ས་གནས་དེ་གའི་གེ་སར་ཆེད་མཁས་པ་དཔལ་རྒྱལ་ལགས་ཀྱིས་བྲག་སྦལ་པ་འདྲ་བའི་སྐོར་ངོ་སྤྲོད་གནང་བ།
ངོ་མཚར་བརྗོད་ལས་འདས་པའི་ཨ་ཕྱུག་རྩྭ་ཐང་ནི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་ལ། འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་དེ་ཉིད་སྒྲུང་དུ་ཕབ་ལ་ངག་ཐོག་ནས་བསྐལ་བརྒྱར་ཁྱབ་པའི་ལྟེ་བའི་ཞིང་ས་ཡིན། ལོ་ངོ་བརྒྱ་སྟོང་མང་པོའི་རིང་བརྒྱུད་དེ་གླིང་སྒྲུང་རིག་གནས་གནས་མཆོག་འདི་ནས་ངག་རྒྱུན་དུ་ཆགས་པ་དང་ཡུལ་མི་ཀུན་གྱི་འཚོ་བ་དང་དད་མོས་ཀྱི་གསེབ་ཏུ་ཐིམ། ཡུལ་འདི་ནས་འཁྲུངས་ཤིང་འཚར་ལོངས་བྱུང་བའི་སྤྲུལ་སྐུ་དཔལ་རྒྱལ་ལགས་ཀྱིས་ཕ་སར་བཅངས་པའི་བརྩེ་ཞེན་དེ་ཉམས་ལ་ཉེ་བའི་གེ་སར་རིག་གནས་དར་སྤེལ་གྱི་ཀུན་སློང་རྣམ་དག་ལ་བསྒྱུར་ཏེ། མི་ཚེ་གང་པོར་གནའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་སྟེ། གླིང་སྒྲུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་གཞོལ།
ས་གནས་ཀྱི་གེ་སར་ཆེད་མཁས་པ་དཔལ་རྒྱལ།



དཔལ་རྒྱལ་ལགས་ལ་ཐོབ་པའི་བྱ་དགའ།
གཅིག །མཛའ་བཤེས་མེ་ཏོག་གླིང་དཀར་སྟོད་ནས་བཞད། འདུན་པ་བརྟན་པོས་དཔའ་བོའི་རྟོགས་བརྗོད་བསྐྱངས།
བདག་དང་དཔལ་རྒྱལ་རིན་པོ་ཆེ་རིང་དུ་འདྲིས་ནས་བགྲང་བྱ་སུམ་ཅུ་འགོར་ཡོད། དེ་ཡང་གེ་སར་རིག་གནས་གཙུག་ཏུ་བཀུར་ཞིང་སྲུང་སྐྱོབ་ཀྱི་ལས་ལ་འཇུག་པའི་དབང་གིས་མཇལ་འཕྲད་ཀྱི་སྐལ་བ་བྱུང་། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་ང་ཚོས་རིག་གནས་ལ་བཅངས་པའི་བརྩེ་ཞེན་གཅིག་པས་རྒྱུན་པར་ཁྲེང་ཏུའུ་དང་ཨ་ཕྱུག་ནས་ལྷན་འཛོམས་བྱས། གེ་སར་རིག་གནས་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལམ་བུ་གསར་པ་བཏོད། གླིང་གེ་སར་འཁྲུངས་ཡུལ་ཞེས་པའི་རིག་གནས་རྟགས་མ་འཛུགས་སྐྲུན་དང་རིག་གནས་ལ་བརྟེན་ནས་དམངས་ཕན་གྱི་བྱ་བཞག་འཕེལ་རྒྱས་གཏོང་བའི་སྐོར་ནས་དགོངས་འཆར་ལྷུག་བརྗོད་བྱས། བསམ་བློའི་ཀུན་སློང་གཅིག་ལ་གཏད་ནས་གྲོགས་ཀྱི་མཛའ་བཤེས་ཀྱང་དམ་པོར་ཆགས།
