
ཚབ་ཚ་དགོན་པའི་གླིང་ཡུལ་རིག་དངོས་ཤུལ་བཞག་རྟེན་མཛོད་ཁང་གི་ཟུར་ཞིག

གླིང་གེ་སར་འཁྲུངས་ཡུལ་ཨ་ཕྱུག་ཚབ་ཚ་དགོན་གྱི་རིག་དངོས་རྟེན་མཛོད་ཁང་།

ཞ་ལུ་དགོན་ནས་ཐོན་པའི་སྟོན་པའིསྐུ་ལི་མ་རྩ་ཆེན།

རྟེན་གྱི་གཙོ་བོ་ཐུབ་པ་བྱེའུ་དྲོད་མ།

བེར་ནག་ཅན་སྐུ་འདྲ།

གཏེར་སྟོན་མི་འགྱུར་རྡོ་རྗེའི་ཕྱག་བཟོའི་རྡོ་ཀ་མ་རུ་པ་ལས་གྲུབ་པའི་ཨོ་རྒྱན་རིན་པོ་ཆེ་དང་རྗེ་འབངས་ཉེར་ལྔ་ཅན།

གླིང་གི་དུས་ཀྱི་རྨོག


གླིང་གི་དུས་ཀྱི་གྲི་སྣ་ཚོགས།

གླིང་གི་དུས་ཀྱི་མདའ་གཞུ།


རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་གླིང་གི་ཕུ་ནུ་སུམ་བཅུའི་ཞལ་འབག

རྩ་ཆེའི་ཞལ་འབག་རྙིང་པ།

དམག་དཔོན་གྱི་གྱོན་གོས།



རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་སྣ་ཚོགས།

རྟེན་མཛོད་ཁང་ནང་གི་རྣམ་པ།

ཀརྨ་པ་རང་བྱུང་རྡོ་རྗེའི་སྟོད་འགག་བྱིན་ལྡན།

སྡེ་དགེ་རྒྱལ་པོའི་སྲས་མོ་ཀརྨ་ཚེ་བརྟན་དཔལ་མོའི་བསྟན་བཞག་ཟངས་དཀར།

བྱ་ཤང་པས་ཁྱེར་ཡོང་བར་གྲགས་པའི་ཤང་ཁྱེར་མ་ཎི་མ་ཞེས་པའི་སིལ་སྙན།

སྡེ་དགེ་རྒྱལ་པོའི་སྲས་མོ་ཀརྨ་ཚེ་བརྟན་དཔལ་མོའི་བསྟན་བཞག་ཟངས་དཀར།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་བྲིས་དངོས་ཡིན་པའི་གནས་བཅུའི་ཆུར་གཟིགས་མ།

སྒྲུབ་རྒན་སྐུ་ཕྲེང་དྲུག་པ་བསྟན་པ་རབ་རྒྱས་ཀྱིས་བྲིས་གནང་བའི་མགོན་པོ་ཞལ་སྦྱོར་འཁོར་ལྔ་རྗེས་འབྲང་ཅན།

ཚབ་ཚ་སྒྲུབ་རྒན་བདུད་འདུལ་ཉི་མས་བྲིས་པའི་མ་མགོན་མགར་གསུམ་གྱི་ཐང་ནག་བྱིན་ལྡན།

རྗེ་ཕག་མོ་དམར་མོའི་ཆོས་འབྱུང་།

ཉ་སྤྲུལ་ལྔ་པ་ཕྲིན་ལས་རྒྱ་མཚོའི་ཤངས་མཚལ་ལས་བྲིས་པའི་མགོན་པོ་རྩ་གསུམ་ཞལ་ཐང་ལ་ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་སི་ཏུ་པདྨ་ཉིན་བྱེད་ཀྱི་ཕྱག་སྤར་ཅན།

གླིང་འགུ་ཟི་རྒྱལ་པོའི་ཕུ་བོའི་རྒྱ་ཡིག་གསུམ་ཅན་གྱི་གུ་རུ་སྟོང་སྐུའི་ནང་གསེས་ཀྱི་ཞལ་ཐང་རྙིང་པ་གཉིས།

ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་བླ་བརྒྱུད་ཞལ་ཐང་རྙིང་པ།
དེའང་ཚབ་ཚ་དགོན་པའི་མིང་ཆ་ཚང་ལ་ཚབ་ཚ་ཆོས་འཁོར་རྣམ་རྒྱལ་གླིང་ཞེས་ཞུ། ཆགས་སའི་ཡུལ་ནི་ཨ་ཕྱུག་གྲོང་རྡལ་ཡིན་ལ་གྲོང་རྡལ་དེ་ནི་སྡེ་དགེ་རྫོང་མཁར་གྱི་བྱང་ཤར་རྒྱུད་དུ་གནས། ཨ་ཕྱུག་རྩྭ་ཐང་ངམ་ལྕི་སོས་ཡག་གི་ཁ་མདོ་ཞེས་པ་ནི་འབྱོར་ཕྱུག་ལྡན་པའི་དོན་ཡིན། ཡུལ་དེ་ས་རྒྱ་ཆེ་ཞིང་རྩྭ་ཆུ་འཛོམས་པ། ཕྱུག་རིགས་འཕེལ་ཁ་དར་བའི་ཨ་ཕྱུག་རྩྭ་ཐང་ཡོད་པས་མིང་དེ་ལྟར་ཐོགས། ༡༩༥༡ལོར་འདན་ཁོག་རྫོང་གི་ཁོངས་སུ་གཏོགས། ༡༩༥༩ལོར་ཨ་ཕྱུག་ཤང་གསར་དུ་བཙུགས་པ་དང་། ༡༩༧༤ལོར་ཨ་ཕྱུག་མི་དམངས་ཀུང་ཧྲེ་བཙུགས། ༡༩༧༨ལོར་འདན་ཁོག་རྫོང་བཤིག་ནས་སྡེ་དགེ་རྫོང་གི་ཁོངས་སུ་བགོས། ༡༩༨༤ལོར་ཤང་མིང་བསྐྱར་གསོ་བྱས་ཤིང་། ༢༠༡༤ལོར་ཤང་མིང་ཨ་ཕྱུག་གྲོང་རྡལ་ཞེས་བསྒྱུར། ཤང་སྲིད་གཞུང་དེ་བཙན་ལུང་གྲོང་སྡེར་ཆགས། རྫོང་མཁར་དང་བར་ཐག་སྤྱི་ལེ༢༠༧དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༣༦༨༠ཡོད། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣༥༦༣ཡོད་ཅིང་། དེ་ནི་འབྲོག་ལས་རྐྱང་པའི་གྲོང་རྡལ་གྱི་གྲས་སུ་གཏོགས་ཡོད།
ཨ་ཕྱུག་གི་སའི་ཁྱད་ཆོས་ལ། ས་ཨ་ཕྱུག་རི་ཐང་མར་རྒྱན་འདྲ། །ཕྱུག་འབྲི་མོ་ཡག་དོན་དེ་ནས་བྱུང་། །ཕྱུག་རྟ་ནོར་འཕེལ་དོན་དེ་ནས་བྱུང་། །གླིང་གེ་སར་སྐྱེས་བུའི་དང་རྩེ་ཡིན། །ཕོ་སྐྱེ་གཟུགས་ཡག་དོན་དེ་ནས་བྱུང་། །བསང་དགྲ་ལྷ་འཁོར་དོན་དེ་ནས་བྱུང་། །མ་འབྲུག་མོ་མོ་སྨན་དང་རྩེ་ཡིན། །སྨན་བུ་མོ་མཛེས་དོན་དེ་ནས་བྱུང་། །སྨན་ལག་བསོད་ཆེ་དོན་དེ་ནས་བྱུང་། ཞེས་དམངས་ཁྲོད་ལ་ངག་རྒྱུན་གྲགས་སོ། །
