
མིང་གི་དུས་སུ་གླིང་ཚང་ལ་དཔོན་གནས་སྤྲད་པའི་བཀའ་ཤོག། ཡོང་ཁུངས། དཀར་མཛེས་ཁུལ་ཡིག་ཚགས་ཁང་།
གླིང་དང་གླིང་དཀར། གླིང་གེ་སར་དང་གླིང་ཚང་རྒྱལ་པོའི་སྐོར་དེ་ལོ་རྒྱུས་ཡིག་ཚང་ཁག་ནང་བཤད་ཚུལ་ཅུང་མི་འདྲ་བ་རེ་འབྱུང་བཞིན་ཡོད་རུང་། རྒྱལ་ཕྱི་ནང་གི་ཆེད་མཁས་པ་མང་ཆེ་ཤོས་ཀྱིས་གླིང་དང་། གླིང་སྒྲུང་ནང་གི་གླིང་གེ་སར་རྒྱལ་པོ། གླིང་ཚང་རྒྱལ་པོ་ཞེས་པ་སོགས་ཁམས་ཕྱོགས་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱངས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།
སྤྱིར་གླིང་དང་གླིང་གེ་སར་རྒྱལ་པོའི་སྐོར་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་གླིང་གེ་སར་སྒྲུང་ནང་བཀོད་པ་མང་བས་འདི་བསྐྱར་བཟློས་སུ་དོགས་ནས་མང་པོར་བཀོད་པའི་ངལ་བར་མ་བརྩོན། དེ་ལས་རྒྱ་ཡིག་ཡིག་ཚང་ལྟར་ན་ཐང་། སུང་། ཡོན། མིང་། ཆིང་གི་དུས་སྐབས་སོ་སོར་གླིང་ཚང་ཁྱིམ་རྒྱུད་ལ་དཔོན་གནས་མང་དག་བསྐོས་ཚུལ་བཀོད་འདུག་པས་གླིང་ཚང་རྒྱལ་པོའམ་གླིང་ཚང་ཁྱིམ་རྒྱུད་ཀྱིས་ཁམས་ཕྱོགས་ཀྱི་ལོ་རྒྱུས་དང་ཆབ་སྲིད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་ངེས་པས་རྒྱ་ཡིག་ཡིག་ཚང་གི་དཔྱད་གཞི་འདི་དག་གལ་ཆེན་དུ་སེམས་ནས་འོག་ཏུ་གཙོ་བོར་རྒྱ་ནག་ཡིག་ཚང་ནང་འཁོད་པའི་གླིང་ཚང་གི་ཁྱིམ་རྒྱུད་ཀྱིས་ལོ་རྒྱུས་ཐོག་གོ་གནས་ཅི་འདྲ་ཞིག་བཟུང་ཡོད་པའི་སྐོར་ཅུང་ཙམ་དཔྱད་པ་དང་། གླིང་ཚང་གི་གདུང་རབས་སོ་བརྒྱད་པ་གདོང་ཆོས་འཕེན་ནག་པོ་ནས་ད་ལྟ་དངོས་སུ་སྐུ་འཚོ་ཞིང་བཞུགས་ཡོད་པའི་གླིང་ཚང་གདུང་རབས་རེ་དྲུག་པ་ངག་དབང་ཕུན་ཚོགས་སྟོབས་ལྡན་དབང་རྒྱལ་བར་མིང་རེ་རེ་བཞིན་བཀོད་ནས་གདུང་རབས་སོ་སོའི་མཛད་པ་གནད་བསྡུས་ཟུར་མཆན་དུ་བཀོད་ཡོད།

ཐང་གི་དུས་ཀྱི་ས་ཁྲའི་ནང་དུ་ད་ལྟའི་སྡེ་དགེ་རྫོང་གི་འགུ་ཟི་ལ“གླིང་”ཞེས་བྲིས་འདུག

སུང་གི་ས་ཁྲ་ནང་དུ“གླིང་ཡུལ”ཞེས་འཁོད་ཡོད་པ།

མིང་གི་ས་ཁྲ་ནང་དུ“གླིང་ཚང་”ཞེས་འཁོད་ཡོད་པ།

ཡོན་གྱི་ས་ཁྲ་ནང་དུ“གླིང་དཀར”ཞེས་འཁོད་ཡོད་པ།

ཡོན་གྱི་ས་ཁྲ་ནང་དུ“གླིང་དཀར”ཞེས་འཁོད་ཡོད་པ།
ཐང་གི་དུས་ནས་གླིང་ཞེས་པའི་ས་ཆ་ཞིག་ཡོད་ཚུལ་རྒྱ་ཡིག་ཡིག་ཚང་ནང་བཀོད་འདུག