ལོ་མང་པོའི་རིང་ལ་བསམ་བློ་བརྗེ་རེས་དང་བྱ་བཞག་ཁག་གྲོས་བསྡུར་ཞིབ་འཇུག་བྱས་པར་བརྒྱུད། སོ་སོའི་བློ་ངོར་བཀོད་པའི་གེ་སར་རིག་གནས་ཀྱི་བརྩེ་ཞེན་དང་སྲུང་སྐྱོབ་ཀྱི་འདུན་པ་རྟོགས་པས། དཔུང་པ་མཉམ་གཤིབ་ཀྱིས་རིག་གནས་ཀྱི་རྨུ་ཐག་འདི་སྲུང་བའི་བློ་སྤོབས་ཆེ་རུ་བསྐྱེད། སོ་སོའི་ཕུགས་ཀྱི་འདུན་པ་གཅིག་ལ་སྙེག་པའི་འགན་འཁྲི་དང་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བསམ་པ་དཀར་པོ་དང་འགན་འཁྲི་ལེགས་པར་མངོན།
ལོ་ཟླའི་འགྲོས་སུ་བཀོད་པའི་རྣམ་དག་གི་སེམས་འདུན་དང་། ཁོང་གིས་ཉིན་མཚན་ཀུན་ཏུ་དཀའ་སྤྱད་འབད་བརྩོན་བྱས་ཏེ། དགོན་སྡེ་དང་གེ་སར་དྲན་གསོ་ཁང་ཞིག་གསོ་མཛད་ཅིང་། གླིང་སྒྲུང་རིག་གནས་ཀྱི་ལས་སྟེགས་མཁོ་འདོན་བྱས། སྒྱུ་རྩལ་པ་སྲུང་སྐྱོབ་ནས་རྒྱུན་འཛིན་མི་སྣ་གསོ་སྐྱོང་། རིག་དངོས་མྱུར་སྐྱོབ། རིག་གནས་ཁྱབ་སྤེལ་སོགས་ཀྱིས་བརྩོན་པའི་ལས་ལ་དོན་གྱི་འབྲས་བུ་སྨིན། ཁོང་ནི་གེ་སར་རིག་གནས་དར་སྤེལ་གྱི་ལམ་བུ་སྲུང་མཁན་ཡིན་པ་སྐྱེ་བོ་ཀུན་གྱི་མཐོང་ལམ་དུ་མངོན་ཐུབ།
རླབས་ཆེན་གྱི་བྱ་བཞག་འདི་ཕྲག་ཏུ་བླངས་པ་ནས། བདག་གིས་དཔལ་རྒྱལ་རིན་ལགས་ཀྱིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་སྙན་རྩོམ་འདི་སྲུང་སྐྱོབ་བྱ་ཆེད་ཉིན་མཚན་མེད་པར་འབད་བརྩོན་ལྷོད་མེད་བྱས་པའི་ལོ་ཟླ་དེ་དག་དྲན་ཐུབ་ལ། ཁོང་གིས་ཕ་ས་ཕ་ཡུལ་གྱི་རིག་གནས་ལ་བཅངས་པའི་བརྩེ་ཞེན་རྟོགས་ཐུབ། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་བརྩོན་པ་ལྷུར་ལེན་གྱིས་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་བླ་ན་མེད་པས། སེམས་བསམ་པའི་གཏིང་ནས་ཁོང་ལ་གུས་འདུད་ཞུ་བཞིན་ཡོད།
ཁོང་གི་མི་ཚེ་ཕྱེད་ཀར་གླིང་སྒྲུང་གི་རིག་གནས་སྲུང་སྐྱོབ་དང་ཕ་ས་ཕ་ཡུལ་གྱི་འཛུགས་སྐྲུན་ལ་གཞོལ་བའི་རླབས་ཆེན་སྤྱོད་ལམ་མཐོང་ཐུབ། རྩོམ་འདི་བྲིས་ནས་སྐྱེས་ཆེན་ཁོང་གི་གེ་སར་རིག་གནས་སྲུང་འཛིན་དང་གླིང་གེ་སར་ཕ་སའི་འཕེལ་རྒྱས་ལ་བཅངས་པའི་འདུན་པ་དང་གཟེངས་སུ་ཐོན་པའི་མཛད་རྗེས་ཀུན་གྱི་མཐོང་ལམ་དུ་ཕུལ་བར་འདོད།

ཁམས་ཡུལ་འགྲུལ་སྐྱོད་དེ། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཨ་ཕྱུག་ནས་སྤེལ།

སྡེ་དགེ་རྫོང་གླིང་གེ་སར་རིག་གནས་དང་རྗེས་ཤུལ་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་བགྲོ་གླེང་བཞུགས་མོལ་ཚོགས་འདུ།