ཐོག་མར་དགོན་ས་འདེབས་མཁན་ནི་གྲུབ་ཆེན་ཚབ་ཚ་བླ་མ་ཡིན་པས་ཁོང་གི་མཛད་རྣམས་ཀྱི་སྒོ་ནས་སཱཙྪ་དགོན་པ་ཞེས་གྲགས་ལ་རབ་བྱུང་གཉིས་པའི་མཇུག་གམ་གསུམ་པའི་མགོ་ཙམ་ཡིན་པ་ཐོག་མའི་གདན་ས་འཛིན་མཁན་ཕག་གྲུ་རྡོ་རྗེ་རྒྱལ་པོའི་དངོས་སློབ་གྲུབ་ཐོབ་ཉག་སེར་ཡིན་པར་ཤེས་ཐུབ། གཞན་ཡང་དགོན་པའི་མིང་ལ་ཚར་ཚར་དང་། ཚ་ཚ། ཀརྨ་པའི་ཚབ་ཚ་བླ་མ། ཞེས་པའི་བཀའ་ཐམ་རིན་པོ་ཆེའི་ནང་ཡོད་སྟབས་ཚབ་ཚ་འབྲི་བ་གྲགས་ཆེ།
དགོན་པའི་རིག་དངོས་ལ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་རང་རྣམ་ལས། ཁོང་དགུང་ལོ་བཅུ་དགུ་(སྤྱི་ལོ༡༧༡༧)པའི་དབྱར་ཐོག་དེར་ཚབ་ཚ་བླ་མའི་ཞུ་གསོལ་ནན་སྦྱར་ངོར་ཤར་ཟླའི་ཕྱོགས་སུ་ཕྱག་བཏེགས་ནས་སྐུ་བརྙན་རྣམས་དང་ལྷ་ཁང་(གླང་ཐིལ་དགོན)བདེ་མཆོག་གི་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་རབ་གནས་མཛད་བླ་སློབ་ལ་བཀའ་དབང་སོགས་སྩལ། ཞེས་པ་བལྟས་ན་སྔོན་ནས་དགོན་པ་ལ་རིག་དངོས་རྩ་ཆེན་མང་པོ་ཡོད་པར་གསལ།
དེའང་དགོན་པའི་རིག་དངོས་ལ་ཕྱི་ཡི་གཙུག་ལག་ཁང་སོགས་དང་བསྟན་གཙོ་དང་། རོལ་ཆས་མཆོད་ཆས་སོགས་ནི། སྤྱི་ཁང་གཅིག །རྔ་ཁང་གཅིག །གྲྭ་ཤག་ཐོག་ཚོགས་ཆེན་འདུ་ཁང་གཅིག །ལྷ་ཆེན་གཅིག །ཇོ་ཁང་།གསེར་གདུང་ལྷ་ཁང་། མགོན་ཁང་། གྲོ་ལོད་ལྷ་ཁང་། ལྷ་ཆེན་ཁང་། བཤད་གྲྭ་དང་སྒྲུབ་གྲྭའི་གཙུག་ལག་ཁང་གསར་རྙིང་གཉིས། སྒྲུབ་པ་སྡེ་གསུམ། སྒྲོལ་མ་ལྷ་ཁང་། གུ་རུའི་ལྷ་ཁང་གཉིས། ཆོས་གྲྭ་ལྷ་ཁང་། སྨྱུང་གནས་ལྷ་ཁང་བཅས་ཡོད་ལ་འདི་སྐབས་སུ་མ་བབས་ནས་མ་སྤྲོས། སྔོན་མིང་ལ་རྟེན་རྙིང་ལྷ་ཁང་དང་། ཕྱིས་སུ་རིག་དངོས་ཀྱི་གྲངས་སྤུས་གང་ལའང་བརྟེན་ནས་ཨ་ཕྱུག་ཚབ་ཚ་དགོན་པའི་གླིང་ཡུལ་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་ཞེས་བཏགས་ཏེ་སྒོ་འབྱེད་ཀྱི་མཛད་སྒོ་སྤྱི་ལོ་༢༠༢༥ལོའི་ཟླ་ ཚེས་ ཉིན་ལ་སྤེལ། སྔོན་གྱི་རྟེན་རྙིང་ལྷ་ཁང་ཞེས་པའི་མིང་བཅོས་ནས་ཨ་ཕྱུག་ཚབ་ཚ་དགོན་པའི་གླིང་ཡུལ་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་ཞེས་མིང་གསར་དུ་བཏགས་དོན་ནི། དེ་ཆགས་སའི་ཡུལ་ཨ་ཕྱུག་རྩྭ་ཐང་ཡིན་པས་དང་། སྔོན་གྱི་རྟེན་རྙིང་ལྷ་ཁང་དེ་དགོན་པའི་ཁོངས་གཏོགས་ཡིན་པས་ཚབ་ཚ། གླིང་ཡུལ་རིག་གནས་ཞེས་པ་གླིང་གེ་སར་འཁྲུངས་ཡུལ་ཡིན་པ་དང་གླིང་གེ་སར་གྱི་རིག་དངོས་ཤུལ་བཞག །ཆོས་ལུགས་ཀྱི་རིག་དངོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་མཉམ་འགྲོ་མཉམ་འདུག་མཉམ་འདྲེས་ལས་བྱུང་བའི་རིག་དངོས་བཅས་ཡོད་པ་རྒྱུ་མཚན་དུ་བྱས་ནས་མིང་དེ་ལྟར་བཏགས་པའོ། །
རིག་དངོས་གཙོ་བོ་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་རྙིང་པ་དང་། གླིང་གེ་སར་རྒྱལ་པོ་དང་ཕུ་ནུ་མིང་སྲིང་གིས་སྤྱད་མྱངས་བའི་དངོས་པོ། ཞལ་འབག་སོགས་གེ་སར་རིག་དངོས་དང་། སྡེ་དགེའི་པར་གཞིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་སྤྱི་ལོ་༡༧༡༨ལོར་བརྐོས་པའི་པར་རྙིང་གླེགས་ཐག་དང་། གདོང་རྟགས། དབུ་ལྷའི་ཞལ་འགེབ་སོགས་ཁྱད་ཆོས་ཐུན་མིན་ལྡན་པ་ཆ་གཉིས། སྡེ་དགེ་ཚང་ནས་གནང་བའི་ཚོགས་ཟངས་ཆེ་གྲས་སྤྱི་ལོ་༡༨༤༥ལོར་བཟོས་པ་གཉིས། སྟོན་པའི་སྐུ་རྙིང་ཐུབ་པ་བྱེའུ་དྲོད་མ་ཞེས་པ་དང་། ཞལ་ལུ་ལི་མ་ཞེས་སྐུ་རྩ་ཆེན། ཆོས་སྐྱོང་བེར་ནག་ཅན་གྱི་སྐུ་བརྗིད་ཉམས་ཅན། ཚེས་བཅུ་རྟེན་གཙོ་གཏེར་མ་གུ་རུ་གཙོ་འཁོར་གསུམ། ལྷ་སའི་ཇོ་བོ་བཟོ་བཀོད་ལྟར་རིན་ཆེན་དང་པོ་དང་། གཉིས་པ་ལས་གྲུབ་པ་རིན་བྲལ་གཟི་བྱེ། པད་རག་མུ་ཏིག་སོགས་དུ་མའི་ཕྲ་རྒྱན་གྱིས་སྤུད་པ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་ཟངས་གསེར་ལས་གྲུབ་པའི་ཇོ་བོ་བཅུ་གཅིག་ཞལ། རྒྱུ་ཟངས་གསེར་ལས་གྲུབ་པའི་ཀརྨ་པ་བདུད་འདུལ་རྡོ་རྗེའི་སྐུ་གསུང་འབྱོན་མ། ལྷ་བཟོ་ཨེ་སྣ་ནས་བསྐྲུན་པའི་དུས་གསུམ་སངས་རྒྱས་ཐུགས་ཀ་ནས་གཟུངས་བཞུགས་བླངས་པའི་ལྡེབས་བྲིས་ཉམས་གསོ་ཚད་ལྡན་གྲུབ་པ། གུ་རུ་མཚན་བརྒྱད་ཐང་སྐུ། ཐུབ་པའི་སྐྱེས་རབས་ཐང་སྐུ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཕྱག་བྲིས་གནས་བཅུ་ཆུ་གཟིགས་མ་ཞེས་པའི་སྐུ་ཐང་། སྒྲུབ་རྒན་ན་རིམ་གྱིས་ཕྱག་རིས་སྐུ་ཐང་། ཆོས་སྐྱོང་ཐང་སྐུ་སོགས་དང་། རོལ་མོ་ཚངས་དབྱངས་སྒྲ་ལྡན། ཤང་ཁྱེར་སིལ་སྙན་མ་ཎི་མ་ཆ་གཉིས། གཞན་ཡང་རྙིང་ལྡན་རོལ་སིལ་ཁ་ཤས། དངུལ་གྱི་མཎྜལ། དངུལ་གྱི་སྤོས་ཕོར། དངུལ་གྱི་མཆོད་ཆ། གསེར་དངུལ་བཀྲ་མའི་རྒྱ་གླིང་བཅས་ཕྱོགས་ཙམ་བརྗོད་པ་ལས་ཞིབ་བརྩིས་དཀར་ཆག་ལས་ཤེས་པར་འཚལ།
ཚབ་ཚ་དགོན་པའི་རྟེན་གྱི་གཙོ་བོ་ཐུབ་པ་བྱེའུ་དྲོད་མ་ཡིན་པ་དང་། ཐུབ་པའི་སྐུ་འདི་ལ་བཤད་རྒྱུན་དུ་སྟོན་པའི་སྙིང་ཁར་བྱེའུ་ཞིག་གི་དྲོད་ཚད་ལྟར་ཡོད་པས་ཐུབ་པ་བྱེའུ་དྲོད་མ་ཞེས་འབོད། དུས་རབས་བཅུ་གསུམ་དང་བཅུ་བཞི་བར་ནས་བཟོས་པ་དང་། བཟོ་མཁན་རྒྱ་གར་ལྷ་བཟོ་དང་བོད་ཟུང་འབྲེལ་གྱིས་བཟོས་པ་ཞིག་ཡིན། དེ་ལ་སྤྱན་གྱི་རི་མོ་དང་ན་བཟའི་ཟུར་གྱི་ཟངས་དཀྲིས། ཕྱག་སེན་སོགས་ཁྱད་དུ་འཕགས་པའི་བཟོ་རྩལ་ལ་བསྟེན་ནས་བཟོས་ཡོད།
བེར་ནག་ཅན་ནི་ཀརྨ་བཀའ་བརྒྱུད་ཀྱི་སྲུང་མ་གཙོ་བོ་དང་། དེ་བཞིན་ཚབ་ཚ་དགོན་པའང་ཀརྨ་བཀའ་བརྒྱུད་ཀྱི་དགོན་ཆེན་ཞིག་ཡིན་པས་བེར་ནག་ཅན་གྱི་སྐུ་འདིའང་རྟེན་གྱི་གཙོ་གྲས་ཡིན། རྟེན་འདི་ནི་དུས་རབས་བཅོ་ལྔ་པའི་ནང་ཧི་མ་ལའི་རི་བརྒྱུད་ནས་བཟོས་པའི་སྐུ་ཞིག་ཡིན།སིལ་སྙན་འདི་གཉིས་ལ་ངག་རྒྱུན་འདི་ལྟར་ཞིག་ཀྱང་ཡོད། དེ་ནི་གནའ་དུས་སུ་སིལ་སྙན་འདི་གཉིས་ནི་བྱ་ཤང་པས་ཁྱེར་ཡོང་ཞེས་བཤད་རྒྱུན་ཡོད་པས། མིང་ལའང་ཤང་ཁྱེར་མ་ཎི་མ་ཞེས་འབོད་བཞིན་ཡོད། འདི་ནི་བལ་ཡུལ་ལག་རྩལ་ལ་བརྟེན་ནས་བཟོས་པ་དང་དུས་རབས་བཅུ་བཞི་བཅོ་ལྔ་ཡར་མར་གྱི་ཅ་དངོས་རྩ་ཆེན་ཞིག་ཡིན།