རྒྱ་ཡིག་ཡིག་ཚང་གལ་ཆེན《ཀྲུང་གོའི་ལོ་རྒྱུས་ས་ཁྲ་ཕྱོགས་བསྒྲིགས》 (中国历史地图集)ནང་བཀོད་པ་ལྟར་ན། ཐང་རྒྱལ་རབས་དུས་ནས་འདན་མ་དང་ཐག་ཉེ་བའི་ས་ཆ་སྟེ་ད་ལྟའི་སྡེ་དགེ་རྫོང་གི་འགུ་ཟི་ཡུལ་ཤོག་ཕྱོགས་སུ་གླིང་ཞེས་པའི་ས་མིང་ཞིག་ཡོད་པ་ས་ཁྲའི་ནང་གསལ་པོར་བཀོད་འདུག ། 《 ཀྲུང་གོའི་ལོ་རྒྱུས་ས་ཁྲ་ཕྱོགས་བསྒྲིགས》ཞེས་པ་དེ་ནི་ཧྲང་ཧེའི་ཧྥུ་ཏན་སློབ་ཆེན་གྱི་མི་ཚེ་གཅིག་རིང་ཀྲུང་གོའི་ལོ་རྒྱུས་ས་ཁྲ་ལ་ཆེད་དུ་ཞིབ་འཇུག་གནང་མཁན་དགེ་རྒན་ཆེན་མོ་ཐན་ཆི་ཞང་(谭其骧)གིས་གཙོ་བསྒྲིགས་གནང་ཞིང་༡༩༨༡ལོར་པར་དུ་བསྐྲུན་པའི་རང་རྒྱལ་གྱི་ཚད་ལྡན་གྱི་ལོ་རྒྱུས་ས་ཁྲ་ཕྱོགས་བསྒྲིགས་པོད་བརྒྱད་ཅན་ཞིག་རེད། ཐང་གི་དུས་ཀྱི་ས་ཁྲའི་ནང་དུ་“གླིང་”སྟེ་རྒྱ་ཡིག་ལ་灵ཞེས་བྲིས་ཡོད་པ་དང་། སུང་གི་ས་ཁྲ་ནང་དུ“གླིང་ཡུལ”ཏེ་རྒྱ་ཡིག་ལ་灵域དང་། ཡོན་གྱི་ས་ཁྲ་ནང་དུ“གླིང་དཀར་”ཏེ་རྒྱ་ཡིག་ལ་灵卡དང་། མིང་གི་ས་ཁྲ་ནང་དུ“གླིང་ཚང་”སྟེ་རྒྱ་ཡིག་ལ་灵藏དང་། ཆིང་གི་ས་ཁྲ་ནང་དུ“གླིང་ཚང་”སྟེ་རྒྱ་ཡིག་ལ་林葱或岭葱、岭仓ཞེས་བྲིས་ཤིང་། རྒྱ་ཡིག་ནང་“灵、岭、林”དང་“藏、葱、仓”ཞེས་འབྲི་ཚུལ་མི་འདྲ་བ་ཁ་ཤས་བྱུང་ཡང་བོད་ཀྱི་སྐད་ཟུར་ལྟར་ན“གླིང་”དང་“ཚང་”ཡིན་པ་འཁྲུལ་མེད་རེད་སྙམ། ས་མིང་དེ་རྒྱ་ཡིག་ཡིག་ཚང་ནང་འཁོད་པར་བལྟས་ན་ད་ལྟ་སྡེ་དགེ་རྫོང་གི་འགུ་ཟི་ཡུལ་ཤོག་གི་ས་ཆ་འདི་ནི་ལོ་རྒྱུས་ཐོག་ས་གནས་གལ་ཆེན་ཞིག་ཡིན་པ་རང་ཤུགས་ཀྱིས་རྟོག་ཐུབ་ལ་བོད་ཀྱི་ཡིག་ཚང་ནང་གི་གླིང་ཚང་རྒྱལ་པོ་ཡོད་སའི་ས་གནས་ཀྱི་བཤད་སྟངས་དང་གཅིག་མཐུན་ཡང་བྱུང་ཡོད། ད་དུང་རྒྱ་ཡིག་ཡིག་ཚང་ནང་དུ་ཐང་རྒྱལ་རབས་དུས་སུ་བོད་བཙན་པོའི་དམག་དང་ལྡོང་གི་དམག་གཉིས་ཀྱིས་བ་ཡི་ལང་(白狼国)ལ་དམག་དྲངས་ཚུལ་བཀོད་ཡོད་པས་གླིང་ཚང་རྒྱལ་པོའི་རྒྱུད་པ་ཡང་སྨུག་པོ་ལྡོང་ཡིན་པས་སྐབས་དེར་དམག་དྲངས་མཁན་ཡང་གླིང་ཚང་གི་ཁྱིམ་རྒྱུད་འདི་དང་འབྲེལ་བ་ཡོད་འདུག་སྙམ།
སུང་གི་དུས་སུ་གླིང་གེ་སར་རྒྱལ་པོ་བྱུང་བ་རྒྱ་བོད་ཀྱི་ཆེད་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ཁས་ལེན་གང་ལེགས་ཐོབ།
སུང་རྒྱལ་རབས་དུས་ནི་བོད་སིལ་བུ་འཐོར་བའི་དུས་སྐབས་ཡིན་པས་ས་གནས་རེར་དཔོན་པོ་ཆུང་ཆུང་རེས་བདག་ཏུ་བཟུང་ནས་བོད་ཁམས་བཞི་འཐོར་ལྔ་འཐོར་གྱུར་ཅིང་། ཁམས་ཕྱོགས་ཀྱང་དེ་བཞིན་ནོ། །དེའི་དུས་སུ་ཁམས་ཕྱོགས་རིམ་བཞིན་གཅིག་གྱུར་བྱེད་པའི་རྒྱལ་པོ་ཞིག་བྱུང་བ་ནི་ཡོངས་གྲགས་སུ་གླིང་སྒྲུང་ནང་དང་། བོད་ཀྱི་ལོ་རྒྱུས་ཁ་ཤས་ནང་བཀོད་པའི་གླིང་གི་རྒྱལ་པོ་དེ་དག་རེད་འདུག ། བདེན་དཔང་ནི་ཐང་ནས་ཆིང་གི་བར་གླིང་ཚང་ཕྱོགས་ཀྱི་རྒྱལ་པོ་དེ་དག་ལ་སྟོབས་ཤུགས་ཆེན་པོ་ཡོད་པ་ནི་རྒྱ་བོད་ཡིག་ཚང་ཀུན་ཏུ་གསལ། སུང་གི་དུས་སུ་རྒྱ་ཡིག་ཡིག་ཚང་ནང་གླིང་གེ་སར་རྒྱལ་པོ་ཞེས་པའི་མིང་དངོས་སུ་མ་མཐོང་རུང་། 《 རླངས་ཀྱི་པོ་ཏི་བསེ་རུ》 དང་《མདོ་སྨད་ཆོས་འབྱུང་》སོགས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལྟར་ན་གླིང་ཚང་ཁྱིམ་རྒྱུད་ལ་གླིང་གེ་སར་རྒྱལ་པོ་ཞེས་པའི་མི་རིགས་ཀྱི་དཔའ་བོ་ཞིག་བྱུང་ཚུལ་བཀོད་ཡོད། རྒྱལ་སྤྱིའི་བོད་རིག་པའི་མཁས་ཆེན་ཞེ་ཙེ་ཧྥུ་ཡིས(谢泽福)གསུངས་པ་ལྟར་ན། ལོ་རྒྱུས་ཐོག་གི་གླིང་གེ་སར་རྒྱལ་པོ་དེ་གླིང་སྒྲུང་ནང་བཤད་པ་ལྟ་བུའི་རྫུ་འཕྲུལ་ཐོགས་མེད་ཅན་གྱི་མི་སྣ་ཞིག་ཡིན་མི་སྲིད། དོན་དངོས་ཀྱི་གླིང་གེ་སར་རྒྱལ་པོ་དེ་ལྷ་སྒྲུང་གིས་རྒྱས་སྤྲོས་དང་རྩོམ་རིག་གིས་རབ་བཏགས་བྱས་བཞག་པ་ཞིག་རེད། ཅེས་ཟེར། མཁས་དབང་ཧྲི་ཐའེ་ཨན(石泰安)གྱིས《བོད་ཀྱི་ལོ་རྒྱུས་དང་གེ་སར་སྒྲུང་པ་》 ཞེས་པའི་རྩོམ་ཡིག་ནང་། གླིང་གེ་སར་གྱི་སྒྲུང་དེ་གླིང་དང་དེའི་ས་གནས་ཀྱི་རྒྱལ་པོ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག་གྲུབ་པ་ཞིག་ཡིན་རུང་ཡིག་ཐོག་བཀོད་པ་དེ་ལས་ཅུང་ཕྱི། ཞེས་གསུངས། རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་ཝུན་ཡུས་ཁྲེང་(温玉成)གིས་འགུ་ཟི་དང་ཨ་ཕྱུག་སོགས་སུ་བརྟག་དཔྱད་གནང་རྗེས། ས་གནས་འདི་དག་ལ་གླིང་གི་དུས་ཀྱི་གནའ་ཤུལ་དང་ཁྲབ་རྨོག་སོགས་ཀྱི་གནའ་རྫས་འདི་འདྲའི་མང་པོ་དང་རྒྱ་ཡིག་ཡིག་ཚང་ནང་འཁོད་པའི་གླིང་ཚང་རྒྱལ་པོའི་ལོ་རྒྱུས་གོ་གནས་སོགས་ལ་གཞིགས་ན་ས་གནས་འདིར་གླིང་གེ་སར་རྒྱལ་པོ་ཞེས་པའི་མི་རིགས་ཀྱི་དཔའ་བོ་ཞིག་བྱུང་ན་འབྱུང་ཆོག་ཆོག་རེད་ཅེས་ཟེར། 2020ལོའི་ཟླ་6པའི་ཚེས་8ཉིན་སི་ཁྲོན་ཞིང་ཆེན་གྱིས་ཝུན་ཝུང་དང་སི་མ་ཞང་རུའུ། གླིང་གེ་སར་རྒྱལ་པོ་སོགས་མི་སྣ་བཅུ་སི་ཁྲོན་གྱི་ཐེངས་གཉིས་པའི་སི་ཁྲོན་ལོ་རྒྱུས་མི་སྣའི་མིང་ཐོའི་ནང་དངོས་སུ་ཚུད་པའི་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ཐེངས་དང་པོ་ས་གནས་སྲིད་གཞུང་གིས་གླིང་གེ་སར་རྒྱལ་པོ་དེ་དངོས་ཡོད་ལོ་རྒྱུས་མི་སྣ་ཞིག་ཡིན་པའི་ཁས་ལེན་ཐོབ་པ་རེད།
ཡོན་གྱི་དུས་སུ་གླིང་ཚང་རྒྱལ་པོ་ལ་མདོ་ཁམས་དཔོན་གྱི་ཆོ་ལོ་གནང་།
