
ནགས་མདོ་དང་ཨ་ཕྱུག་བར་གྱི་བོད་བཙན་པོའི་དུས་ཀྱི་རྡོ་བརྐོས་རི་མོ།

ནགས་མདོའི་ཆུ་ངོགས་དགོན་དུ་ཉར་ཚགས་བྱས་པའི་བོད་བཙན་པོའི་དུས་ཀྱི་མི་འཁྲུགས་པའི་རྡོ་བརྐོས་རི་མོ།

སྔོན་ཆད་གད་པའི་ཐོག་ཏུ་བྲག་བརྐོས་རི་མོ་འདི་ཡོད་ཀྱང་། 1954ལོར་གད་པ་ཆད་ནས་ཆུ་ནང་ལྷུང་། རྗེས་སུ་ཆུ་ངོགས་དགོན་པས་དགོན་ནང་དུ་ཉར་ཚགས་བྱས།

ནགས་མདོའི་མཛེས་པ་མདའི་བོད་བཙན་པོའི་དུས་ཀྱི་སྤྱན་རས་གཟིགས་ཀྱི་བྲག་བརྐོས་རི་མོ།

ནགས་མདོའི་མཛེས་པ་མདའི་བོད་བཙན་པོའི་དུས་ཀྱི་རྣམ་པ་སྣང་མཛད་ཀྱི་རྡོ་བརྐོས་རི་མོ།

རྩོམ་པ་པོས་རྡོ་བརྐོས་ལ་རྟོག་ཞིབ་བྱེད་བཞིན་པ།
ལོ་ཤས་སྔོན་ནས་སྡེ་དགེའི་ནགས་མདོ་དང་ཨ་ཕྱུག་བར་གྱི་རྫ་ཆུའི་འགྲམ་གྱི་གཞུང་ལམ་ཟུར་དུ་བྲག་བརྐོས་རི་མོ་ཁག་ཅིག་ཡོད་པ་ཐོས་མྱངས། ང་རང་ཐེངས་མང་ཨ་ཕྱུག་ཕྱིན་རུང་བྲག་བརྐོས་རི་མོ་ཡོད་སའི་ས་གནས་ངོས་མ་ཟིན་ནས་མཇལ་བའི་གོ་སྐབས་མ་ཐོབ། ད་ལོའི་ཟླ་བ་བདུན་པར་ཡང་དུ་ཨ་ཕྱུག་འགྲོ་བའི་ལམ་བར་དུ་ནགས་མདོ་ཞང་གི་ཧྲུའུ་ཅི་ཚེ་དབང་ལྷུན་གྲུབ་ལ་ཁ་པར་བཏང་བས་ཁོང་ཞང་ཐོག་བཞུགས་མི་འདུག་རུང་ས་གནས་དེར་ཆ་རྒྱུས་ཆེ་བའི་སྐལ་བཟང་རྡོ་རྗེ་དང་ལས་བྱེད་པ་གཞན་ཞིག་མངགས་ནས་བྲག་བརྐོས་རི་མོ་ཡོད་སར་ཁྲིད་རོགས་བྱས་སོང་།
བྲག་བརྐོས་རི་མོ་ཁག་དང་པོ་ནི་ནགས་མདོ་ཞང་ནས་ཡར་ཡོང་ན་ལེ་བར་གཉིས་གསུམ་མཚམས་ཀྱི་རྫ་ཆུའི་ཁུག་པའི་གཞུང་ལམ་ཟུར་དུ་འདུག །ས་གནས་དེ་གའི་མི་ཚོས་བྲག་དམར་བྲག་བརྐོས་ཟེར་ཞིང་དུས་གསུམ་སངས་རྒྱས་ཡིན་ཚུལ་བཤད་བཞིན་འདུག །དེའི་བྲག་ངོས་གཅིག་ལ་རྡོ་ལྷ་གསུམ་བརྐོས་འདུག །ཕར་བལྟས་པ་ཙམ་གྱིས་ཧ་ཅང་རྙིང་ཉམས་དོད་འདུག །གཡོན་ཕྱོགས་ཀྱི་བྲག་བརྐོས་རི་མོ་དང་པོ་ལས་གཞན་གཉིས་གསལ་པོ་དང་ཆ་ཚང་བ་མཐོང་ཐུབ། ལྷག་པར་དུ་གཡས་ཀྱི་བྲག་བརྐོས་རི་མོ་དང་པོའི་ཟུར་དུ་སངས་རྒྱས་་འཁྲུགས་པ་ཞེས་གསལ་པོར་བརྐོས་འདུག ། ཚོད་དཔག་བྱས་ན་བོད་བཙན་པོའི་དུས་ཨེ་ཡིན་སྙམ། སྔོན་ཞིག་ལ་ཡུས་ཧྲུའུ་གྲོང་ཁྱེར་ལོ་རྒྱུས་རིག་གནས་ཞིབ་འཇུག་ཁང་གི་གླིང་གཙོ། བོད་ཀྱི་བྲག་རིས་རྟོག་ཞིབ་པ་གྲགས་ཅན་འཇམ་དབྱངས་ཉི་མ་ཡུལ་དངོས་སུ་ཕེབས་མྱངས་ཚུལ་ཐོས་པས་ཁོང་ལ་འཕྲིན་ཕྲན་ཐོག་ནས་བཀའ་འདྲི་ཞུ་སྐབས་ཁོང་གིས་ཀྱང་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་རི་མོ་ཡིན་པའི་དགོངས་ཚུལ་བཏོན་བཞིན་འདུག །ཁོང་གིས་ད་དུང་ཆུ་ངོགས་དགོན་དུ་བོད་བཙན་པོའི་བྲག་བརྐོས་རི་མོ་ཞིག་འདུག་གསུངས་པས་ང་ཚོ་ཡང་ཆུ་ངོགས་དགོན་དུ་སོང་།
