



སྤྱི་ལོ་2021ལོའི་ཟླ་11པའི་ཚེས་12ཉིན། སྡེ་དགེའི་ཨ་ཕྱུག་གི་ཟླ་ཟླ་ཞེས་པའི་ཕོ་སར་ཞིག་གིས་གླིང་གེ་སར་འཁྲུངས་ཡུལ་དང་ཧ་ཅང་ཐག་ཉེ་བའི་ས་ཆ་ནས་བྲག་རིས་ཚོ་ཞིག་གསར་རྙེད་བྱུང་།
བྲག་རིས་རྙེད་ས་ནི་སྐྱིད་ཁོག་དང་སོས་ཁོག་གཉིས་ལས་སྐྱིད་ཁོག་གི་འདུ་ར་སྟག་ཐང་ཁྲ་མོའི་མདུན། ཨ་ཕྱུག་གར་ཆེན་ལུང་པའི་ཕུ་གེ་མཛོ་ཆེ་བཞིའི་ནང་སེ་རྩེའི་བྲག་ངོས་དེ་ཡིན་ཞིང་། དེའི་ཐོག་གནའ་བོའི་དུད་འགྲོ་ཤྭ་བ་རྭ་རིང་སོགས་སྲོག་ཆགས་སྣ་མང་གི་གཟུགས་རིས་དང་། ད་དུང་ཡི་གེའི་གཟུགས་སོགས་ཡོད་པ་རེད། དེ་མ་ཐག་བྲག་རིས་ཀྱི་འདྲ་པར་དེ་དག་གངས་ལྗོངས་ཉི་གཞོན་རྩོམ་སྒྲིག་ཁང་ལ་བསྐུར། གངས་ལྗོངས་ཉི་གཞོན་གྱི་རྩོམ་སྒྲིག་པས་ཡང་འདྲ་པར་དེ་དག་ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཡོན་ཀྲང་། བོད་ཀྱི་བྲག་རིས་ཆེད་མཁས་པ་འཇམ་དབྱངས་ཉི་མར་བསྐུར་བས་འཇམ་དབྱངས་ཉི་མས་ཀྱང་མཐོང་ཆེན་གནང་ནས་བྲག་རིས་དག་གི་འདྲ་པར་ལ་ཞིབ་མོར་གཟིགས་རྗེས་ཤྭ་བའི་རི་མོ་དེ་དག་རྐོ་སྟངས་དང་བཟོ་དབྱིབས་སོགས་ལ་གཞིགས་ན་མ་མཐའ་ལོ་2500ནས་2000ཙམ་ཡོད་པ་དང་། ཡིག་གཟུགས་དེ་དག་རྐོ་སྟངས་དེ་ཤྭ་བའི་གཟུགས་བརྙན་དང་མི་འདྲ་བས་དུས་ཚོད་ཅུང་ཕྱི་བའི་དགོངས་ཚུལ་བཏོན་ཅིང་། དོན་ཡང་དག་ལོ་ཅི་ཙམ་སོང་ཡོད་པ་ཡུལ་དངོས་སུ་སོང་ནས་མུ་མཐུད་བརྟག་དཔྱད་བྱ་དགོས་ཚུལ་ཡང་བཏོན།
ས་གནས་དེ་ཡོད་པའི་ཚབ་ཚ་དགོན་པའི་བླ་གྲྭ་དང་ཨ་ཕྱུག་སྲིད་གཞུང་གིས་ཀྱང་གནད་དོན་དེར་མཐོང་ཆེན་གནང་།