ཡོན་གྱི་དུས་སུ་འགྲོ་མགོན་ཆོས་འཕགས་གོང་མའི་དབུ་བླ་རུ་ཕེབས་ཤིང་། ཁམས་ཕྱོགས་ནས་སྒ་ཨ་མྱེས་དམ་པ་ཡང་གོང་མའི་དབུའི་མཆོད་གནས་སུ་བཀུར་ནས་སྐད་གྲགས་ཆེན་པོ་ཆགས། དེ་དང་ཆབས་ཅིག་ཡོན་གྱི་དུས་ནས་ཡུལ་དབུས་ཀྱི་རྒྱལ་པོས(中央王朝)དབུས་གཙང་དང་མདོ་ཁམས་ཀྱི་དཔོན་པོ་ལ་ཐོབ་ཐང་གི་ཆོ་ལོ་སྤྲད་ནས་བོད་ཁམས་དོ་དམ་བྱེད་པའི་འགོ་ཚུགས། རྒྱའི་དཔྱད་གཞིའི་ཡིག་རིགས་ནང་དུ་དུས་སྐབས་འདི་དག་རིང་རྟག་པར་མདོ་ཁམས་ས་ཆ་ལ“གླིང་ཚང་”灵藏(gling-tshang)ཞེས་པའི་མིང་ཞིག་ཐོན་བཞིན་ཡོད། 《 ཡོན་རྒྱལ་རབས་ཀྱི་ལོ་རྒྱུས》 (元史)ལས། ཡོན་གྱིས་བོད་ལྗོངས་ས་ཆ་དོ་དམ་བྱེད་ཆེད་ཀྲུང་དབྱང་རིམ་པ་དང་པོའི་སྲིད་འཛིན་ལས་ཁུངས་ཞོན་ཀྲེང་ཡོན་(宣政院)ཞེས་པ་བཙུགས། དཔོན་ཐོབ་རིམ་པ་དང་པོ་ཡིན་པའི་ཞོན་ཀྲེང་ཡོན་གྱིས་བོད་ཀྱི་ཆོས་སྲིད་གང་ཐད་དོ་དམ་བྱས་ཤིང་། ཞོན་ཀྲེང་ཡོན་གྱི་འོག་ཏུ་དབུས་གཙང་དང་མདོ་ཁམས་སོགས་སུ་དཔོན་ཐོབ་གཉིས་པ་དང་གསུམ་པའི་ས་གནས་དཔོན་ཆེན་མང་དག་བརྐོས་ཡོད། དེ་ལས་མདོ་ཁམས་ས་ཞིང་དམག་དམངས་ཀྱི་དམག་སྤྱི་ཁང་(朵甘思天地军民都元帅府)བཙུགས་ཞེས་དང་། 《 ཡོན་རྒྱལ་རབས་ཀྱི་དཔོན་རིགས་བརྒྱའི་ལོ་རྒྱུས》“ མདོ་ཁམས་དམག་སྤྱི་ཁང་བཙུགས་ཏེ་རིམ་པ་གསུམ་པའི་དཔོན་ཆེན་གཅིག(三品达鲁花赤一员)དང་། དམག་སྤྱི་གཅིག(元帅一员)དང་། ཀྲའོ་ཧྥུ་ཧྲི་ཞེས་པའི་དཔོན་གཅིག(招抚使一员)བརྐོས་ཞེས་བཀོད་འདུག །དུས་རབས་བཅོ་ལྔ་པའི་མཇུག་ཏུ་བྲིས་པའི《 རྒྱ་བོད་ཡིག་ཚང་》ནང་གི་ས་སྐྱའི་དུས་རབས་ཀྱི་ལེའུ་ནང་དུ་དབུས་གཙང་དང་མདོ་ཁམས་དུ་དཔོན་ཆེན་༢༧ཙམ་བརྐོས་ཚུལ་ཞིབ་པར་བཀོད་ཡོད། རྒྱའི་ཡོངས་གྲགས་ཡིག་ཚང་མང་ཤོས་ནང་ཡོན་གྱི་དུས་སུ་གླིང་ཚང་འགུ་ཟི་ལ་མདོ་ཁམས་དམག་སྤྱིའི་བཀོད་འདོམ་ཁང་བཙུགས་ཚུལ་བཀོད་ཡོད་ཀྱང་དཔོན་པོ་སུ་ཡིན་གྱི་མཚན་གསལ་པོར་བཀོད་པ་མ་མཐོང་། འོན་ཀྱང་རྒྱའི་གེ་སར་ཞིབ་འཇུག་པ་ལིའུ་ཨན་ཆོན་གྱིས་བྲིས་པའི《 མདོ་ཁམས་སྙན་ངག་རིང་མོའི་བླ་སྲོག་》 (多康诗魂)ཞེས་པ་ལས་གླིང་ཚང་གདུང་རབས་ཞེ་བརྒྱད་པ་ཁྲོ་བོ་འཕེན་ལ་ཡོན་དུས་ཀྱི་དམག་སྤྱིའི་དམག་དཔོན་ཞེས་པའི་ཆོ་ལོ་གནང་ཞེས་བཀོད་འདུག །གང་ལྟར་རྒྱ་ཡིག་ཡིག་ཚང་ནང་ཡོངས་གྲགས་སུ་འཁོད་པ་ལྟར་ན་ཡོན་གྱི་དུས་སུ་གླིང་ཚང་དེ་མདོ་ཁམས་ས་གནས་ཀྱི་ཆེས་གལ་ཆེ་བའི་ཆབ་སྲིད་ལྟེ་གནས་ཞིག་ཆགས་ཡོད།

སངས་རྒྱས་དཔལ་ཞེས་པས་ཡོན་རྒྱལ་པོའི་ཚབ་བྱས་ཏེ་ཐར་པ་དཔལ་ལ་གོ་གནས་བསྩལ་བའི་བཀའ་ཤོག

མིང་གི་དུས་སུ་གླིང་ཚང་གི་ཙན་ཤན་ཝང་ལ་གནང་བའི་ཁྲི་རྒྱན།

ཆིང་གི་དུས་སུ་གླིང་ཚང་ས་སྐྱོང་ལ་གནང་བའི་དཔོན་ཞྭ།