བྲག་བརྐོས་རི་མོ་དེ་དགོན་པའི་འདུ་ཁང་གི་སྒོ་ཤུབ་ཏུ་ཤེལ་སྒམ་བཟོས་ནས་ཉར་ཚགས་བྱས་འདུག །བྲག་བརྐོས་རི་མོ་དེའི་རིང་ཚད་སྨི་1.5དང་མཐོ་ཚད་སྨི་0.76 སྲབ་མཐུག་སྨི་0.21 ཙམ་འདུག །དགོན་པ་དེའི་བླ་མ་རབ་རྒྱས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། བྲག་བརྐོས་དེ་༡༩༥༤ཙམ་ལ་མཛེས་པ་མདའི་རྒྱ་བཟའ་དབོན་ཆུང་ཞེས་པའི་བྲག་ཟུར་གྱི་གད་པ་ཞིག་ནས་ཆུ་ནང་ལྷུང་སྐབས་དགོན་པའི་བླ་གྲྭ་ཚོས་དགོན་ནང་དུ་ཉར་ཚགས་བྱས་པ་རེད་ཟེར། འཇམ་དབྱངས་ཉི་མས་ཁྲིའི་འོག་ལ་གླང་པོ་ཆེའི་རི་མོ་འདུག་པར་བལྟས་ན་སངས་རྒྱས་མི་འཁྲུགས་པ་རེད་གསུངས།
བྲག་བརྐོས་རི་མོ་ཁག་གསུམ་པ་ནི་མཛེས་པ་མདའི་རྫ་ཆུའི་འགྲམ་གྱི་གཞུང་ལམ་གྱི་ཟུར་དུ་འདུག །སྔོན་ཆད་མང་ཚོགས་ཚོས་བྲག་བརྐོས་རི་མོ་དེ་དག་མི་ལ་རས་པ་དང་ཀརྨ་པ་ཡིན་ཚུལ་བཤད་པ་ཐོས་པས་ལོ་རྒྱུས་དེ་འདྲ་རིང་པོ་ཨེ་ཡོད་བསམ་མྱངས། འོན་ཏེ། བོད་ཀྱི་བྲག་རིས་ཞིབ་འཇུག་པ་རྒན་འཇམ་དབྱངས་ཉི་མས་གསུངས་པ་ལྟར་ན། བྲག་བརྐོས་རི་མོ་དེ་ཀརྨ་པ་མ་ཡིན་པར་བོད་བཙན་པོའི་དུས་ཀྱི་རྣམ་པ་སྣང་མཛད་དང་། མི་ལ་རས་པ་དང་ཅུང་འདྲ་བ་དེའི་ཕྱག་ཏུ་ཅི་ཞིག་འཛིན་ཡོད་པར་གསལ་པོར་མི་མཐོང་རུང་། གལ་ཏེ་ཕྱག་ཏུ་པདྨ་འཛིན་ཡོད་ན་སྤྱན་རས་གཟིགས་ཡིན་ངེས་གསུངས། ཁོང་གིས་བྲག་བརྐོས་རི་མོ་དེ་དག་ལ་ཡུས་ཧྲུའུ་དང་སྨར་ཁམས་ཕྱོགས་ཀྱི་བོད་བཙན་པོའི་དུས་ཀྱི་རྣམ་པ་སྣང་མཛད་དང་འདྲ་བའི་ཆ་མང་དག་ཡོད་ཚུལ་ཡང་གསུངས།
གཞན་ཡང་ཆུ་ངོགས་དགོན་པའི་མཆོག་སྤྲུལ་ཐུབ་བསྟན་ཚེ་རིང་འདས་པོའི་རྩོམ་ཡིག་ཞིག་ལས། སྔར་ཆོས་རྒྱལ་སྲོང་བཙན་གྱི་དུས་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་ལམ་གྱི་ཚུགས་མལ་རེ་ལ་རྟེན་རེ་བཞེངས་པར་གྲགས་པའི་སངས་རྒྱས་མི་འཁྲུགས་པའི་སྐུ་གསུམ་རྡོ་ལ་བརྐོས་མཛད་པ། རྡོ་སྐུ་རང་བྱོན་དེ་ལོ་མང་རིང་ས་འོག་སོང་བ། ༡༩༥༤ལོར་ཐོན་པ་དང་དེའི་ཟུར་གྱི་བྲག་ལོགས་ལ་རྒྱ་ལུགས་ཀྱི་ལྷ་ཀུན་ཏུ་བཟང་པོའི་སྐུ་དང་། རྒྱ་བཟའི་མ་ཎི་དང་སྨན་རྒྱུད་སོགས་ཡིག་གཟུགས་ཐར་ཐོར་ཡོད་པས་ཡུལ་ཕྱོགས་དེའི་ཁ་སྐད་ལ་རྒྱ་བཟའ་དབེན་ཆུང་བྲག་ཅེས་མིང་བཏགས་བཞིན་ཡོད་ཅེས་བྲིས་འདུག
གང་ལྟར་གླིང་གེ་སར་འཁྲུངས་ཡུལ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། གནའ་ཤུལ་དང་གནའ་རྫས་ཀྱིས་ཕྱུག་པའི་ས་ཆ་ཞིག་ཡིན་པ་ནི་གོང་གི་བྲག་རིས་དང་བྲག་བརྐོས་རི་མོ་འདི་དག་གིས་ཀྱང་བདེན་དཔང་བྱེད་ཐུབ་སྙམ།