སྟོན་པའི་སྐུ་ཞལ་ལུ་ལི་མ་རྩ་ཆེན། སྐུ་འདི་ནི་ཞ་ལུ་དགོན་ནས་ཐོན་པའི་སྐུ་འདྲ་ཞིག་སྟེ། དེ་ཡང་ཞ་ལུ་དགོན་ནི་དུས་རབས་བཅུ་གཅིག་པར་གཞིས་རྩེ་ས་ཁུལ་དུ་སྤྱི་ལོ་༡༠༠༣ལོར་རྗེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ་པ་དང་། སྟོན་པའི་སྐུ་འདི་ནི་དུས་རབས་བཅོ་ལྔ་པའི་སྐབས་སུ་ཐོན་པའི་སྟོན་པའི་སྐུ་རྩ་ཆེན་ཞིག་ཡིན།
དེའང་རིག་དངོས་དེ་དག་དང་འབྲེལ་བ་ཆེ་བའི་དུས་མཆོད་དང་སྒྲུབ་མཆོད་ཀྱི་སྐོར། དེ་ཡང་ཚབ་ཚའི་དགུ་གཏོར་ཆེན་མོ་ཞེས་གྲགས་པ་ཆེ་ལ། འདུ་ཚོགས་སོགས་ཆེ་བས་ཚབ་ཚའི་དགུ་ཆེན་ཐི་ར་ཞེས་རྫ་འབྲི་རྨ་གསུམ་གྱི་སྐྱེ་བོའི་ཚོགས་ཚོང་ལ་འདུ། སྒྲུབ་རྒན་བཞི་པ་ཆོས་འཛིན་རྒྱལ་པོའི་སྐབས་ཀརྨ་པ་བྱང་ཆུབ་རྡོ་རྗེའི་ལུང་བསྟན། དགུ་ཆེན་གྱི་ཕྱག་ལེན་འཆམ་སོགས། མཚུར་ཕུ་ནས་བསླབས་སྦྱང་བྱས་ནས་དར། དགུན་ཐ་མའི་ཚེས་ཉེར་གཅིག་ནས་དགུ་ཆེན་འཚོགས། ཚེས་ཉེར་བརྒྱད་དང་ཉེར་དགུ་ལ་དགུ་གཏོར་ཆེན་མོའི་གར་འཆམ་གནང་། ཚེས་སུམ་ཅུ་ལ་བསང་བཏང་ནས་ཡུལ་སྡེ་ཀུན་ལ་ལྷ་མཇལ་བྱས་ཏེ་གྲོལ། བོད་ཟླ་དང་པོའི་ཚེས་བཞི་ནས་ཆོས་སྤྱོད་ཀྱི་རིམ་པ་རྣམས་འཚོགས། ཚེས་བཅོ་ལྔ་ནས་བཅུ་དགུ་བར་ཆོས་སྤྱོད་རབ་གསལ་འཚོགས། བཅུ་དགུ་ལ་བཅས་ཐོ་ལན། བོད་ཟླ་ལྔ་པའི་སྟག་ཟླའི་ཚེས་བཅུ་ནས་ཀུན་རིག་ཉིན་དགུ་འཚོགས། ཚེས་ཉེར་བརྒྱད་ལ་རྒྱལ་བ་རྒྱ་མཚོ་སྟ་གོན་མཛད་ནས་ཉིན་བདུན་རིང་འཚོགས། སྒྲུབ་སྤྲུལ་ལྔ་པའི་འདས་མཆོད་ཡིན། བོད་ཟླ་དྲུག་པའི་ཚེས་བདུན་ནས་བདེ་མཆོག་ཉིན་བདུན་འཚོགས་གྲུབ་རྗེས་སྒར་བསང་ཉེར་གཅིག་གིས་གྲོལ། འདིའི་ཚེས་བརྒྱད་དང་དགུ་བཅུ་ལ་གྲྭ་མང་སྤྲོ་གསེང་གནང་། ཟླ་བ་འདིའི་ནང་དབྱར་གནས་པ་རྣམས་དབྱར་གནས་ལ་བཞུགས་དགོས་སོ། །ཚེས་ཉེར་གཅིག་ནས་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དང་། པདྨ་བཛྲ་གཉིས་ཉིན་དྲུག་འཚོགས། བོད་ཟླ་དྲུག་པའི་ཚེས་གཅིག་ནས་བཅུ་བར་ཚེས་བཅུ་འཚོགས། ཚེས་དགུ་དང་བཅུ་ལ་གར་འཆམ་ངོ་མཚར་ཅན་ཡོད། བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་སྔ་མོ་