གླིང་ཚང་རྒྱལ་པོ་ཕུན་ཚོགས་དགེ་ལེགས་རབ་བརྟན་དང་བཙུན་པོ་སྐལ་བཟང་ཆོས་སྒྲོན་རྣམ་གཉིས།

ད་ལྟ་བཞུགས་བཞིན་པའི་གླིང་ཚང་གདུང་རབས་རེ་དྲུག་པ་ཕུན་ཚོགས་སྟོབས་ལྡན་དབང་རྒྱལ།
མིང་གི་དུས་སུ་གླིང་ཚང་རྒྱལ་པོ་ལ་མདོ་ཁམས་དུ་སི་དང་ཙན་ཤན་ཝང་གི་ཆོ་ལོ་གནང་།
མིང་གི་དུས་སུ་གླིང་ཚང་ཡང་ཁམས་ཕྱོགས་ཀྱི་ཆེས་གལ་ཆེ་བའི་ས་གནས་ཤིག་ཏུ་གྱུར་ཅིང་། 1373ལོར་མིང་ཧང་ཝུའུ་ཁྲི་ལོ་དྲུག་པར(洪武六年)དབུས་གཙང་དང་མདོ་ཁམས་ཀྱི་བཀོད་འདོམ་ཁང་གཉིས་དང་། དམག་སྤྱི་གཅིག །ཀྲའོ་ཧྥུ་སི་བཞི། ཁྲི་དཔོན་བཅུ་གསུམ། སྟོང་དཔོན་བཞི་བཙུགས་ཚུལ་རྒྱ་ཡིག་ཡིག་ཚང་དུ་གསལ།(设置乌斯藏、 朵甘卫指挥使司宣尉司二、元帅府一、招讨司四、万户府十三、千户所四。)མིང་གི་དུས་སུ་བོད་ཀྱི་ས་ཆ་ཁག་གི་དཔོན་རིགས་ལ་གོ་གནས་སྤྲད་པའི་ལས་ཀ་དེ་ཡོན་གྱི་དུས་བཞིན་མུ་མཐུད་དུ་རྒྱུན་སྐྱོང་བྱས་ཤིང་། ༡༣༧༤ལོར་མིང་ཧང་ཝུའུ་ཁྲི་ལོ་དྲུག་པའི་ཟླ་བ་བདུན་པར(洪武七年)མདོ་ཁམས་ཝི་ཏུའུ་བཀོད་འདོམ་སི(朵甘卫都指挥使司)ཞེས་པ་དེ་མདོ་ཁམས་ཝི་ཞིན་ཏུའུ་བཀོད་འདོམ་སི(朵甘卫行都指挥司)ཞེས་པར་བསྒྱུར། 《 མིང་གི་དངོས་བྲིས།》 (《 明实录》)ཅེས་པའི་ནང་། གླིང་ཚང་ཁྱིམ་རྒྱུད་ཀྱི་ལྷ་བུ་རྒྱལ་མཚན(剌兀坚藏)ལ་མདོ་ཁམས་ཀྱི་བཀོད་འདོམ་པའི་གོ་གནས་གནང་། དེ་རྗེས་ཀྱི་༡༤༠༦ལོར། རྒྱ་ཡིག་ནང་འདི་ལྟར་བྲིས་འདུག (而后(永乐四年)年,授灵藏劄思木头撤力加坚藏为朵甘卫行都指挥使)སྒྲ་འདི་བརྡ་རྙིང་གི་སྒྲ་ཀློག་སྟངས་ཇི་བཞིན་རྒྱ་ཡིག་ཏུ་བྲིས་པས་གྲགས་པ་འཕྲིན་ལས་རྒྱལ་མཚན་གྱི་སྒྲ་འདྲ་བ་ཞིག་འདུག །ཡིག་ཚང་གཞན་དག་ནང་སངས་རྒྱས་རྒྱལ་མཚན་དང་། ལ་ལས་གྲགས་པ་རྒྱལ་མཚན་རེད་ཀྱང་བཤད་འདུག །དེ་སྐབས་དམིགས་བསལ་དུ་སྤྱིར་བོད་ཁམས་སུ“རྒྱལ་བུ་བརྒྱད”(八大教王)ཞེས་པ་སོགས་ཀྱི་མཚན་ཐོབ་སྤྲད་པའི་སྲོལ་དར་ཞིང་། ཡང་རྒྱ་ཡིག་ཡིག་ཚང་དུ་༡༤༠༦ལོར་གླིང་ཚང་བླ་མ་གྲགས་པ་རྒྱལ་མཚན(封灵藏僧着思巴坚藏卜)ལ་གོང་མའི་དབང་བཀུར་བླ་མ(灌顶国师)ཞེས་པའི་མཚན་གསོལ་བ་དང་། 1407ལོར་ཁོང་ལ་ཙན་ཤན་ཝང་སྟེ་དགེ་ལ་རྟོན་པའི་རྒྱལ་བུ(加封赞善王)ཞེས་པའི་དམིགས་བསལ་གྱི་མཚན་གྱི་ཅོད་པན་གསོལ། གོང་མའི་བཀའ་ཤོག་རེས་འགའ་ད་ལྟ་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ། སྡེ་དགེ་རྫོང་བཅས་ཀྱི་ཡིག་ཚགས་ཁང་དུ་མ་དཔེ་དངོས་དང་འདྲ་པར་སོགས་ཉར་ཚགས་བྱས་འདུག
