གླིང་གེ་སར་དངོས་མང་བཤམས་སྟོན་ཁང་།
ནང་དོན་གནད་བསྡུས།
དེ་ཡང་སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་གླིང་གེ་སར་འཁྲུངས་ཡུལ་དངོས་ཡིན་པར་དཔྱད་པ་ཞེས་པའི་རྩོམ་འདིའི་ནང་དུ་འཁྲུངས་གླིང་མེ་ཏོག་ར་བ་གླིང་ཚང་ཤིང་པར་མའི་ནང་དུ། ས་འདི་སྐྱིད་སོས་ཡག་གི་མདོ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །ཅེས་བསྟན་པའི་ས་སྐྱིད་སོས་ཡག་གི་ཁ་མདོའི་རི་ཆུ་ཐང་གསུམ་སོགས་ཀྱི་བཀོད་པ་དང་། ད་ལྟའི་ཡུལ་དངོས་ཀྱི་གནས་སྟངས་གཉིས་ཆ་མཚུངས་ཤིང་། གཞན་ཡང་སྔོན་གྱི་ཡིག་རྙིང་དང་། གེ་སར་འབྲེལ་ཡོད་གནའ་ཤུལ། གེ་སར་ཆོས་སྐོར། ད་ཡོད་ཤུལ་བཞག་རིག་དངོས། གོང་རིམ་གྱི་ཆེད་མཁས་ཚན་ཆུང་སོ་སོས་དཔྱད་ཞིབ་བྱས་པའི་གྲུབ་འབྲས་སོགས་ཀྱི་བདེན་དཔང་ཕུན་སུམ་ཚོགས་པ་མཆིས་པས། སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་གེ་སར་འཁྲུངས་ཡུལ་དངོས་ཡིན་པར་ངོ་གནོང་མི་དགོས་པ་ཞིག་ཡིན་སྐོར་ཞིབ་བརྗོད་བྱས་ཡོད།
གཅིག །གེ་སར་སྒྲུང་རྙིང་ནང་གི་བདེན་དཔང་།
དེ་ཡང་གླིང་གེ་སར་འཁྲུངས་ཡུལ་སྐོར་ལས་གླིང་སྒྲུང་རྙིང་པ་འགའ་རུ་ཅུང་གསལ་བར་བཤད་ཡོད་ལ། འཁྲུངས་གླིང་མེ་ཏོག་ར་བ་གླིང་ཚང་ཤིང་པར་མའི་ནང་དུ། ས་འདི་སྐྱིད་སོས་ཡག་གི་མདོ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །ཅེས་བསྟན་པའི་ས་སྐྱིད་སོས་ཡག་གི་ཁ་མདོའི་རི་ཆུ་ཐང་གསུམ་སོགས་ཀྱི་བཀོད་པ་དང་། ད་ལྟའི་ཡུལ་དངོས་ཀྱི་རི་ཡི་དབྱིབས་དང་། ཆུ་ཡི་འབབ་སྟངས། ལུང་པའི་ཁ་ཕྱོགས། བྲག་རིའི་ཚུགས་ཀ་བཅས་ཀྱིས་སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་འཆུག་ཏུ་མེད་པའི་གླིང་གེ་སར་འཁྲུངས་ཡུལ་ཡིན་པའི་བདེན་དཔང་བྱས་ཡོད།
གཉིས། འབྲེལ་ཡོད་ཡིག་རྙིང་ནང་གི་བདེན་དཔང་།