ཚབ་ཚ་ཇོ་དགོན་བཀྲ་ཤིས་ཐེག་མཆོག་གླིང་གི་གླིང་གེ་སར་གྱི་གར་འཆམ།



གེ་སར་ལྷ་ཁང་ནང་དུ་བཞེངས་པའི་གླིང་གི་ཕུ་ནུ་དང་མ་སྲུ་མོ་སྨན་གྱི་རྡོ་བརྐོས།
གཉིས། གཏན་གྱི་འདུན་མ་རྡོ་རྗེའི་བྲག་ལས་བརླིང་། གེ་སར་དྲན་གསོའི་ལྷ་ཁང་ཞིག་གསོ་མཛད།
ལོ་ཟླའི་འགྲོས་སུ་བཀོད་པའི་སེམས་འདུན། རིག་གནས་ཀྱི་མཚོ་མོར་འཁྱིལ་བའི་འགན་འཁྲི་བརྟན་པོ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ཨ་ཕྱུག་གི་གླིང་གེ་སར་དྲན་གསོ་ཁང་ལ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཞིག་སྐྱོན་བྱུང་། ལོ་ངོ་བརྒྱ་སྟོང་དུ་མའི་དཔའ་བོའི་རིག་གནས་ཀྱི་རྒྱུན་ཆད་ལ་ཉེ་ཚེ། ཁོང་གིས་བློ་ཐག་རྦད་ཆོད་ཀྱིས་རིག་གནས་བསྐྱར་དར་གྱི་འགན་འཁྲི་ཕྲག་ཏུ་བླངས་ཤིང་། སྐུ་དངོས་ཀྱིས་ལས་ཀ་འགོ་བསྡུས་ཏེ་ཞིག་གསོའི་ལས་ལ་ལྟ་སྐུལ་གནང་། ཕ་ཡུལ་གྱི་རིག་གནས་འདི་དག་ནུབ་པ་མེད་པར་རྒྱུན་འཛིན་བྱེད་པའི་དམ་བཅའ་བཞག །ཞིག་གསོའི་བརྒྱུད་རིམ་ཁྲོད་ལས་མི་དཀོན་ལ་གྲོན་དངུལ་ཉུང་བའི་དཀའ་གནད་མང་པོ་འཕྲད། ཀུན་གྱིས་ལས་ཀ་དེ་དཀའ་འདུག་ཅེས་དབུགས་རིང་འཐེན་མོད། ཁོང་གིས་སེམས་ཐག་རྦད་ཆོད་ཀྱིས་དཔའ་བོ་བཞུགས་སའི་གཞིས་མེད་ན་རིག་གནས་ཀྱི་འོད་སྟོང་འཕྲོ་མི་ཐུབ། ང་བག་ཕེབས་ཀྱིས་འདུག་ག་ལ་རུང་གསུངས་ནས་བརྩོན་པ་བསྐྱེད།
ཨ་ཕྱུག་རྩྭ་ཐང་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་པ་དང་། གེ་སར་རིག་གནས་ཀྱི་འབྱུང་ཁུངས་ཡིན། དཔལ་རྒྱལ་རིན་པོ་ཆེ་ལ་མཚོན་ན་དགུང་ལོ་ཆུང་དུས་ནས་གླིང་སྒྲུང་ལ་གསན་ནས་འཚར་ལོངས་བྱུང་བ་དང་། གནས་འདི་དང་རིག་གནས་འདིར་རྣམ་དཀར་བརྩེ་སེམས་བཅངས་ཡོད། གཞོན་པའི་དུས་ནས་བཟུང་མི་ཚེ་གང་པོར་ཕ་ཡུལ་གྱི་རིག་གནས་སྲུང་སྐྱོབ་བྱས་ཏེ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་སྙན་རྩོམ་རིང་མོའི་གླིང་སྒྲུང་ང་ཚོའི་མི་རབས་འདིའི་ལག་ནས་མེད་པར་མི་འགྲོ་བའི་སྨོན་ལམ་བརྒྱབ་ཡོད།