འོ་ན་གོང་གི་ལྷ་བུ་རྒྱལ་མཚན་དང་གྲགས་པ་རྒྱལ་མཚན་ཞེས་པ་གླིང་གི་གདུང་རྒྱུད་ནང་འཁོད་མི་འདུག་པས་ཁོང་ཚོ་སུ་རེད་ཟེར་ན། རྒྱའི་ཆེད་མཁས་པ་ཧྲེང་ཝེ་རུང་(沈卫荣)གིས་གྲགས་པ་རྒྱལ་མཚན་ནི་གླིང་ཚང་ཁྱིམ་རྒྱུད་མི་འདྲ་བའི་གདུང་རྒྱུད་ཡིན་པས་གླིང་ཚང་ཁྱིམ་རྒྱུད་དུ་བརྩི་ཆོག་པའི་འདོད་ཚུལ་བཏོན། གེ་སར་ཞིབ་འཇུག་པ་གྲགས་ཅན་ཇོ་སྲས་བཀྲ་ཤིས་ཚེ་རིང་གིས་ཀྱང་མིང་ཆིང་གི་དུས་སུ་གླིང་ཚང་ནས་ཁྱིམ་རྒྱུད་མི་འདྲ་བའི་དཔོན་པོ་བྱུང་ཡང་གླིང་ཚང་གི་ཁྱིམ་རྒྱུད་ཡིན་པ་ཁས་ལེན་གནང་ཞིང་། ལྷ་བུ་རྒྱལ་མཚན་ནི(剌兀坚藏)གོང་མའི་དབང་བཀུར་བླ་མ་གྲགས་པ་རྒྱལ་མཚན་གྱི་ཕུ་བོ་ཡིན་པའི་འདོད་ཚུལ་བཏོན། བོད་ཀྱི་ཡིག་ཚང་དང་གླིང་ཚང་གི་བཤད་སྲོལ་ལྟར་ན་ཙན་ཤན་ཝང་གི་རྒྱལ་བུ་ཞེས་པའི་གོ་གནས་སྤྲད་ས་དེ་དག་ནི་གླིང་ཚང་རྒྱལ་པོའི་ཤ་ཉེ་དང་ཡང་ན་ཚ་བོ་དག་ཡིན་ལ་བླ་མ་ཤ་སྟག་ཡིན་ཞིང་རེས་འགའ་ནི་བླ་མ་ཡིན་ལ་སྲིད་སྐྱོང་མཁན་གྱི་དཔོན་པོའང་ཡིན་པའི་གནས་ཚུལ་བྱུང་འདུག །《དཀར་མཛེས་མི་རིགས་ལོ་རྒྱུས》ནང་། མིང་གིས་ཙན་ཤན་ཝང་དང་མདོ་ཁམས་དུ་སི་སྟེ་བཀོད་འདོམ་པའི་ཆོས་དང་སྲིད་གཉིས་ཀའི་ཆོ་ལོ་གླིང་ཚང་ཁྱིམ་རྒྱུད་ལ་གནང་ཞེས་བཀོད་འདུག
འབུམ་རམས་པ་སྒྲོལ་མ་ཆོས་མཚོས་བྲིས་པའི་རྒྱ་ཡིག་རྩོམ་ཡིག《甲波的声望》ནང་བཀོད་པ་ལྟར་ན། མིང་གི་དུས་སུ་གླིང་ཚང་རྒྱལ་པོ་རང་གི་གདུང་རྒྱུད་ཀྱི་རྒྱལ་རབས་བརྩི་ཚུལ་ཞིག་དང་། ཙན་ཤན་ཝང་གི་རྒྱལ་རབས་བརྩི་ཚུལ་གཉིས་བྱུང་འདུག །ས་གནས་གཅིག་ལ་རྒྱལ་པོ་གཉིས་ཀྱི་སྟོབས་ཤུགས་གྱུར་ནས་ནང་འགལ་ཡང་མང་པོ་བྱུང་ཚུལ་འདི་ལ་ཐུག་པ་འདྲ་ཟེར།
སྤྱི་ལོ་1467ལོར་ཙན་ཤན་ཝང་ཐར་པ་རྒྱལ་མཚན་ཏེ(赞善王塔巴坚赞)དགེ་ལ་རྟོན་པའི་རྒྱལ་བུ་ཞེས་པའི་མཚན་གསོལ། སེང་གེ་རྒྱལ་མཚན་གྱི་བུ་གསུམ་པ་ཡིན། [僧格坚赞(又星吉儿坚藏)] བཀྲ་ཤིས་ཚེ་རིང་གིས་གླིང་ཚང་གི་གདུང་རབས་སམ་རྒྱལ་རབས་ལྔ་བཅུ་པ་སངས་རྒྱས་རྒྱལ་མཚན་ལོ་དགྲེས་པོ་གྱུར་ནས་༡༤༣༠ལོ་སྟེ་ཞོན་ཏའེ་ཁྲི་ལོ་ལྔ་པར་མིང་གོང་མས་ཁོང་གི་སྲས་སེང་གེ་རྒྱལ་མཚན་ལ་དུ་སའི་གོ་གནས་སྤྲད་ཅེས་བཀོད་འདུག
མིང་གི་རྒྱ་ཡིག་ཡིག་ཚང་ནང་བཀོད་པ་ལྟར་ན་གྲགས་པ་རྒྱལ་མཚན་གྱི་ཁྱིམ་རྒྱུད་དུ་ཙན་ཤན་ཝང་ཞེས་པའི་རྒྱལ་རབས་ལྔ་བྱུང་འདུག །གལ་སྲིད་ཐར་པ་རྒྱལ་མཚན་གདུང་རབས་བརྩིས་ན་རྒྱལ་རབས་དྲུག་བྱུང་འདུག །འདི་ལྔས་ཙན་ཤན་ཝང་གི་རྒྱལ་པོའི་གོ་གནས་བཟུང་བར་ཕུད་ད་དུང་མདོ་ཁམས་བཀོད་འདོམ་པ་སྟེ་དུ་སི་ཞེས་པའི་གོ་གནས་ཀྱང་བཟུང་འདུག །དཔེར་ན། པདྨ་རྒྱལ་མཚན་གྱིས་གཉིས་ཀའི་གོ་གནས་བཟུང་མྱངས་འདུག །རྒྱའི་ཆེད་མཁས་པ་ཧྲེན་ཝེ་རུང་གིས་ཙན་ཤན་ཝང་རྒྱལ་རབས་དང་པོ་གྲགས་པ་རྒྱལ་མཚན་ཁོང་བཀྲ་ཤིས་ཚེ་རིང་གིས་བྲིས་པའི་གླིང་ཚང་རྒྱལ་རབས་ནང་མི་འདུག་པས་ཁྱིམ་རྒྱུད་གཞན་གྱི་མི་ཡིན་པའི་དོགས་གཞི་སློང་འདུག །གླིང་ཚང་རྒྱལ་པོའི་ཁྱིམ་རྒྱུད་ནང་ཐར་པ་རྒྱལ་མཚན་ཁོ་ན་ལ་ཙན་ཤན་ཝང་གི་མཚན་གསོལ་ཟེར།
ཆིང་གི་དུས་སུ་གླིང་ཚང་རྒྱལ་པོ་ལ་ཆོ་ལོ་གནང་སྟངས།
མིང་གི་དུས་མཇུག་ནས་ཆིང་གི་དུས་འགོ་ཙམ་ནས་སྡེ་དགེ་རྒྱལ་པོའི་སྟོབས་ཤུགས་ཇེ་ཆེར་གྱུར་ནས་སྡེ་དགེ་དང་། འདན་ཁོག །སེར་ཤུལ། དཔལ་ཡུལ། ཐང་ཕུག་སོགས་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་བསྡུས་ཤིང་། ཡུང་ཀྲེང་ཁྲི་ལོ་བདུན་པ་སྟེ་སྤྱི་ལོ་༡༧༢༩ལོར་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་ཆིང་གོང་མས་ཨན་ཧྥུ་སི(安抚司)ཞེས་པའི་ཆོ་ལོ་གནང་ཞིང་དེའི་ཕྱི་ལོར་སྭོན་ཝི་སི(宣尉司)ཞེས་པའི་གོ་གནས་སྤར། དེ་དང་དུས་མཉམ་དུ་གླིང་ཚང་རྒྱལ་པོ་མགོན་པོ་རིན་ཆེན་ལ་ཆིང་གོང་མས་ཀྱང་གླིང་ཚང་ཨན་ཧྥུ་སི་ཞེས་པའི་ཆོ་ལོ་གནང་རུང་། གླིང་ཚང་གི་ཁྱིམ་རྒྱུད་ཀྱི་གོ་གནས་དང་ཁྱབ་ཁོངས་ཀྱང་ཇེ་ཆུང་དུ་གྱུར་ཏེ་ས་ཁྱོན་དང་སྡེ་འབངས་ཀྱང་ད་ལྟའི་དབོན་ཐོག་དང་། ཉ་འགུག ། ནགས་མདོ། ཨ་ཕྱུག །སྟག་དགོན། ཡ་དིང་། འགུ་ཟི་ཡུལ་ཤོག་ཙམ་ལས་མེད་པ་གྱུར། སྔོན་གླིང་ཚང་གི་སྭོན་ཝི་སི་ཐོབ་ཐང་ནས་ཨན་ཧྥུ་སི་ཞེས་ཐོབ་ཐང་དང་གོ་གནས་ཇེ་དམའ་རུ་ཕྱིན། གོང་གི་གླིང་ཚང་གི་ས་ཁྱོན་དང་གོ་གནས་སོགས་ལ་གཞིགས་ན་གླིང་ཚང་ཁྱིམ་རྒྱུད་དེ་ཆིང་གི་དུས་སུ་ཉམས་ཉེན་ཆེན་པོ་བྱུང་ཡོད་པ་རང་ཤུགས་སུ་རྟོགས་ཐུབ།
རྒྱའི་ཆེད་མཁས་པ་ལིའུ་ལི་ཆན(刘立千)གྱིས་གསུང་པ་ལྟར་ན། གླིང་ཚང་ཁྱིམ་རྒྱུད་ཉམས་གུད་བྱུང་བའི་རྒྱུ་རྐྱེན་ནི་མིང་གི་དུས་ནས་ཡུལ་ཕྱོགས་རེ་ལ་རྒྱལ་པོ་དང་ས་གནས་དཔོན་པོ་མང་པོ་བརྐོས་པའི་རྐྱེན་གྱིས་ས་གནས་དང་ཁྱིམ་ཚང་བར་ནང་འགལ་བྱུང་ནས་མཐར་ཁ་ཐོར་དུ་གྱུར་ཏེ་ས་གནས་ཀྱི་དབང་འཛིན་སྟོབས་ཤུགས་ཉམས་པ་རེད་ཟེར། དེ་ལའང་རྒྱུ་མཚན་ཡོད་པ་འདྲ་སྟེ། མིང་གིས་གླིང་ཚང་ཁྱིམ་རྒྱུད་ལ་མདོ་ཁམས་བཀོད་འདོམ་པ་དང་། ཙན་ཤན་ཝང་། ཁྲི་དཔོན། སྟོང་དཔོན། སྭོན་ཝི་སི། ཨན་ཧྥུ་སི། ད་ར་ཁ་ཆེ་སོགས་མང་དག་བརྐོས་པའི་ལོ་རྒྱུས་འདུག་ལ་དམངས་ཁྲོད་ཀྱི་རྒན་རབས་པ་ཚོས་གླིང་ཚང་ནང་འཁྲུག་མང་པོ་བྱུང་བའི་ལོ་རྒྱུས་ཀྱང་བཤད་རྒྱུ་འདུག ། འོན་ཀྱང་། བཅིངས་འགྲོལ་མ་གཏོང་བའི་སྔོན་གྱི་བར་དུ་སྡེ་དགེ་རྒྱལ་པོ་དང་གླིང་ཚང་བར་དུ་གཉེན་འབྲེལ་རྒྱུན་མ་ཆད་པར་བྱས་པར་བལྟས་ན་གླིང་ཚང་ཁྱིམ་རྒྱུད་ལ་ད་དུང་ས་གནས་ཀྱི་སྟོབས་ཤུགས་ངེས་ཅན་ཡོད་པ་ཤེས་སླ།