སི་ཏུ་པཎ་ཆེན་རང་རྣམ་ལས། ལྕི་མདའ་སྟེ་གླིང་རྗེ་གེ་སར་འཁྲུངས་པའི་གནས་ཡིན་ཞེས་པ་དེར་ཨ་ཕྱུག་གི་འབྲོག་པ་ཚོ་དང་། སྟག་དགོན་པའི་ཁྲོད་དུའང་རིབ་ཙམ་བཅས་སྔ་མ་བཞིན་ཁྲོམ་དབང་དགེ་བསྐུལ་ཞྭ་དམར་བགོ་བ་སོགས་ཅི་ལྕོགས་ཅི་ནུས་བྲེལ་བྲེལ་ཚུབ་ཚུབ་བགྱིས། ཚུར་ཡང་སྦྱིན་བདག་དང་མོས་ཆེ་ཆུང་ཐམས་ཅད་འུར་ལངས་ནས་སྦྱིན་རྒྱུ་གང་རྙེད་བསྟབ་པས་ཟང་ཟིང་གི་མགོ་འཁོར་བ་བྱུང་། ལྕི་མདའ་ནས་ཝ་ཤུལ་ཐར་པ་འབུམ་གྱི་ཤོག་པ་མགོ་ཚ་བླ་མ་བཅས་ཀྱིས་ནན་གྱིས་བོས་ནས་ལྕིའི་ཕུ་ལག་ཡང་འཛོམ་ཟེར་བ་ཞིག་ཏུ་ཕྱིན་སོ་སོའི་འདོད་སྐོང་རྗེས་གནང་སོགས་བགྱིས་ཡོན་མང་དུ་བསྟབས་པ་དང་དུ་བླངས། ཞེས་དང་། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རང་རྣམ་རང་ཚུལ་ལྷུག་པར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ་ཞེས་བྱ་བ་ལས། སྒྲུང་མཁན་རྣམས་ཀྱི་ངག་ལས་བྱུང་བའི། ཡ་ད་སྐྱི(སྐྱིད་དམ་ལྕི)ལ་མ་ད་སོས་ཟེར་བའི་ས་ཕྱོགས། གླིང་རྗེ་གེ་སར་རྒྱལ་པོ་སྐུ་བལྟམས་པའི་ཤུལ་གྱི་སྐྱི་མདར་དབང་ཆོས་ཡུན་རིང་ཙམ་བགྱིས། ཞེས་དང་ཡང་དེར། སོས་མདར་ཞག་བཅུ་སྐོར་གྱི་རིང་སྟག་དགོན་པ་རྣམས་ལ་ཁྱིམ་འབེབས་འབུལ་བསྙེན་དབང་ཆོས་བྱིན་རླབས་བཀའ་བསྒོ་བསྔོ་སྨོན་སོགས་གང་ལ་གང་འདོད་ཡིད་རངས་བ་བགྱིས། ཨ་མྱེ་སྟག་རེའི་མདུན་དུ་སྟག་དགོན་པས་བསང་རི་ཁྲུས། བུ་རྟ་རྣམས་དགྲ་ལྷ་དཔང་བསྟོད་དང་། སོས་མདར་བོད་ཡུལ་འདིར་དྲིན་ཆེན་དུ་གོ་བའི་གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཁྲུངས་པའི་སར་བསྟན་དང་སེམས་ཅན་ཡོངས་ལ་བདེ་ལེགས་དཔལ་འབྱོར་ཡུན་དུ་གནས་པའི་མོས་འདུན་འདོད་གསོལ་འཕྲིན་བཅོལ་དང་བཅས་རང་གི་ཡིད་ངོར་གང་ཤར་བཟོ་མེད་ཀྱི་བསང་ཞིག་ཤར་བྲིས་སུ་བཏབ་པའི་བསང་རི་ཁྲུས་རླུང་བསྐྱེད་ཅོད་པན་བཅས་བཙུགས་ནས་བཀྲ་ཤིས་པའི་དགའ་སྟོན་སོགས་བྱས། ཞེས་དང་སུམ་པ་ཡེ་ཤེས་དཔལ་འབྱོར་ལགས་ཀྱིས་གླིང་གེ་སར་དེ་སྐྱེས་ཡུལ་ནི། བར་ཁམས་སྟོད་དུ་མས་ནས་ཡར་ལ་རྨ་ཆུ་རྫ་ཆུ་འབྲི་ཆུ་གསུམ་ཡོད་པའི་ནང་ནས། བར་བ་རྫ་ཆུ་ལ་སྐྱིའི་གཞུང་དང་ཚུ་ལུང་བའི་ཆུ་གཉིས་དང་གསུམ་འདུས་ཀྱི་མདོ་ཡིན་ཞིང་། དེ་ནི་སྡེ་དགེའི་ཕོ་བྲང་གི་གཡོན་དངོས་ཀྱི་སྡེ་དགེའི་སའི་ཆར་གཏོགས་ལ། དེ་སྐྱེས་ས་དངོས་ནི་ཕུ་ན་མཚོ་ཆུང་མེ་ལོང་འདྲ་བ་དང་མདོ་ན་ཆུ་གཉིས་འདུས་པ་དང་བྲག་རི་ཆུང་ངུ་ཟུར་བཞི་པ་ཡོད་པའི་བར་དུ་སྤང་ཐང་གདན་བཏིང་ཡོད་དེ། །དེ་ན་ལྗོན་པ་ཆིག་སྐྱེས་དང་དེའི་ཕ་མའི་རེ་སྦྲ་ཕུབས་ཤུལ་གྱི་བྲག་ལེབ་ཡོད་ཅིང་གནས་དེ་ལ་སྐྱིད་ཉི་མ་ཀུན་འཁྱིལ་ཟེར་སྐད། ཅེས་སོགས་གསུངས་པ་འདི་དག་ནི་གླིང་གེ་སར་འཁྲུངས་ཡུལ་སྐོར་གྱི་སྒྲུབ་བྱེད་ནུས་པ་ཆེ་ཤོས་ཡིན་ནོ། །