དུས་ཡུན་རིང་པོར་གླིང་སྒྲུང་ལ་ཞིབ་འཇུག་བྱས་པར་བརྒྱུད། དཔལ་རྒྱལ་རིན་པོ་ཆེས་གེ་སར་རིག་གནས་རང་ས་ནས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་ན། ཐོག་མར་ངེས་པར་དུ་རིག་གནས་ཀྱི་འབྱུང་ཁུངས་ཞིབ་འཚོལ་དང་གླིང་གེ་སར་གྱི་འཁྲུངས་ཡུལ་འཚོལ་ཞིབ་བྱས་ཏེ། རིག་གནས་ཀྱི་མཚོན་རྟགས་ལེགས་པོ་འགོད་དགོས་པའི་ངེས་ཤེས་སྐྱེས། ཁོང་གིས་མི་སྣ་སྒྲིག་འཛུགས་བྱས་ནས་ཨ་ཕྱུག་རྩྭ་ཐང་དུ་ས་གནས་ཀྱི་རྒན་པ་དང་མཁས་པར་བཅར་འདྲི་བྱས་ཏེ། གླིང་སྒྲུང་དུ་བཀོད་པའི་ས་གནས་ངོས་འཛིན་དང་། ཡུལ་དངོས་ནས་རྟོག་ཞིབ་བྱས་པར་བརྒྱུད་ལོ་རྒྱུས་ཀྱི་འབྱུང་ཁུངས་རྩད་འཚོལ། གླིང་གེ་སར་གྱི་ཕ་ས་ཞེས་པའི་དོན་དངོས་ངོས་འཛིན་བྱ་ཆེད། དར་རྩེ་མདོ་དང་ཁྲེང་ཏུའུ། པེ་ཅིན་སོགས་ལ་ཐེངས་མང་པོར་ཕེབས། རང་འགུལ་གྱིས་ཚད་ལྡན་ཞིབ་འཇུག་ལས་ཁུངས་ལ་འབྲེལ་འདྲིས་བྱས་ནས། ལོ་མང་པོའི་རིང་གི་ཡུལ་དངོས་རྟོག་ཞིབ་ཀྱི་དཔྱད་གཞི་ལེགས་སྒྲིག་དང་། ཡང་དང་བསྐྱར་དུ་ཕྱོགས་སོ་སོར་ཕེབས་ནས་ལུང་དང་རིག་པས་བསྒྲུབས། ལོ་ཤས་རིང་ལ་བརྩོན་པ་ལྷུར་ལེན་བྱས་པར་བརྒྱུད། མཐར་ཨ་ཕྱུག་རྩྭ་ཐང་ནི་གླིང་གེ་སར་རྒྱལ་པོ་འཁྲུངས་ཡུལ་ཡིན་པའི་ལོ་རྒྱུས་ཀྱི་བཅོས་མིན་རང་བཞིན་ར་སྤྲོད་བྱས། གླིང་གེ་སར་འཁྲུངས་ཡུལ་ཞེས་པའི་རིག་གནས་རྟགས་བྱང་མིང་དོན་དང་མཚུངས་པ་རིག་དངོས་ཀྱིས་བསྒྲུབས་པས། སྡེ་དགེ་ཨ་ཕྱུག་རྩྭ་ཐང་དེ་གེ་སར་རིག་གནས་མ་ལག་ཁྲོད་ཀྱི་སྲོག་ཤིང་དུ་གྱུར་པའི་གོ་གནས་ཀུན་ལ་བསྒྲགས། ཁོང་གིས་གླིང་གེ་སར་ཕ་སའི་རིག་གནས་རྟགས་མ་ཨ་ཕྱུག་རྩྭ་ཐང་དུ་རྩ་བ་ཚུགས་པར་མཛད་རྗེས་ཆེན་པོ་བཞག་ཏེ། རྗེས་སོའི་རིག་གནས་སྲུང་སྐྱོབ་དང་རྟགས་མ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང།
ཁོང་གིས་ས་གནས་ཀྱི་གེ་སར་སྒྲུང་པ་རྣམས་ལོ་རེ་བཞིན་རྒས་པ་དང་གླིང་སྒྲུང་རྒྱུན་འཛིན་ལ་ཉམས་ཉེན་ཚབས་ཆེན་འཕྲད་པ་ཤེས། དེར་བརྟེན། ཁོང་གིས་རང་འགུལ་ངང་རིག་གནས་སྲུང་སྐྱོབ་ཀྱི་ལས་འགན་ཕྲག་ཏུ་བླངས་ཤིང་། དཀའ་ངལ་ཁྱད་བསད་ཀྱིས་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉམས་ཉེན་ཆེ་བའི་གླིང་སྒྲུང་རིག་གནས་མྱུར་སྐྱོབ་གནང་། ཁོང་གིས་ད་དུང་སྣེ་ཁྲིད་དེ་ཁྲིད་སྦྱོང་གི་འགན་འཁྲི་ཁུར། གླིང་སྒྲུང་དུ་བཀོད་པའི་གཏམ་རྒྱུད་སོགས་རྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གནང་ཞིང་། ས་གནས་ཀྱི་ན་གཞོན་རྒྱུན་འཛིན་པ་གསོ་སྐྱོང་བྱས་ནས་རྩྭ་ཐང་གི