚན་ཁག་དང་། ལས་ཁུངས་མང་པོའི་མཁས་དབང་གིས་མཉམ་འབྲེལ་ཐོག་ཁུངས་འཚོལ་ར་སྤྲོད་བྱས་པ་དང་། ཐུན་མོང་ཐོག་གཏན་འཁེལ་བྱས་པའི་ཐོག་ནས་ཞིབ་འཇུག་མཇུག་སྡོམ་གྱི་གཟབ་ནན་རང་བཞིན་དང་། དངོས་ཡོད་རང་བཞིན། ཁུངས་བཙན་རང་བཞིན་བཅས་གང་ལེགས་མངོན་ཡོད།

ཇོ་རུའི་ཕྲུ་མ་སྦས་སའི་རྡོ་མཁར།
མཇུག་བསྡུའི་གཏམ།
སྤྱིར་ལོ་རྒྱུས་སྐོར་ངོས་འཛིན་གཅིག་གྱུར་བྱ་རྒྱུ་ནི་ཐེངས་གཅིག་ལ་འགྲུབ་པ་ཞིག་མིན་པར། དེ་ནི་ཡང་སྐོར་བསྐྱར་སྐོར་གྱི་ངོས་འཛིན་གོ་རིམ་བརྒྱུད་དགོས་པ་ཞིག་ཡིན། ལོ་རྒྱུས་ངོས་འཛིན་བྱས་པའི་བདེན་པའི་རང་བཞིན་ཡང་བལྟོས་བཅས་ཤིག་ཡིན། འོན་ཀྱང་ལོ་རྒྱུས་དཔྱད་ཡིག་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་། ལོ་རྒྱུས་ལྟ་བ་ཡར་རྒྱས་འགྲོ་བ། མིའི་རིགས་ཀྱི་ངོས་འཛིན་ནུས་པ་མཐོ་རུ་འགྲོ་བ་དང་ཆབས་ཅིག་ངོས་འཛིན་གསར་པ་ལོ་རྒྱུས་ཀྱི་དོན་དངོས་དང་ཐག་ཇེ་ཉེར་ཕྱིན་ཏེ། བལྟོས་བཅས་ཀྱི་བདེན་པ་ནས་བལྟོས་མེད་ཀྱི་བདེན་པར་རིམ་བཞིན་འགྱུར་བ་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་ངོས་འཛིན་ནི་བལྟོས་བཅས་བདེན་པ་དང་བལྟོས་མེད་བདེན་པའི་རྩོད་སྒྲུབ་གཅིག་གྱུར་ཞིག་ཡིན། དེར་བརྟེན། མིའི་རིགས་ཀྱིས་ལོ་རྒྱུས་ལ་ངོས་འཛིན་བྱ་རྒྱུ་ནི་མུ་མཐའ་མེད་པ་ཞིག་ཡིན་ཞིང་། ལོ་རྒྱུས་ཞིབ་འཇུག་དང་། ལོ་རྒྱུས་ལ་སློབ་སྦྱོང་བྱ་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགྱུར་མེད་བརྗོད་གཞི་ཞིག་ཡིན།
《 གླིང་གེ་སར་རྒྱལ་པོའི་སྒྲུང་》གི་ངོས་ནས་བཤད་ནའང་། གླིང་རྗེ་གེ་སར་རྒྱལ་པོའི་སྒྱུ་རྩལ་གྱི་གཟུགས་བརྙན་ཐད་མངོན་གསལ་ཆེ་བའི་ཁྱད་ཆོས་ཤིག་ཡོད་པ་སྟེ། མིའི་ངོ་བོ་དང་ལྷའི་ངོ་བོ་གཉིས་ཟུང་དུ་འབྲེལ་བ་དེ་ཡིན། ངོ་བོ་གཉིས་ཟུང་དུ་འབྲེལ་བ་དེ་ཕྱོགས་གཅིག་ནས་དམངས་ཁྲོད་སྒྱུ་རྩལ་པ་དང་རིག་གནས་པས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ནང་གི་མི་སྣ་གཙོ་བོར་མ་དཔེ་བྱས་ནས་སྒྱུ་རྩལ་གཟུགས་བརྙན་ལ་སྦྱར་བའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་སྐབས་དེའི་སྤྱི་ཚོགས་ལོ་རྒྱུས་ཆ་རྐྱེན་འོག་ལྡོག་མེད་ཆོས་ཉིད་ཀྱང་ཡིན། འདིའི་སྐོར་རང་རེ་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཕྲན་བུ་ཡོད་མཁན་གྱི་ངོས་ནས་བཤད་ན་རྟོགས་སླ་བ་ཞིག་ཡིན། ལོ་རྒྱུས་ཐོག་གི་དངོས་དོན་མི་སྣ་མང་པོ་ཞིག་ལོ་རྒྱུས་ཡིག་ཆ་ཁག་གི་ནང་རང་ཤུགས་སུ་ལྐོག་གྱུར་གྱི་ཆོས་ལུགས་ཀྱི་རྟགས་མཚན་ཞིག་བརྒྱབ་ཡོད་པ་གསལ་པོ་ཡིན་པས། གླིང་རྗེ་གེ་སར་རྒྱལ་པོ་དཔའ་བོའི་མི་སྣ་ཞིག་ཡིན་པའི་ངོས་ནས་མི་དང་ལྷའི་ངོ་བོ་གཉིས་ལྡན་པ་ཡང་དམིགས་བསལ་ཞིག་ག་ལ་ཡིན།
དེ་ལྟར《གླིང་གེ་སར་རྒྱལ་པོའི་སྒྲུང་》གི་བརྗོད་བྱའི་མི་སྣ་གཙོ་བོ་གེ་སར་རྒྱལ་པོ་གང་དེ་རྩོམ་རིག་བརྩམ་བྱ་ཞིག་གི་སྒྱུ་རྩལ་གྱི་གཟུགས་བརྙན་ཞིག་ཡིན་ནམ། ཡང་ན་བོད་རིགས་སྤྱི་ཚོགས་ཁྲོད་ཀྱི་སྐྱེ་བོ་ཆེ་གེ་མོ་ཞིག་དང་ཡང་ན་མི་སྣ་འགའ་ཤས་ཀྱི་མ་དཔེ་བྱས་ནས་སྒྱུ་རྩལ་གྱི་མི་སྣའི་གཟུགས་བརྙན་བཟོས་པ་ཡིན་ནམ་ཞེ་ན། རང་ཉིད་ཀྱི་ལྟ་བ་མདོར་དྲིལ་ན། 《 གླིང་གེ་སར་རྒྱལ་པོའི་སྒྲུང་》དེ་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་རིག་གནས་མཚོན་པའི་རླབས་ཆེན་གྱི་བྱུང་བརྗོད་སྙན་ངག་ཅིག་ཡིན། དོན་སྙིང་འདིའི་ཐོག་ནས་བཤད་ན། དེ་ནི་རྩོམ་རིག་གི་བརྩམས་བྱ་ཁོ་ན་ཞིག་མ་ཡིན་པར། ལོ་རྒྱུས་ཀྱི་དོན་དངོས་ངེས་ཅན་ལྡན་པའི་བོད་རིགས་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་དུས་མཚམས་རིང་པོ་ཞིག་གི་སྤྱི་ཚོགས་རྣམ་པ་མཚོན་པའི་བརྩམས་བྱ་ཞིག་ཡིན། དེ་ཡང་རྒྱལ་ཁབ་གང་ཞིག་དང་མི་རིགས་གང་ཞིག་ཡིན་རུང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། སྤྱི་ཚོགས་དེའི་རྣམ་པ་དང་སྤྱི་དམངས་ཀྱི་འདུ་ཤེས་མི་མཚོན་པའི་སྐྱེ་བོ་ཞིག་གནས་ཐབས་བྲལ་ཞིང་། ལྷག་པར་དུ་དཔེ་མཚོན་གྱི་མི་སྣ་གནས་པ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན། གལ་སྲིད་དེ་ལྟར་ཡིན་ན། ནགས་ཚལ་ཡོད་པ་ལས་ཤིང་སྡོང་མེད་པ་ལྟ་བུ་མ་ཡིན་ནམ། རང་རྒྱལ་གྱི་རྩོམ་རིག་གྲགས་ཅན་དཔེར་ན《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》དང་། 《 ཆུ་ངོགས་གཏམ་རྒྱུད》 ལྟ་བུར་མཚོན་ན་ལོ་རྒྱུས་ཀྱི་དོན་རྐྱེན་ཡོད་པར་མ་ཟད་སྐྱེ་བོ་དེ་དག་དངོས་དོན་ཡོད་པ་ཞིག་ཀྱང་ཡིན། ཐ་ན་ལྷ་རབས་གཏམ་རྒྱུད་ལྟ་བུ《 ནུབ་བསྐྱོད་ཟིན་ཐོ》 ཞེས་པའང་དེ་ལྟར་ཡིན་ཞིང་། དེའི་ནང་གི་ཐང་སན་བླ་མ་ཞེས་པ་ནི་ལོ་རྒྱུས་མི་སྣ་ཞོན་ཙང་མ་དཔེ་བྱས་ནས་གསར་རྩོམ་བྱས་པའི་སྒྱུ་རྩལ་གྱི་གཟུགས་བརྙན་ཞིག་ཡིན། འོན་ཀྱང་ལོ་རྒྱུས་ཀྱི་མི་སྣ་དེ་དག་དང་རྩོམ་པ་པོས་ལས་སྣོན་གསར་རྩོམ་བྱས་པའི་མི་སྣའི་གཟུགས་བརྙན་གཉིས་གཅིག་མཚུངས་སུ་བརྩིས་ན་ག་ལ་འགྲིག
མདོར་ན། གླིང་གེ་སར་གྱི་འཁྲུངས་ཡུལ་དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་རྩྭ་ཐང་དུ་ཡིན་པར་ངེས་གཏན་ཁེལ་བའི་མཇུག་བསྡོམས་བཟོས་པ་ནི། བོད་རིག་པ་དང་། གླིང་སྒྲུང་རིག་པའི་ཁྱབ་ཁོངས་ནང་རིགས་གཞུང་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། གླིང་གེ་སར་གྱི་འབྱུང་ཁུངས་དང་། གླིང་སྒྲུང་གི་ལོ་རྒྱུས་རིན་ཐང་སྔོག་འདོན་བྱ་རྒྱུར་ཁུངས་བཙན་གྱི་དཔྱད་གཞི་མཁོ་འདོན་བྱས་ནས། གླིང་རྗེ་གེ་སར་རྒྱལ་པོ་རྩོམ་རིག་གི་གཟུགས་སུ་བཀོད་པའི་སྣང་བརྙན་ཞིག་མ་ཡིན་པར་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་ཕེབས་མྱོང་བའི་དཔའ་བོ་མཁས་མཛངས་བརྟུལ་ཕོད་ཅན་རླུང་ལྟར་གྲགས་པ་ཞིག་ཡིན་པའི་ཐོབ་ཐང་སླར་གསོ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བ་ཡིན།
དེ་ཡང་ཁོ་མོས་རང་ཉིད་ཤེས་རྒྱ་ཆུང་ཞིང་འཇོན་ནུས་ཞན་པར་མི་ལྟ་བར་གོང་གསལ་གླིང་གེ་སར་གྱི་འཁྲུངས་ཡུལ་དང་དེ་བཞིན་གང་དེའི་ལོ་རྒྱུས་དང་འབྲེལ་བའི་དོགས་གཞི་དེ་དག་རིགས་པས་སྒྲུབ་ཁུལ་བྱས་པ་འདིས་ཀྱང་གླིང་གེ་སར་གྱི་ལོ་རྒྱུས་ཇི་བཞིན་མངོན་པར་བྱེད་པར་དཔྱད་ཡིག་ཁ་སྣོན་ཡོང་བའི་སྐུལ་སློང་ལ་བརྟེན་དཔྱད་གཞིའི་ཚུལ་དུ་ཕུལ་བ་རེ་ཞིག་རྫོགས་སོ། ། །