གསུམ། ཨ་ཕྱུག་རྩྭ་ཐང་གི་གེ་སར་གནའ་ཤུལ་སྐོར་གྱི་བདེན་དཔང་།
ད་ལྟ་དངོས་སུ་མཐོང་དུ་ཡོད་པའི་ཇོ་རུའི་ཕྲུ་མ་སྦས་པའི་རྡོ་མཁར་དང་། རྐྱང་རྒོད་འཕེལ་པོའི་རྨིག་རྗེས། ཇོ་རུ་བྲག་ལ་བརྡབས་ཤུལ། རྒྱ་བཟའི་སྦྲ་མལ། རྒྱ་བཟའི་བེའུ་འཚོ་ཡུལ། རྒྱ་བཟའི་ལྷས་མལ། ཇོ་རུས་བསང་ཁྲི་བརྩིགས་པའི་རྗེས། སྦྲུལ་བདུད་བཏུལ་བའི་ཤུལ། སྐྱ་ལོའི་མཚེར་ཤུལ། ཨ་མྱེ་སྒོམ་པ་ར་ཛའི་སྒྲུབ་གནས། ཇོ་རུས་ཨ་མྱེ་བསྒྲལ་དུས་ཀྱི་སྒྲུབ་ཕུག །ཇོ་རུས་སྲིན་མོ་བུ་ཟན་བསླུ་ས། བློན་ཆེན་འདན་མས་དབུ་རྨོག་ཕུད་སའི་རྡོ་ཡི་མཎྜལ། འགོག་མོའི་རྟ་ར། རྒོ་འདྲེ་བསེ་རག་སྤུན་གསུམ་བསད་ས་སོགས་ཇོ་རུ་སྐུ་ན་གཞོན་དུས་ཀྱི་མཛད་པ་སྐྱོང་མྱངས་བའི་ངོ་མཚར་ཅན་གྱི་གནའ་ཤུལ་གྲགས་ཅན་མང་པོ་དང་། དེ་དང་འབྲེལ་བའི་ངག་རྒྱུན་གཏམ་རྒྱུད་གང་མང་ཞིག་མཆིས་པས། སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་སྙོན་དུ་མེད་པའི་གླིང་གེ་སར་འཁྲུངས་ཡུལ་ཡིན་པ་བདེན་དཔང་བྱས་ཡོད།
བཞི། ཨ་ཕྱུག་རྩྭ་ཐང་ནས་དམ་པ་གོང་མས་མཛད་པའི་གེ་སར་ཆོས་སྐོར་གྱི་བདེན་དཔང་།
ཀརྨ་པཀྵི་ཡིས་བརྩམས་པའི་སེང་ཆེན་སྐྱེས་བུ་དོན་གྲུབ་ལ་བསང་མཆོད་འབུལ་ཚུལ་ཞེས་པ་དང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྐུ་རྗེ་གེ་སར་བསང་མཆོད་དགོས་འདོད་ཆར་འབེབས། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་ཡིས་དགྲ་བླའི་རྒྱལ་པོའི་གསོལ་མཆོད་གསར་མཛད་དང་།འཛི་སྒར་རིག་འཛིན་རྡོ་རྗེ་དྲག་པོ་ཡི་ཝེར་མ་དཀར་པོའི་མཆོད་སྒྲུབ་འདོད་གསོལ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཡིས་གེ་སར་བསང་གསོལ་དང་། གེ་སར་སྒྲུབ་ཕྲིན་སྐོར་གྱི་ཐུགས་གཏེར་ཕབ་པས། གླིང་གེ་སར་ཕུ་ནུ་གཙོ་འཁོར་དང་། རྨ་རྒྱལ་སྤོམ་ར་འཁོར་བཅས་ཀྱིས་ཞལ་གཟིགས་ཏེ། རྨ་རྒྱལ་སྤོམ་རས་ཨོ་རྒྱན་སྒོམ་ཞུ་ཁྲ་ཆུང་ཕུལ། གཞན་ཡང་རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང་། ཚབ་ཚ་སྒྲུབ་སྤྲུལ། མི་ཕམ་རྣམ་རྒྱལ། འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་རིག་འཛིན་གྲུབ་པའི་སྐྱེས་མཆོག་དུ་མས་གནས་འདི་ནས་གེ་སར་དགྲ་ལྷའི་རྒྱལ་པོར་མཆོད་བསྟོད་མཛད་པའི་ཚེ་གྲུབ་པའི་མཚན་མ་སྣ་ཚོགས་པ་བྱུང་བའི་ལོ་རྒྱུས་ཧ་ཅང་མང་བས། སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་ངོ་གནོང་མི་དགོས་པའི་གླིང་གེ་སར་འཁྲུངས་ཡུལ་ཡིན་པ་བདེན་དཔང་བྱས་ཡོད།
ལྔ། ཨ་ཕྱུག་རྩྭ་ཐང་དུ་ཡོད་པའི་གེ་སར་འབྲེལ་ཡོད་རིག་དངོས་ཀྱི་བདེན་དཔང་།
སྐྱ་ལོའི་ཁྱེའུ་འབྲུག་རྒྱལ་གྱི་སྐུ་སྐྱེ་འདོད་པའི་དཔལ་རྒྱལ་སྤྲུལ་སྐུ་མཆོག་གིས་ཐུགས་འགན་ཆེར་བཞེས་ཀྱིས་བྲག་སྦལ་བ་འདྲ་བའི་ཉེ་འགྲམ་དུ་གླིང་གེ་སར་རྗེས་དྲན་ཁང་དང་། གསེར་ཟངས་ལས་གྲུབ་པའི་གླིང་གེ་སར་ནོར་བུ་དགྲ་འདུལ་གྱི་སྐུ། གླིང་གི་ལྷ་བརྒྱད། གླིང་གི་དཔའ་རྟུལ་སུམ་ཅུ། གླིང་གི་མ་སྲུ་མོ་སྨན་སོགས་ཀྱི་སྐུ་བརྙན་ངོ་མཚར་ཅན་མང་པོ་བཞེངས་པ་དང་། ལྷ་ཁང་དེར་གླིང་རྗེའི་སྦ་ལྕག་དང་། བ་སོའི་ཕྱག་ཐམ། སྐྱ་ལོ་སྟོན་པའི་མགུལ་རྒྱན། སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ལྡོང་གི་མ་ཡིག་ལུང་བསྟན། གླིང་ཆོས་ལ་འཕན་གྱི་ལས་ཐམ་ཁམས་གསུམ་ཟིལ་གནོན་ལ་སོགས་པ་རིག་དངོས་རྩ་ཆེན་མང་པོ་བཞུགས་པ་དང་། ད་དུང་གླིང་རྒྱལ་བློན་དཔའ་རྟུལ་མོ་སྨན་བཅས་པའི་གོ་ཁྲབ་མཚོན་ཆ་གཙོས་ཡོ་བྱད་སྣ་ཁ་སྟོང་ཚོ་གཅིག་ལས་བརྒལ་བ་ཡོད་པས། སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་གནའ་དེང་གཉིས་ཀྱི་ལོ་རྒྱུས་ལྡན་པའི་གེ་སར་འཁྲུངས་ཡུལ་ཡིན་པ་བདེན་དཔང་བྱས་ཡོད།
དྲུག །ཨ་ཕྱུག་རྩྭ་ཐང་གི་གེ་སར་འབྲེལ་ཡོད་ཀྱི་བྱེད་སྒོ་གཙོ་བོའི་བདེན་དཔང་།
2019ལོར། རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་། སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གཉིས་ཀྱིས་ཁྲིད་སྟོན་དང་། དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་དང་། སྡེ་དགེ་རྫོང་། ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་གླིང་གེ་སར་འཁྲུངས་ཡུལ་དུ་བསྐྱོད་ནས། གླིང་གི་རྗེས་ཤུལ་འཚོལ་བའི་བྱེད་སྒོའི་ཐོག་མའང་གནས་འདི་ནས་སྤེལ་ཡོད་པས། སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་རྒྱལ་ཁབ་ཀྱི་རིམ་པ་སོ་སོས་གཏན་ཁེལ་བྱས་པའི་གླིང་གེ་སར་འཁྲུངས་ཡུལ་ཡིན་པ་བདེན་དཔང་བྱས་ཡོད།

ཇོ་རུས་བདུད་ཨན་དྭངས་རུ་ཏྲ་བཏུལ་སའི་ལྕིའི་སྨན་ལུང་ཕྱུག་མོ།
བདུན། མཇུག་བསྡུ་བ།
སྡེ་དགེ་ཨ་ཕྱུག་རྩྭ་ཐང་ནི་གླིང་གེ་སར་འཁྲུངས་ཡུལ་དངོས་ཡིན་པར་དཔྱད་པ་ཞེས་པའི་རྩོམ་འདིའི་ནང་དུ་ཨ་ཕྱུག་རྩྭ་ཐང་ནི་གླིང་གེ་སར་འཁྲུངས་ཡུལ་དངོས་ཡིན་པའི་བདེན་དཔང་ལ། འཁྲུངས་གླིང་མེ་ཏོག་ར་བ་ལ་སོགས་པའི་སྒྲུང་རྙིང་ནང་གི་བདེན་དཔང་དང་། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རང་རྣམ་རང་ཚུལ་ལྷུག་པར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ་ཞེས་བྱ་བ་སོགས་ཡིག་རྙིང་ནང་གི་བདེན་དཔང་། ཨ་ཕྱུག་རྩྭ་ཐང་གི་ཇོ་རུའི་ཕྲུ་མ་སྦས་པའི་རྡོ་མཁར་གཙོས་གེ་སར་གནའ་ཤུལ་སྐོར་གྱི་བདེན་དཔང་། ཨ་ཕྱུག་རྩྭ་ཐང་ནས་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མཛད་པའི་གེ་སར་བསང་གསོལ་སོགས་དམ་པ་གོང་མས་མཛད་པའི་གེ་སར་ཆོས་སྐོར་གྱི་བདེན་དཔང་། ཨ་ཕྱུག་རྩྭ་ཐང་དུ་ཡོད་པའི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ལྡོང་གི་མ་ཡིག་ལུང་བསྟན་སོགས་འབྲེལ་ཡོད་རིག་དངོས་སྐོར་གྱི་བདེན་དཔང་། ཨ་ཕྱུག་རྩྭ་ཐང་དུ་གླིང་གི་རྗེས་ཤུལ་འཚོལ་བའི་བྱེད་སྒོ་ཐོག་མ་སྤེལ་བ་སོགས་གེ་སར་འབྲེལ་ཡོད་ཀྱི་བྱེད་སྒོ་གཙོ་བོའི་བདེན་དཔང་བཅས་ནང་གསེས་དོན་ཚན་དྲུག་གི་ཐོག་ནས་དཔྱད་ཞིབ་བྱས་ཡོད་ལ། དེ་ཡང་སྔོན་གྱི་འབྲེལ་ཡོད་ཡིག་རྙིང་རྣམས་གཞིར་བཟུང་ཞིང་། ད་ལྟའི་ས་གནས་ཡུལ་མིའི་ངག་རྒྱུན་གཏམ་རྒྱུད་ཀྱིས་ཟུར་རྒྱན་ཏེ་བྲིས་པ་ཡིན་པས་དཔྱོད་ལྡན་སྨྲ་བའི་འབབ་སྟེགས་ཤིག་ཏུ་འགྱུར་བར་སྨོན་ནོ། །