་གླིང་སྒྲུང་རྒྱུན་འཛིན་ལ་གསར་སྐྱེས་མང་པོ་བསྡུ་ལེན་གནང་། གླིང་གེ་སར་ཕ་ས་རུ་རིག་གནས་ཀྱི་རྨང་རྡོ་བརྟན་པོ་བཏིང་སྟེ། ལོ་ངོ་བརྒྱ་སྟོང་དུ་མའི་རིང་སྦས་སྐུང་གྱུར་པའི་དཔའ་བོའི་རིག་གནས་ཀུན་གྱི་མཐོང་ལམ་དུ་བཀོད། གནའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོའི་གླིང་སྒྲུང་ལ་དུས་རབས་གསར་པའི་གསོན་ཤུགས་འཕེལ་དུ་བཅུག་གོ།
ཁོང་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་བརྩོན་པ་ལྷོད་མེད་ཀྱིས་སྲུང་སྐྱོབ་བྱས་ཏེ། ལོ་རྒྱུས་ཞིབ་འཇུག་དང་རིག་དངོས་སྲུང་སྐྱོབ། རྟེན་བཞེངས་གསར་སྐྲུན། རྒྱུན་འཛིན་མི་སྣ་གསོ་སྐྱོང་། དམངས་ཁྲོད་འཁྲབ་སྟོན། རིག་གཞུང་ཞིབ་འཇུག་སོགས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་དང་། ཕྱོགས་ཡོངས་དང་མ་ལག་རང་བཞིན་གྱི་གསོན་ཉམས་ལྡན་པའི་རྒྱུན་འཛིན་དང་སྲུང་སྐྱོབ་མ་ལག་ཚུགས་པར་མཛད། 1991ལོར་ཁོང་ལ་རྒྱལ་ཁབ་རིག་གནས་པུའུ་སོགས་ལས་ཁུངས་བཞི་ཡིས་མཉམ་འབྲེལ་སྒོས་《གེ་སར》རིག་གནས་མྱུར་སྐྱོབ་ཁྲོད་ཕུལ་བྱུང་བྱས་རྗེས་བཞག་པའི་བྱ་དགའ་གནང་། དེ་ནི་རྒྱལ་ཁབ་ཀྱིས་ཁོང་གིས་ལོ་མང་རིང་བརྩོན་པ་ལྷུར་ལེན་བྱས་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་མཛད་པའོ།།
གསུམ། བརྩོན་པའི་རྒྱུ་ལས་གཡུར་ཟའི་འབྲས་བུ་སྨིན། གེ་སར་སྒྲུང་གི་ལོ་འདབ་ཕྱོགས་མཐར་ཁྱབ།
སྔོན་དུས་ཀྱི་གེ་སར་དྲན་གསོ་དུ་ཆར་རླུང་གིས་རྐྱེན་པས་གོད་ཆག་བྱུང་ནས་རྩིག་པ་རྡིབ་པ་དང་ཁང་པ་སྟོང་པར་ལུས། དཔའ་བོའི་རིག་གནས་ལ་མངོན་སུམ་གྱི་རྟེན་མེད་པར་གྱུར། ཕ་ཡུལ་གྱི་མཚན་རྟགས་འདི་ལེགས་པོ་ཉར་ཆེད། 1989ལོར་དཔལ་རྒྱལ་ལགས་སྐུ་དངོས་ཀྱིས་ཉམས་གསོའི་ལས་ཀའི་དབུ་ཁྲིད་ནས། ནུས་ཤུགས་ཡོད་རྒུས་རྟེན་བཞེངས་བསྐྱར་བསྐྲུན་གྱི་ལས་ལ་བརྩོན། ཁོང་གིས་རྒྱུན་འཁྱོངས་འོག །དྲན་གསོ་ཁང་རྙིང་པ་བསྐྱར་བསྐྲུན་དང་། གླིང་གེ་སར་ཕ་ས་ཞེས་པའི་རིག་གནས་མཚོན་རྟགས་རྦད་དེ་སླར་གསོ་བྱུང་།