དགུ་བཅས་སྡོམས་ཏེ་བཅས་ཐོ་འཇོག་ཕག་མོ་གཏོན། འདུ་ཁང་ལ་ས་དམར་དཀྱེར། བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་དྲུག་གི་བར་ཕག་མོ། དེ་ནས་ཉིན་གསུམ་ལ་ཀར་གླིང་ཞི་ཁྲོ་འཚོགས་ཏེ་གྲོལ། ཚེས་བཅུ་གཅིག་ནས་བུམ་སྒྲུབ་རྒྱལ་ཐོ་འཇོག་ནས་ཉིན་བཅུ་ལ་འཚོགས། དེ་ནས་ཚེས་ཉེར་བཞི་ལ་དགུ་ཆུང་ཉིན་དྲུག་འཚོགས་ནས་ཚེས་ཉེར་དགུ་ལ་ཆོས་སྐྱོང་བྱ་རོག་གདོང་སོགས་ཀྱི་འཆམ་དང་། སེར་སྒྲིག་ལ་མགོན་པོ་བེར་གྱི་སྐུ་བཟོ་དང་། དམ་ཅན་ལྷ་མོ་གསུམ་ཕེབས་གསོ་མཆིས་ཤིང་། ཕྱི་དྲོ་ཞྭ་ནག་འཆམ་དང་བཅས་གཏོར་བརྒྱད་མཛད། དགུན་ཉི་ལོག་སྐབས་ཉི་ཟློག་གི་གཏོར་རྒྱེབས། ཉིན་བཅུ་ལ་གྲོ་ལོད་སྒྲུབ་པ་ཚད་ལྡན་མཛད་ནས་བཅུ་གཅིག་ཉིན་ཡས་ཟོར་སྦྱིན་བསྲེགས་མཛད་ནས་གྲོལ།
དེ་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ལེའུ་གཉིས་པའི་དོན་ཚན་བཅུ་གསུམ་པ་དང་བཅུ་བཞི་པར་གཞིགས་ན། གནའ་ཤུལ་དགོན་པ་རིག་དངོས་ཤུལ་བཞག་བོད་ཡིག་དཔེ་རྙིང་། ཐང་ག་རྙིང་པ། དཔར་ཤིང་བཅས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དཔང་བྱེད་རིག་གནས་ཐོན་ཁུངས་གཙོ་བོ་ཡིན། སྲིད་གཞུང་རིམ་པ་ཁག་གིས་སྔོག་འདོན་སྲུང་སྐྱོབ་ལུགས་མཐུན་འགྲེམས་སྟོན་བེད་སྤྱོད་ཁྲིམས་བཀོད་འགན་འཁྲི་འཁུར་དགོས། རིག་དངོས་བཤམས་སྟོན་གནས་ཡུལ་འགྲེམ་སྟོན་ལས་དོན་གྱིས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བཟུང་ནས་ཚད་ལྡན་ངང་འགྲེལ་བཤད་རྒྱག་པ་དང་མི་རིགས་སོ་སོའི་ཐུན་མོང་གི་རིག་གཞུང་རྒྱུན་འཛིན་བྱ་དགོས། ཞེས་གསུང་པ་བཞིན་ཨ་ཕྱུག་ཚབ་ཚ་དགོན་པའི་གླིང་ཡུལ་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་གིས་སྤྱི་འགྲོ་བ་མིའི་རིག་གནས་དར་རྒྱས་དང་། ས་གནས་རང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པ་ལ་མཛད་རྗེས་གང་འཚམས་འཇོག་པར་གྱུར།