རྒྱའི་ཆེད་མཁས་པ་ཆེན་མོ་རེན་ནའེ་ཆང་(任乃强)གིས་མིང་རྒྱལ་པོས་གླིང་ཚང་ལ་མདོ་ཁམས་བཀོད་འདོམ་དཔོན་ཆེན་གྱི་གོ་གནས་སྤྲད་པ་དང་། བོད་བཙན་པོའི་གདུང་རྒྱུད་ལ་དབུས་གཙང་གི་བཀོད་འདོམ་དཔོན་ཆེན་གྱི་གོ་གནས་སྤྲད། མིང་གི་དུས་ནས་སྡེ་དགེའི་སྟོབས་ཤུགས་ཆེན་པོ་གྱུར་ཏེ་གླིང་ཚང་རྒྱལ་པོའི་སྟོབས་ཤུགས་ཉམས་ཏེ་གོ་གནས་ཀྱང་ཨན་ཧྥུ་སི་ལ་མར་ཕབས། འོན་ཀྱང་། གླིང་ཚང་ཁྱིམ་རྒྱུད་ལ་མིང་ཆིང་དུས་རབས་གཉིས་ཀྱིས་བསྩལ་བའི་ཐེལ་ཙེ་དང་བཀའ་ཤོག་ད་བར་ཉར་ཚགས་བྱས་འདུག་ཅེས་ཟེར།
དུས་རབས་མང་པོར་ཡུལ་དབུས་ཀྱི་རྒྱལ་པོས་མདོ་ཁམས་ས་ཆ་དོ་དམ་བྱས་ཚུལ་དང་གླིང་ཚང་ཁྱིམ་རྒྱུད་དང་དུས་ཡུན་རིང་པོར་འབྲེལ་འདྲིས་ཟབ་མོར་བྱུང་ཚུལ་རྒྱའི་ལོ་རྒྱུས་ཡིག་ཚང་ནང་ཐོ་འགོད་བྱས་ཡོད་ཚུལ་ད་ལྟའང་མཐོང་ཐུབ། བོད་ཀྱི་ཡིག་ཚང་ནང་དུའང་དུས་སྐབས་འདི་དག་རིང་ལ་ལོ་རྒྱུས་གལ་ཆེན་ནང་གླིང་ཚང་དེ་གལ་ཆེ་ཚུལ་ཡང་བཀོད་ཡོད། རྒྱ་ཡིག་ཡིག་ཚང་ནང་ནས་དེ་དག་གསལ་བའི་ལོ་རྒྱུས་ཤེས་འདོད་ན། རྒྱ་ཡིག་གིས《元代百管志》《明史》论文:《权威与声望:康北地区土司制度下的社会机制考察》སོགས་ལ་གཟིགས་རོགས་ཞུ།
གང་ལྟར། མདོ་ཁམས་གླིང་གི་ཡུལ་དུ་གླིང་གེ་སར་རྒྱལ་པོ་ཞེས་པའི་ས་གསུམ་ན་འགྲན་ཟླ་བྲལ་བའི་མི་རིགས་དཔའ་བོ་ཞིག་དངོས་སུ་བྱུང་ཡོད་མེད་སྐོར་ད་དུང་མུ་མཐུད་བརྟག་དཔྱད་བྱ་དགོས་རུང་རྒྱ་བོད་གང་གི་ཡིག་ཚང་ནང་བལྟས་ན་གླིང་ཞེས་པའི་མདོ་ཁམས་ཡུལ་གྱི་ས་ཆ་འདི་རུ་གླིང་ཚང་རྒྱལ་པོ་ཞེས་པའི་ཁྱིམ་རྒྱུད་སྟོབས་ཤུགས་ཅན་ཞིག་བྱུང་ཡོད་པ་ནི་གོང་གི་རྒྱ་ཡིག་ཡིག་ཚང་དང་ཡོན་ནས་ཆིང་བར་གྱི་ཡུལ་དབུས་ཀྱི་རྒྱལ་པོ་གོང་མ་དེ་དག་གིས་གནང་བའི་བཀའ་ཤོག་དང་གཞུང་ཡིག་ལས་ཟབ་པའི་ལོ་རྒྱུས་བདེན་དཔང་ཞིག་མི་དགོས་སྙམ།
གླིང་ཚང་རྒྱལ་པོའི་གདུང་རབས་རེའུ་མིག





མིང་རྒྱལ་རབས་དུས་སུ་གླིང་ཚང་གི་ཙན་ཤན་ཝང་དང་།
དུ་སི་བཀོད་འདོམ་པའི་མིང་ཐོ་དང་དུས་ཚོད་ཀྱི་རེའུ་མིག

ཙནཤན་ཝང་ཏེ་དགེ་ལ་སྟོན་པའི་རྒྱལ་བུའི་རྒྱལ་རབས་དྲུག་གི་རེའུ་མིག


ཙན་ཤན་ཝང་གི་ཐིལ་ཙེ།
མིང་གི་དུས་སུ་གླིང་ཚང་ལ་གནང་མདོ་ཁམས་དུ་སའི་ཐིལ་ཙེ།



གླིང་ཚང་གི་ཐེལ་ཙེ།