ལོ་རྒྱུས་ལྡན་པའི་དཔའ་བོའི་སྣང་བརྙན་ཀུན་གྱི་མཐོང་ལམ་དུ་མངོན་ཆེད། 2003ལོར་ཁོང་གང་སར་ཕེབས་ནས་མ་དངུལ་བསྡུས་ཏེ། གླིང་གེ་སར་གྱི་ཟངས་སྐུའི་སྐུ་བརྙན་བཞེངས་པ་ལེགས་གྲུབ་བྱུང་། ཟངས་སྐུ་དེ་དཔའ་བོའི་འཁྲུངས་ཡུལ་དུ་འགྱིང་ངེར་བཞེངས་ནས་གླིང་གེ་སར་འཁྲུངས་ཡུལ་གྱི་ཆེས་འབུར་དུ་ཐོན་པའི་བསམ་པའི་མཚོན་རྟགས་ཤིག་ཏུ་གྱུར་པ་དང་། རྩྭ་ཐང་གི་བུ་དང་བུ་མོའི་སེམས་རྟིང་གི་རྟེན་གཞི་ཞིག་ཏུའང་གྱུར།
དཔལ་རྒྱལ་རིན་པོ་ཆེས་ཐོག་མཐའ་བར་གསུམ་དུ་ཕྱིའི་ཁང་པ་དང་ནང་གི་འཇིམ་སྐུ་ནི་རྟེན་ཙམ་ཡིན་ལ། སྒྲུང་པའི་རྒྱུན་འཛིན་པ་ཡོད་ན་གཞི་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པར་རྟོགས་ནས། ཁོང་གིས་སྦྱོར་བ་དངོས་ལ་བརྟེན་ནས་གེ་སར་རིག་གནས་རྒྱུན་འཛིན་གྱི་ལས་ལ་གཞོལ།
ཁོང་གིས་སྒྱུ་རྩལ་པ་རྒན་པའི་རིན་ཐང་གཞལ་དུ་མེད་པ་རྟོགས་ཏེ་ཁོ་ཚོར་གཅེས་སྐྱོང་བྱས་ཡོད་དེ། ལོ་ན་བདུན་ཅུ་ལོན་པའི་སྒྲུང་པ་ཁེར་རྐྱང་དག་རང་ཁྱིམ་དུ་བསུས་ནས་འཚོ་བར་བདག་སྐྱོང་གནང་། སླད་ཀྱིས་མ་གོས་པའི་གླིང་སྒྲུང་གི་དབྱངས་རྟ་སྟེ། རྩྭ་ཐང་གི་གདོད་མའི་གཞས་གདངས་དར་སྤེལ་བཏང་། ད་དུང་ན་གཞོན་ཁ་ཤས་ལ་བགྲང་བྱ་བཅུ་ཕྲག་གི་རིང་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་ནས་ཁོ་ཚོར་བློ་བདེ་མོས་སློབ་གཉེར་བྱེད་དུ་བཅུག །རྒྱལ་ཡོངས་ཀྱི་ས་ཕྱོགས་ཀུན་ནས་ཡོང་བའི་གེ་སར་རྟོག་ཞིབ་དང་ཞིབ་འཇུག་ཆེད་མཁས་པར་དུས་ནམ་ཡང་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས། རིན་མི་དགོས་པར་བཟའ་བཏུང་དང་ཞག་སྡོད་མཁོ་འདོན་བྱས་པར་མ་ཟད། ཁོང་གིས་ལོ་ངོ་བཅུ་ཕྲག་འགའི་རིང་འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི་ངག་ཐོག་ལོ་རྒྱུས་དང་། མཐོང་དཀོན་པའི་རྩོམ་རིག ། རིག་གནས་ཤུལ་དངོས་བཅས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མཉམ་སྤྱོད་བྱས་པས། གེ་སར་རིག་གནས་ཀྱི་རིག་གཞུང་ཞིབ་འཇུག་དང་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་པར་མཐུན་རྐྱེན་བསྐྲུན། དུས་མཚུངས་སུ་ཁོང་གིས་གེ་སར་གར་འཆམ་དང་གེ་སར་ཟློས་གར་འཁྲབ་སྟོན་གྱི་འབག་དང་ལྭ་བ། རོལ་ཆས་དག་ཉོས། སྒྱུ་རྩལ་པ་རྒན་པ་རྣམས་གདན་དྲངས་ནས།《རྟ་རྒྱུག་རྒྱལ་འཇོག》དང་《བདུད་གླིང་》སོགས་དཔེ་མཚོན་ཟློས་གར་སྒྱུ་རྩལ་དང་འབྲེལ་ཡོད་སྒྱུ་རྩལ་འཁྲབ་སྟོན་སློབ་ཁྲིད་གནང་། ན་གཞོན་རྒྱུན་འཛིན་པའི་དཔུང་སྡེ་འཛུགས་སྐྱོང་བྱས་པས། བྱིས་པ་རྣམས་ཀྱིས་ཁོང་ལ་ཨ་ཕྱུག་གི་ཐང་སྟོང་རྒྱལ་པོ་ཞེས་གུས་འབོད་ཞུས།
ལོ་ཟླའི་འགྲོས་སུ་བཀོད་པའི་སེམས་འདུན་དང་། རིག་གནས་ཀྱི་མཚོ་མོར་འཁྱིལ་བའི་འགན་འཁྲི་བརྟན་པོས་ཉམས་ལ་ཉེ་བའི་གེ་སར་རིག་གནས་ཀྱི་སྒྱུ་རྩལ་སྣ་མང་ལ་གསོན་ཤུགས་རྒྱས། ཨ་ཕྱུག་རྩྭ་ཐང་གི་གེ་སར་སྒྲུང་བཤད་དང་གེ་སར་ཟློས་གར་ཡང་བསྐྱར་མི་ཚོགས་ཀྱི་མཐོང་ལམ་དུ་མངོན་དུ་བཅུག །དེ་སྔོན་སྟོང་པར་ལུས་པའི་ལྷ་ཁང་དེ་དག་ཀྱང་སྤྲོ་དགའ་འཕེལ་བའི་ས་གནས་ཀྱི་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་སུ་གྱུར་ཡོད།
བཞི། ལྷག་བསམ་དཀར་པོས་འཛིན་སྐྱོང་སྤེལ་གསུམ་མཛད། སྙིང་པོའི་གཅེས་ནོར་ཆུ་བོའི་རྒྱུན་ལྟར་བསྐྱངས།
གླིང་སྒྲུང་ཞིབ་འཇུག་ལ་ཟབ་ཞུགས་བྱས་པར་བརྒྱུད་དཔལ་རྒྱལ་ལགས་ཀྱིས་གླིང་གེ་སར་ཕ་སའི་གླིང་སྒྲུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་རླབས་ཆེན་ཕུགས་འདུན་སྙེག
ཁོང་གིས་གླིང་སྒྲུང་རིག་གནས་ལ་བརྟན་འཇགས་ཀྱི"ཁྱིམ་གཞིས"ཤིག་འཛུགས་ཆེད་ཁོང་གི་རྐང་རྗེས་རྩྭ་ཐང་དང་རི་ཁུལ་དུ་ཁྱབ་པར་མཛད། རྩ་ཆེའི་རྗེས་ཤུལ་མང་པོ་འཚོལ་བར་སྤྱི་ལེ་སྟོང་ཕྲག་དུ་མ་ཕེབས་ཏེ་དམངས་ཁྲོད་དུ་ལུས་པའི་གེ་སར་རིག་གནས་ཀྱི་རྗེས་ཤུལ་འཚོལ་སྡུད་དང་། གེ་སར་བརྗོད་དོན་ཡིན་པའི་གེ་སར་གནའ་རྫས་དང་། མཐོང་དཀོན་པའི་གླིང་སྒྲུང་ལག་བྲིས་མ་དང་གེ་སར་ཐང་ཀ་སོགས་རྩ་ཆེའི་རིག་དངོས་འབོར་ཆེན་རིན་མཐོན་པོས་བླུས་པས་གང་སར་འཁྱམ་པའི་རིག་གནས་གནའ་རྫས་དེ་དག་དང་ཕྱོགས་གཅིག་བསྡུས་ཏེ་སྒེར་གྱིས་བདག་ཏུ་མ་བཟུང་བར་གླིང་གེ་སར་དྲན་གསོ་ཁང་དུ་ཞལ་འདེབས་སུ་ཕུལ་ནས་ཉར་ཚགས་དང་འགྲེམས་སྟོན་བྱེད་བཅུག །ཁོང་གིས་རིག་གནས་གཅེས་ནོར་འདི་དག་ནི་དཔའ་བོ་དང་རྩྭ་ཐང་། མཐོ་སྒང་གི་བུ་དང་བུ་མོར་དབང་ཅེས་གསུངས།
དཔལ་རྒྱལ་རིན་པོ་ཆེས་ཏང་དང་སྲིད་གཞུང་ལ་རེ་ཞུ་ཕུལ་ནས་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། སྡེ་དགེ་རྫོང་གིས་ཨ་ཕྱུག་ཏུ་གེ་སར་རིག་གནས་འགྲེམ་སྟོན་ཁང་ཆེན་པོ་བཙུགས་ཏེ་ཕྱིའི་འཛུགས་སྐྲུན་ལེགས་གྲུབ་བྱུང་། མ་འོངས་པར་འགྲེམ་སྟོན་ཁང་དེ་གེ་སར་རིག་གནས་སྲུང་སྐྱོབ་དང་མངོན་མིན་རིག་གནས་འཁྲབ་སྟོན། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་བྱེད་ནུས་གཅིག་ཏུ་འདུས་པའི་རིག་གནས་རྒྱུན་འཛིན་དང་རིག་གཞུང་ཞིབ་འཇུག །ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཀྱི་ལྟེ་བའི་ལས་སྟེགས་ཤིག་ཏུ་འགྱུར་བར་སྨོན་མ་དགོས།
ཁོང་གིས་ལྷག་བསམ་རྣམ་དག་གིས་རིག་གནས་མྱུར་སྐྱོབ་དང་འཇོན་མི་གསོ་སྐྱོང་། རྟགས་མ་ལེགས་བཏོད། རིག་གནས་ཁྱབ་བསྒྲགས་སོགས་ཀྱི་ལས་ལ་བརྩོན་ནས་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་འཕེལ་རྒྱས་དམ་སྲུང་བྱས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གླིང་སྒྲུང་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། གངས་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་གཟེངས་སུ་ཐོན་པའི་མཛད་རྗེས་བཞག
ད་དུང་ཁོང་གི་འཆར་འགོད་འོག 2023ལོར་ནས་བཟུང་ལོ་ལྟར་ཨ་ཕྱུག་ཏུ་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཞེས་པའི་བྱ་འགུལ་སྤེལ་ནས་གླིང་སྒྲུང་འགྲན་བསྡུར་དང་། གེ་སར་ཟློས་གར་འཁྲབ་སྟོན། གེ་སར་བགྲོ་གླེང་ཚོགས་འདུ། རྟ་རྒྱུག་དང་བྲོ་རྡུང་གླུ་ལེན་སོགས་ཀྱི་བྱ་འགུལ་སྤེལ་བས་ཡུལ་སྐོར་བ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་པར་མ་ཟད་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་རྟགས་མ་བསྐྲུན་པར་ནུས་ཤུགས་ངེས་ཅན་ཐོན་ཡོད།
ཁོང་གི་དབུ་སྐྲ་ནག་པོ་ནས་དཀར་པོར་འགྱུར་མོད་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད། ལོ་མང་པོར་འབད་འབུངས་བྱས་རྗེས་ཚེ་མཇུག་ལ་སྐུ་ངལ་ཆེ་རུང་སྲུང་སྐྱོབ་ཀྱི་གོམ་སྟབས་སྤོ་འཚམས་འཇོག་མ་མྱོང་། ཚ་གདུག་ཆེ་བའི་དབྱར་གཞུང་དང་གྲང་ངར་ཆེ་བའི་དགུན་ཟླ་གང་ཞིག་ཡིན་རུང་། ཁོང་གིས་ལོ་ངོ་བཅུ་ཕྲག་རིང་ལ་ཞོགས་པ་སྔ་མོར་དྲན་རྟེན་ཁང་དུ་ཕེབས་ནས་མཆོད་འབུལ་མཛད་སྒོར་བཀོད་འདོམས་དང་འཁྲབ་སྟོན་བྱེད་སྒོ་ཇུས་འགོད་གནང་། འགྲེམ་སྟོན་རིག་དངོས་ལ་སྐོར་ཞིབ་དང་བདེ་འཇགས་འགོག་རྐྱེན་རིམ་བཤེར་མཛད། ཉིན་རེ་བཞིན་གྱི་རྒྱུན་འཁྱོངས་དེས་རྩྭ་ཐང་ལ་དྲོད་ཁོལ་སྦྱིན་པས་ས་གནས་མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས།