
ཚེས་བཅུའི་འཆམ།


ཀརྨ་པཀྵིས་མཛད་པའི་གེ་སར་བསངས་མཆོད་ལག་བྲིས་མ།
རྩོམ་སྒྲིག་པའི་གཏམ།
སེང་ཆེན་སྐྱེས་བུ་དོན་འགྲུབ་ལ་བསང་མཆོད་འབུལ་ཚུལ་ལགས་སོ། །ཞེས་པ་འདི་ནི་ཀརྨ་པ་སྐུ་ཕྲེང་གཉིས་པ་གྲུབ་ཐོབ་ཀརྨ་པཀྵིའམ(༡༢༠༤--༡༢༨༣)ཀརྨ་པཀྵིས་མདོ་ཁམས་ས་ཡི་ཐིག་ལེ་འདམ་སྟོད་ཁ་ཤིས་གོང་ནས་མཛད་པ་ཡིན་ཞེས་པའི་ཡིག་རྙིང་གློག་པར་མ་ལས་བཤུས་པ་ཡིན །རྩོམ་པ་པོས་གཟིམ་ལམ་དུ་གཟིགས་པ་ལྟར་གླིང་གི་དཔལ་རྟུལ་དང། ཕུ་ནུ།མོ་སྨན་སོགས་ལ་ལོ་རྒྱུས་ཀྱི་མི་སྣ་དངོས་ཀྱི་ལྟ་བ་བཟུང་སྟེ་ཞིབ་འབྲི་གསོན་ཉམས་ལྡན་པ་བགྱིས་འདུག་པ་ནི་གླིང་གེ་སར་རྒྱལ་པོའི་སྐོར་ཞིབ་འཇུག་བྱ་བ་ལ་དམིགས་བསལ་གྱི་གནས་བབ་འགངས་ཆེན་ཞིག་བཟུང་ཡོད། ཁོང་དང་གླིང་གེ་སར་རྒྱལ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས། གནའ་ཤུལ་སྒྲུང་ཡིག་གང་ལ་དཔྱད་ན་བསང་མཆོད་འདིའི་སྔོན་དུ་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ཞེས་ཡི་གེའི་ཐོག་ཏུ་ཕབ་པ་ནི་མེད་ཅེས་ཚིག་ཐག་བཅད་ཆོག་པ་འདྲ། དེར་བརྟེན།བོད་གངས་ཅན་ལྗོངས་འདིར་གླིང་གེ་སར་རྒྱལ་པོའི་སྒྲུང་ཞེས་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཡི་གེར་ཕབ་པའི་ཐོག་མའི་ལམ་སྟོན་པ་ཁོང་ཡིན་ཞེས་ཟེར་ཆོག་པ་སྙམ། སྐབས་འདིར་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་སྐྱིད་སོས་ཡག་ཏུ་གེ་སར་ནོར་བུ་དགྲ་འདུལ་དང་། གླིང་དཀར་དཔའ་བརྟུལ་མ་སྲུ་དང་བཅས་པའི་ལོ་རྒྱུས་ཤེས་པར་བྱ་བར་རྒྱབ་ལྗོངས་སུ་བཀོད་པའོ། །
ཀྱེེ། ཆོས་སྐུ་དབྱིངས་ཀྱི་ཕོ་བྲང་ནས། །འོད་གསལ་ལྷུན་གྲུབ་ཕོ་བྲང་ནས། །སྐྱབས་ཀུན་འདུས་སངས་རྒྱས་སྤྲུལ་པའི་སྐུ། །སྐུ་མི་འགྱུར་འཕགས་པ་འཇམ་དཔལ་སྐུ། །གསུང་མི་འགགས་ཐུགས་རྗེ་ཆེན་པོའི་གསུངས། །ཐུགས་མི་འཁྲུལ་ཕྱག་ན་རྡོ་རྗེའི་ཐུགས། ། རིགས་གསུམ་མགོན་པོའི་སྐྱེ་བ་ཡིན། །རིགས་ལྔ་ཐུགས་ཀྱི་སྤྲུལ་པ་ཡིན། །ས་བཅུ་ནོན་པའི་སངས་རྒྱས་ཡིན། །དབུ་ནག་བོད་ཀྱི་ལྷ་སྐལ་ཡིན། །ཐབས་ཀྱི་འགྲོ་དོན་བྱེད་པའི་མཆོག །སྐྱེ་འགྲོ་ཡོངས་ཀྱི་བསྐྱབས་གཅིག་པུ། །འཛམ་གླིང་མུན་པ་གསལ་བྱེད་པ། །སེང་ཆེན་ནོར་བུ་དོན་འགྲུབ་ཀྱི། །བསངས་དང་སྤྱན་འདྲེན་གཤེགས་སུ་གསོལ། །ཁྱེད་སེང་ཆེན་ནོར་བུ་དགྲ་འདུལ་ལ། །དབུ་སྐྲ་ཉི་ཁྲི་དགུ་འབུམ་ལ། །འཇའ་འོད་ཉི་ཁྲི་དགུ་འབུམ་བཞུགས། །མ་དང་མཁའ་འགྲོ་འདུལ་བའི་རྟགས། །སྤྱི་གཙུག་དུང་ཁང་གཞལ་ཡས་ནས། །འབར་བ་ཁྲག་འཐུང་ལྔ་བཅུ་བཞུགས། །མ་དང་མཁའ་འགྲོ་འདུལ་བའི་རྟགས། །སྤྱན་གཅིག་ཁྲོ་བའི་ཟུར་ཁ་ནས། །རུ་ཏྲ་འདུལ་བའི་སྡང་མིག་ལྟ། །དུང་སོ་དཔའ་མོ་སུམ་ཅུ་པ། །བྱོན་པའི་རིམ་སོལ་སུམ་ཅུ་བཞུགས། །དེ་ལ་སྐྱེས་འཛུམ་དྲུག་ཅུ་བཞུགས། །ཁྱེད་ཀྱི་ཁ་འཛིན་མཛད་པའི་རྟགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ། །ཆོས་སྐུ་རྒྱལ་བ་རིགས་ལྔ་བཞུགས། །ཆོས་སྐུ་ལྷུན་གྱིས་འགྲུབ་པའི་རྟགས། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ། ། དྲུག་པ་རྡོ་རྗེ་འཆང་ཆེན་བཞུགས། །སྟོང་ཉིད་ཕྱག་རྒྱ་རྟོགས་པའི་རྟགས། །ཕྲག་པ་གཡས་ཀྱི་གདན་སྟེང་ན། །རྒྱལ་སྲས་འཕགས་པ་འཇམ་དཔལ་བཞུགས། །མཁྱེན་རབ་རྟོགས་པ་ཐོབ་པའི་རྟགས། །ཕྲག་པ་གཡོན་གྱི་གདན་སྟེང་ན། །མཐུ་ཆེན་ཕྱག་ན་རྡོ་རྗེ་བཞུགས། །མཐུ་སྟོབས་རྟོགས་པ་ཐོབ་པའི་རྟགས། །འཆང་བ་གཡས་ཀྱི་གདན་སྟེང་ན། །དགོས་འདོད་ཡིད་བཞིན་ནོར་བུ་བཞུགས། །ཁམས་གསུམ་དབང་དུ་འདུས་པའི་རྟགས། །འཆང་བ་གཡོན་གྱི་གདན་སྟེང་ན། །
མི་འགྱུར་གཡུང་དྲུང་འཁྱིལ་བ་བཞུགས། །དགྲ་བཞི་ཆམ་ལ་ཕབ་པའི་རྟགས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་བཞུགས། །བདུད་རིགས་ཆམ་ལ་ཕབ་པའི་རྟགས། །པུས་མོ་གཡས་ཀྱི་གདན་སྟེང་ན། །རྒྱལ་བ་ཤཱཀྱ་ཐུབ་པ་བཞུགས། །སྐུ་ལ་བཀའ་བཅུ་རྫོགས་པའི་རྟགས། །པུས་མོ་གཡོན་གྱི་གདན་སྟེང་ན། །བོན་སྐུ་སྟོན་པ་གཤེན་རབ་བཞུགས། །མཐུ་སྟོབས་སྐུ་ལ་རྫོགས་པའི་རྟགས། །རྐང་མཐིལ་རླུང་གི་འཁོར་ལོ་ལ། །མི་འགྱུར་ཨ་ཆུང་དཀར་པོ་བཞུགས། ། ཁམས་གསུམ་ཆོས་ལ་བསྒྱུར་བའི་རྟགས། །
ཀྱེེ། འཛམ་གླིང་སེང་ཆེན་དགྲ་འདུལ་གྱི། །ལྷ་འཁོར་ཡོངས་སུ་རྫོགས་པ་བསངས། །གསུངས་འདུས་ཆོས་ཀུན་འདུས་པ་བསངས། །ཐུགས་འདུས་དགེ་འདུན་ཀུན་འདུས་བསངས། །ཡོན་ཏན་མཐུ་སྟོབས་ལྔ་བཅུ་བསངས། །ཕྲིན་ལས་དྲག་ཤུལ་མེ་དབལ་བསངས། །བཀའ་མདོ་སྔགས་གཉིས་ཀྱི་བདག་པོ། །ལུང་མན་ངག་གཉིས་ཀྱི་བདག་པོ། །ཐབས་ཤེས་རབ་གཉིས་ཀྱི་བདག་པོ། །ཆོས་སྐུ་ལྷུན་གྱིས་གྲུབ་པ་ལ། །ཡཀྵ་མོ་དབལ་ལྷ་ཚོགས་བསངས། །ཀླུ་གདོན་གདུགས་པ་འདུལ་མཛད་པ། །ཁྱུང་ཆེན་འབར་བའི་ལྷ་ཚོགས་བསངས། །ཕྱོགས་བཞིའི་དགྲ་བཞི་འདུལ་མཛད་པའི། །མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་བསངས། །པར་ཁ་བརྒྱད་ལ་དབང་བའི་ཕྱིར། །འཇམ་དཔལ་རིགས་ལྔ་ལྷ་ཚོགས་བསངས། །ཉམས་གྲིབ་མ་ལུས་སངས་གྱུར་པས། །སྨེ་བ་བརྩེགས་པའི་ལྷ་ཚོགས་བསངས། ། སངས་རྒྱས་བསྟན་པ་བསྲུང་མཛད་པ། །ཡེ་ཤེས་མགོན་པོའི་ལྷ་ཚོགས་བསངས། །སྡང་དགྲ་རྩད་ནས་གཅོད་པའི་ཕྱིར། ། དཔལ་ལྡན་ལྷ་མོའི་ལྷ་ཚོགས་བསངས། །རྨ་གཡང་དངོས་གྲུབ་ཆར་འབེབས་པ། །ཨ་ཕྱི་ཆོས་སྒྲོན་ལྷ་ཚོགས་བསངས། ། ཟས་ནོར་ལོངས་སྤྱོད་སྤེལ་མཛད་པ། །ཛཾ་པ་ལྷ་ཡི་ལྷ་ཚོགས་བསངས། །རྣལ་འབྱོར་བར་ཆད་སེལ་བའི་ཕྱིར། །དམ་ཅན་རྒྱལ་པོའི་དམག་ཚོགས་བསངས། །ཅི་བསམ་དོན་རྣམས་འགྲུབ་པ་ལ། །སེང་ཆེན་སྐྱེས་བུ་ལྷ་ཚོགས་བསངས། །
ཀྱེེ། སེང་ཆེན་སྐྱེས་བུ་དོན་འགྲུབ་ལ། །ཁྱོད་འབོད་ཀི་དང་བསྭོ་ཡི་འབོད། །གཡབ་ནི་མདའ་དང་དར་གྱིས་གཡབ། རིགས་གསུམ་མགོན་པོའི་སྤྲུལ་པ་ལ། །གླིང་རྗེ་གེ་སར་རྒྱལ་པོ་ནི། །སྐུ་སྟོད་ལྷ་རིས་འཁྱུགས་སེ་ཁྱུག །ལྷ་དམག་འབུམ་གྱིས་འཁོར་གྱིས་བསྐོར། །སྐུ་སྐེད་གཉེན་རིས་འཁྱུགས་སེ་ཁྱུག ། གཉེན་དམག་འབུམ་གྱིས་འཁོར་གྱིས་བསྐོར། །སྐུ་སྨད་ཀླུ་རིས་འཁྱུགས་སེ་ཁྱུག །ཀླུ་དམག་འབུམ་གྱིས་འཁོར་གྱིས་བསྐོར། །སྐུ་ལ་ལྷ་འཁོར་དཔུང་སེ་དཔུང་། །ཐུགས་ལ་རྒྱལ་ཁ་ལིངས་སེ་ལིང་། །གསུང་གི་ཀི་བསྭོ་ལྷངས་སེ་ལྷང་། །ཞབས་ལ་མཐིལ་ཆུང་སྡིངས་དྲུག་གསོལ། །རིན་ཆེན་སྣ་བདུན་བརྒྱན་ཆ་བྱས། །ཝེར་ཟོག་གོ་ཆེན་བརྒྱན་པ་ཡི། །ཉི་མ་རྨོག་དཀར་དབུ་ལ་གསོལ། །སྐར་མའི་ཁྲབ་དཀར་སྐུ་ལ་གསོལ། ། ཟླ་བའི་ཕུག་ཆེན་རྒྱབ་ལ་ཁུར། །ཕྱག་གཡས་རྦ་ལྕག་དཀར་པོ་དང་། །
གཡོན་པས་དར་མདུང་དཀར་རིང་འཛིན། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །བཏབ་པ་ལེན་མེད་བློ་ལ་བཏག །སེང་ཆེན་ནོར་བུ་དགྲ་འདུལ་ཁྱོད། །ཁྲབ་དཀར་སྐུ་ལ་གསོལ་བའི་དུས། །ས་མདོ་ལྕགས་མཁར་སྒོ་མདོ་འདྲ། ། རྨོག་དཀར་དབུ་ལ་གསོལ་བའི་དུས། །རི་མགོ་གངས་ཆགས་ཐོག་པ་འདྲ། །དེ་ལ་རྒོ་འཕྲུ་གཙུག་པ་ནི། །བར་སྣང་ཁྱུང་ཆེན་ལྡིང་བ་འདྲ། །དེ་ལ་དར་འཕྲུ་བཙུགས་པའི་དུས། །མཁའ་ལ་འཇའ་ཚོན་ཤར་བ་འདྲ། །ཕུབ་རྗེ་རྒྱབ་ལ་ཁུར་བའི་དུས། །རྒྱལ་ཆེན་འཁོར་གྱིས་བསྐོར་བ་འདྲ། །འཁོར་གསུམ་སྐེད་ལ་བསྐོར་བའི་དུས། །སྟག་གཟིག་མཛུམས་མདངས་རྒྱས་པ་འདྲ། །སྐར་ཤམ་ཉ་ལ་བཅིངས་བའི་དུས། །ལྕག་གི་ཟོ་བ་དགུ་འདྲིལ་འདྲ། །ཕོ་ལྷ་གཡས་ལ་དགྲ་ལྷ་གཡོན། །ཝེར་མ་གཡས་ལ་གཅུང་པོ་གཡོན། །ཟ་ལྷ་གཡས་ལ་ཟོ་དོར་གཡོན། །ཆིབས་སུ་རྐྱང་བུ་སྣ་དཀར་ཆིབས། །སྣང་བ་མཐའ་ཡས་སྤྲུལ་པ་ལ། །འགྲོ་མགོན་རྐྱང་བུ་སྣ་དཀར་ཆིབས། །རྣ་བ་དཀར་བས་གནམ་དགྲ་ཐུལ། །སྤྱན་རྩ་དམར་བས་བཙན་དགྲ་ཐུལ། །
ཁ་སོས་རླུང་དགྲ་ཐུལ་བའི་རྟགས། །དཔུང་པས་དགྲ་བགེགས་ཐུལ་བའི་རྟགས། །རྗེས་བཞི་ས་བཞི་ཐུལ་བའི་རྟགས། །སེམས་ལ་སྟོང་ཉིད་ཐོབ་པའི་རྟགས། །ལུས་ལ་རྫུ་འཕྲུལ་འབྱུང་བའི་རྟགས། །རྣ་གཡས་ཁམས་པ་དུང་ལ་གྲུབ། །རྣ་གཡོན་ཁམས་པ་དངུལ་ལ་གྲུབ། །ལུས་སྤུ་སྡུག་མཛེས་པ་འཇའ་ཚོན་འདྲ། །རྐང་བཞི་བཀའ་ཐུལ་གཤིབས་པ་འདྲ། །རྗེ་བཞི་རྨོག་ཕོར་བསྒོལ་བ་འདྲ། །སྐེ་འགྱིང་བེར་ཆེན་ཕུ་རུང་འདྲ། །སྤྲ་བ་མེ་ལོང་ཕྱིས་པ་འདྲ། །རྣ་བ་རྒོད་ཀྱི་ཐིག་སྤྲིན་འདྲ། །
སྤྱན་ནི་ལ་ཁའི་སྐར་རྗེན་འདྲ། །སྤུ་མགོ་རེ་ལ་ཨོཾ་རེ་བྱོན། །སྤུ་སྐེད་རེ་ལ་ཨཱཿརེ་བྱོན། །སྤུ་རྩ་རེ་ལ་ཧཱུྃ་རེ་བྱོན། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལ། །འགྲོ་མགོན་རྐྱང་བུ་སྣ་དཀར་བསངས། །སྒ་ཆས་ཡོངས་སུ་རྫོགས་པ་ནི། །སྒ་ཆུང་གསལ་བ་འོད་ལྡན་ནི། །སྒ་གོང་གསེར་གྱི་པ་ཊ་ལ། །སྔ་རུ་རིན་ཆེན་གསེར་ལ་བྱས། །ཤཱཀྱ་ཐུབ་པའི་བྱིན་རླབས་འཁོར། །ཤཱཀྱ་ཐུབ་པའི་ལྷ་ཚོགས་བསངས། །ཕྱི་རུ་བ་སོ་དུང་ལ་གྲུབ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་འཁོར། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསངས། །ཡོབ་གཡོན་ཙནྡ་དམར་པོ་བྱས། །ཚེ་དཔག་མེད་ཀྱི་བྱིན་རླབས་འཁོར། །ཆིབས་གོང་སྨུག་པོ་འཆོང་ལ་བྱས། །ཕྱག་ན་རྡོ་རྗེའི་བྱིན་རླབས་འཁོར། །ཆིབས་སྙིང་དམར་པོ་ཟངས་ལ་བྱས། །
ཆིབས་གློ་ཁྲ་བ་གཟི་ལ་བྱས། །ཆབ་མ་ལེན་མེད་དུང་ལ་བྱས། །ཡོབ་ཆེན་ཁམས་པ་དངུལ་ལ་བྱས། །གཡུ་མཐུར་སྔོན་པོ་རྒྱུན་རིང་ལ། །
གསེར་སྲབ་ཉི་མ་འགྱུར་མེད་ལ། །སྲབ་མདའ་གཡུ་ལ་དར་མ་འབུམ། །བལ་སྟན་རིན་ཆེན་འོད་འཕྲོ་ལ། །ཟ་འོག་དར་གྱི་ཐོག་ཁེབ་བྱས། །སྒ་ཆས་ཡོངས་སུ་རྫོགས་པ་བསངས། །རྒྱལ་བ་རིགས་ལྔའི་བྱིན་རླབས་འཁོར། །སེང་ཆེན་མི་རྟ་འཁོར་བཅས་བསངས། །བདུད་རྩི་བསངས་ཀྱི་མཆོད་པ་འབུལ། །༡ཕོ་བོ་དུང་ཁྱུང་དཀར་པོ་ནི། །མི་ལུས་ཁྱུང་གི་མགོ་བོ་ཅན། །ཁྱུང་མགོ་གཡུ་ཡིས་རལ་པ་ཅན། །སྐུ་ལ་དུང་ཁྲབ་སྙིགས་སེ་སྙིག །དབུ་ལ་དུང་རྨོག་ལྡེམས་སེ་ལྡེམ། །འོག་ན་དུང་རྟ་དཀར་པོ་ཆིབས། །
མདའ་དར་གཡས་ལ་མདུང་དར་གཡོན། །འཁོར་དུ་ལྷ་དམག་འབུམ་གྱིས་བསྐོར། །གཉེན་ཆེན་སྐུ་ལྷ་གེར་མཛོ་ནི། །མི་ལུས་སེང་གེའི་མགོ་བོ་ཅན། །སེང་མགོ་གཡུ་ཡི་རལ་པ་ཅན། །སྐུ་ལ་གསེར་ཁྲབ་སྙེགས་སེ་སྙེག །དབུ་ལ་གསེར་རྨོག་ལྡེམས་སེ་ལྡེམ། །འཁོར་དུ་གཉེན་དམག་འབུམ་གྱིས་འབུམ། །༢ ནུ་བོ་ཀླུ་སྦྲུལ་འོད་ཆེན་ནི། །མི་ལུས་སྦྲུལ་གྱི་མགོ་བོ་ཅན། །སྦྲུལ་འོག་སྨན་གྱི་ལྕེ་ལྗང་ཅན། །སྐུ་ལ་གཡུ་ཁྲབ་སྙིགས་སེ་སྙིག །
འོག་ན་ཆུ་རྟ་སྔོན་པོ་ཆིབས། །མདའ་དར་གཡས་ལ་མདུང་དར་གཡོན། ། འཁོར་དུ་ཀླུ་དམག་འབུམ་གྱིས་བསྐོར། །ཁྱོད་ལྷ་ཀླུ་གཉེན་གསུམ་འཁོར་དང་བཅས། །འདི་བྱོན་བསངས་འདི་མཆོད་པ་བཞེས། །༣ ཁྲི་དཔོན་རྒྱ་ཚ་ཞལ་དཀར་ནི། །
སྐུ་མདོག་དཀར་པོ་ཟླ་བའི་མདོག །སྤྱན་ནི་ཐོ་རངས་དཀར་ཆེན་འདྲ། །སོ་དང་སེན་མོ་དུང་ལ་གྲུབ། །སྐུ་ལ་ཤེར་བེར་དཀར་པོ་གསོལ། །དབུ་ལ་རྒྱལ་བའི་ཐོད་དཀར་གསོལ། །དེ་ལ་བྱ་དཀར་ལྡེམ་འཕྲུ་བཙུགས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ཕྱག་ན་ཡ་ཚ་དཀར་སྤྲིན་འཛིན། །ཆིབས་སུ་རྒྱ་བྱ་སོག་དཀར་ཆིབས། །༤ ནུ་བོ་རང་ཚ་དམར་ལེབ་ནི། །
སྐུ་མདོག་དཀར་དམར་མདངས་དང་ལྡན། །སྐུ་ལ་ཟ་འོག་དམར་སྨུག་གསོལ། །དབུ་ལ་གསེར་རྨོག་སེར་པོ་གསོལ། །
དེ་ལ་བྱ་རྒོད་ལྡེམ་འཕྲུ་བཙུགས། ། སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ཕྱག་ན་མདུང་དར་དཀར་པོ་བསྣམས། །
ཆིབས་སུ་གྲོ་ཆུང་ཐོད་སྐྱ་ཆིབས། །གེ་སར་མཆེད་གསུམ་འཁོར་བཅས་ལ། །འཁོར་དུ་དཔའ་ཐིས་སུམ་ཅུས་བསྐོར། །
འདི་བྱོན་བདུད་རྩི་བསངས་མཆོད་བཞེས། །སྡང་དགྲ་རྩད་ནས་གཅོད་མཛད་པ། །མཐུ་ཆེན་ཝེར་མའི་དམག་ཚོགས་ནི། །ཨ་སྔོན་ཝེར་མ་འབྲུག་ལ་ཆིབས། །བར་སྣང་ཝེར་མ་གློག་ལ་ཆིབས། །གངས་དཀར་ཝེར་མ་སེང་ལ་ཆིབས། །ངང་རྫོང་ཝེར་མ་རྒོད་ལ་ཆིབས། །ཁྲག་གཡས་ཝེར་མ་འབྲོང་ལ་ཆིབས། །ནག་དམར་ཝེར་མ་རྐྱང་ལ་ཆིབས། །ནག་ཚལ་ཝེར་མ་སྟག་ལ་ཆིབས། །ཆུ་བོ་ཝེར་མ་ཉ་ལ་ཆིབས། །ས་གཞི་ཝེར་མ་སྦྲུལ་ལ་ཆིབས། །མཐུ་ཆེན་ཝེར་མའི་དམག་ཚོགས་རྣམས། །
འདིར་བྱོན་བསངས་དང་གསུར་མཆོད་བཞེས། །མཐུ་ཆེན་ཝེར་མའི་དགྲ་ལྷ་བསངས། །རི་དམར་གདོང་གི་ཡ་ཐ་ན། །རི་དམར་བང་ཞུའི་སྐྱབས་ཞབས་ན། །དགྲ་ལྷའི་གཉེན་སྟག་དམར་པོ་ནི། །མི་དམར་ཁྲག་གིས་རལ་པ་ཅན། །རྟ་དམར་བྱེ་རུའི་སྡོང་ལྕགས་ཅན། །འཁོར་དུ་དགུ་ལྷ་མཆེད་བརྒྱད་དངོས། །འབྲོང་ཡག་རྫུ་འཕྲུལ་ལ་སོགས་པ། །དགྲ་ལྷའི་དམག་ཚོགས་འབུམ་གྱིས་བསྐོར། །
འདིར་བྱོན་བསངས་དང་མཆོད་པ་བཞེས། །སེང་ཆེན་ནོར་བུ་དགྲ་འདུལ་གྱི། །ལྷ་འཁོར་ཡོངས་སུ་རྫོགས་པ་དང་། །གེ་སར་དམག་གི་རྒྱལ་པོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ནི། །མཆོད་པའི་ཡོ་བྱད་འབུལ་བ་ནི། །བཟང་དྲུག་སྨན་སྣ་བདུད་རྩི་ཅན། །མདའ་དང་མཁར་ཤུག་སིལ་བུ་དང་། །གཡག་ལུག་ར་གསུམ་གཟུགས་ཀྱང་འགྲོས། །དཀར་གསུམ་མངར་གསུམ་ཇ་ཆང་དང་། །ཕྱེ་མར་ཟས་ཕུད་སྤྱན་གཟིགས་དང་། །འདོད་ཡོན་བདུད་རྩིའི་མཆོད་པ་འདི། །བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མ་བསངས། །དངོས་གྲུབ་ཀུན་འབྱུང་ཡི་དམ་ལྷ་ཚོགས་བསངས། །བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོ་བསངས། །འཕྲིན་ལས་ཀུན་འགྲུབ་ཆོས་སྐྱོང་སྲུང་མའི་བསངས། །སེང་ཆེན་ནོར་བུ་དགྲ་འདུལ་བསངས། །ཕུ་བོ་དུང་སྐྱོང་དཀར་པོ་བསངས། །ནུ་བོ་ཀླུ་སྦྲུལ་འོད་ཅན་བསངས། །སྲིང་མོ་ཐིག་ལེ་འོད་ཆེན་བསངས། །ལྷ་ཆེན་ཚངས་པ་དཀར་པོ་བསངས། །
སྟེང་གི་ལྷ་ཆེན་ཐམས་ཅད་བསངས། །གཉེན་ཆེན་སྐུ་ལྷ་གེར་མཛོ་བསངས། །བར་གྱི་གཉེན་ཆེན་ཐང་ལྷ་བསངས། །བར་མ་གཉེན་རིགས་ཐམས་ཅད་བསངས། །འོག་ཀླུ་རྒྱལ་གཙུག་ན་རིན་ཆེན་བསངས། །འོག་གི་ཀླུ་རིགས་ཐམས་ཅད་བསངས། །གླིང་རྗེ་གེ་སར་རྒྱལ་པོ་བསངས། །བསྟོད་དོ་གེ་སར་རྒྱལ་པོ་བསྟོད། །མཆོད་དོ་གེ་སར་རྒྱལ་པོ་མཆོད། །འགྲོ་དོན་རྐྱང་བུ་སྣ་དཀར་བསངས། །དགྲ་ལྷ་གོ་ཆ་སྣ་དགུ་བསངས། །དུང་བ་ལྷ་ཁང་བསམ་ཡས་བསངས། །གླིང་གི་སྐུ་ཆས་ཡོངས་རྫོགས་བསངས། །མདའ་མོ་གསེར་སྟོང་སུམ་ཅུ་བསངས། །གཞུ་མོ་ར་རྒོད་འཁྱིལ་བ་བསངས། །རལ་གྲི་བཏབ་པ་ལན་མེད་བསངས། །སྟག་མདུང་རི་མོ་དགུ་བསྐོར་བསངས། །གཟིག་ཤུབ་ཐིག་ལེ་དགུ་བསྐོར་བསངས། །ཁྲབ་ནག་ཟིལ་པའི་ཐོག་སྡུག་བསངས། །རྨོག་རྗེས་རྒྱལ་བའི་ཐོད་དཀར་བསངས། །ཕུབ་རྗེ་རྦ་དམར་ལེབ་ཆེན་བསངས། །མདུང་མོ་བ་དན་རྩེ་བརྒྱད་བསངས། །
ལྕག་ཚན་བསམ་པའི་དོན་འགྲུབ་བསངས། །སྐུ་ཆས་ཡོངས་སུ་རྫོགས་པ་བསངས། །བླ་བྱ་སྤ་བྱ་དམར་པོ་བསངས། །བླ་ཤུག་དཔག་བསམ་ལྗོང་ཤིང་བསངས། །གླིང་མཚོ་ཆུ་མིག་རི་མོ་བསངས། །ཕོ་ཉ་གོང་མ་སྐྱོང་རིང་བསངས། །དགྲ་བླའི་གཉེན་སྟག་དམར་པོ་བསངས། །སྐུ་རྒྱལ་བོད་ཀྱི་དགྲ་བླ་བསངས། །བྱིན་མཐུ་དཔའ་བོ་སྤུན་དྲུག་བསངས། །ཡེ་སྨོན་རྒྱལ་པོའི་དགྲ་བླ་བསངས། ། མིའུ་རུས་དྲུག་དགྲ་བླ་བསངས། །ཨ་ལྕག་འབྲུག་གི་དགྲ་བླ་བསངས། །འབྲོང་ཡག་དར་མ་བཅུ་གསུམ་བསངས། །མཐུ་ཆེན་ཝེར་མ་ཉི་ཤུ་བསངས། །
ལྔ་བརྒྱ་ལྔ་བཅུའི་འཁོར་གྱིས་བསྐོར། །ཐུགས་རྗེ་གོང་མའི་ཝེར་མ་བསངས། །སུམ་བརྒྱ་དྲུག་ཅུའི་འཁོར་གྱིས་བསྐོར། ། ཐུགས་རྗེ་བར་མའི་ཝེར་མ་བསངས། །བརྒྱ་དང་ཉི་ཤུ་ཐམ་པ་བསངས། །ཐུགས་རྗེ་འོག་མའི་ཝེར་མའི་བསངས། །གོང་མ་ལྷའི་ཝེར་མ་བསངས། །བར་མ་གཉན་གྱི་ཝེར་མ་བསངས། །འོག་མར་ཀླུའི་ཝེར་མ་བསངས། །སྐུ་རྒྱལ་བོད་ཀྱི་ཝེར་མ་བསངས། །
ཀྱེེ། ས་རཱ་ཧ་ཡི་སྤྲུལ་པ་སྟེ། །ཁྲི་དཔོན་རྒྱ་ཚ་ཞལ་དཀར་བསངས། །ཀུ་ཀུ་ར་ཡི་སྤྲུལ་པ་སྟེ། །སྤྱི་དཔོན་རང་ཚ་ཁྲ་རྒན་བསངས། །མི་ཏྲ་འཛོ་ཡི་སྤྲུལ་པ་སྟེ། །ནུ་བོ་རང་ཚ་དམར་ལེབ་བསངས། །ཤ་བཱ་རིའི་སྤྲུལ་པ་སྟེ། །ཡབ་གཅིག་སེང་བློན་རྒྱལ་པོ་བསངས། །རྡོ་རྗེ་ཕག་མོའི་སྤྲུལ་པ་སྟེ། །མ་ཡུམ་འགོག་བཟའ་ལྷ་མོ་བསངས། །སྒྲོལ་མ་དཀར་མོའི་སྤྲུལ་པ་སྟེ། །སྐྱ་ལོ་སེང་ལྕང་འབྲུག་མོ་བསངས། །སྒྲོལ་མ་སྔོན་མོའི་སྤྲུལ་པ་སྟེ། །སྤྱི་དཔོན་བུ་མོ་གཡུ་སྒྲོན་བསངས། །གྲུབ་ཆེན་སུམ་ཅུའི་སྤྲུལ་པ་ལ། །གླིང་གི་དཔའ་ཐིས་སུམ་ཅུ་བསངས། །མཁའ་འགྲོ་སྡེ་ལྔའི་སྤྲུལ་པ་ལ། །
མཛེས་པའི་ལྷ་མོ་སྤུན་བདུན་བསངས། །མགར་ལྡན་ཨོན་མོ་ཆོས་འབུམ་བསངས། །འཁྲོས་མ་ནག་མོའི་སྤྲུལ་པ་སྟེ། །བྱང་ཁ་སྟོད་སྨན་ཟ་འབུམ་སྐྱིད་བསངས། །གོས་དཀར་ལྷ་མོའི་སྤྲུལ་པ་ལ། །
རོང་ཟ་ཨ་སྨན་གེ་སྤྱ་བསངས། །ས་མདོ་མིང་ཅན་བཅོ་བརྒྱད་ན། །སྟོབས་ལྡན་མཁའ་འགྲོ་བཅོ་བརྒྱད་བསངས། །མོ་མ་ཀུན་ཤེས་ཐིག་པ་བསངས། །ཇོ་བོས་ཆོས་ཀྱི་དགེ་རྒྱལ་བསངས། །བོད་ཁམས་བདེ་ལ་བཀོད་པ་ཡི། །སེང་ཆེན་སྐྱོང་བའི་ལྷ་འཁོར་བསངས། །ཁྱེད་རྣམས་མཆོད་པའི་ཡོན་ཏན་གྱི། །བོད་ཀྱི་མགུལ་ལྷ་བཅུ་གསུམ་བསངས། །འཛམ་གླིང་བསྟན་མ་བཅུ་གཉིས་བསངས། །སྲིད་པ་ཆགས་པའི་ལྷ་དགུ་བསངས། །
བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་སྲུང་ཞིང་རྟ་ལ་སྐྱོབ། །དམག་ལ་འགྲོ་ན་དམག་དཔོན་མཛོད། །དམག་གི་རྒྱལ་འདོད་རྒྱལ་དང་སྤྲོད། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །ཇག་པ་རྟ་འདོད་རྟ་དང་སྤྲོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །ཚོང་པ་ནས་འདོད་ནས་དང་སྤྲོད། །ལིང་ལ་འགྲོ་ན་ལིང་དཔོན་མཛོད། །ལིང་པ་ཤ་འདོད་ཤ་དང་སྤྲོད། ། འགྲོན་ལ་འགྲོ་ན་མགོན་སྐྱབས་མཛོད། །གནས་པོ་གནས་མོ་སྙིང་རྩ་འགུམ། །ཟས་ནོར་རྒྱུ་མའི་ཟས་ཁ་ཕྱེས། ། བྱེས་ན་འགྲོ་ན་ལམ་ལྷ་མཛོད། །གཞིས་ལ་འདུག་ན་མགོན་སྐྱབས་མཛོད། །ཡག་དང་སྤྲོད་ལ་ཉེས་དང་བསྣོལ། །རྟ་ཁལ་མཛོ་ཡིས་བང་སྣ་བསྲེངས། །གནོད་བྱེད་དགྲ་ཇག་ཆོམ་རྐུན་བཟློག །བྱེས་དོན་ཡིད་བཞིན་འགྲུབ་པར་མཛོད། །ཟས་ནོར་ལོངས་སྤྱོད་འཕེལ་བ་དང་། །རིགས་བརྒྱུད་དབང་ཐང་རྒྱས་པར་དང་། །གྲགས་རྩལ་སྟོབས་དང་རྒྱས་པར་མཛོད། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །
དགྲ་རྣམས་བྱུང་ན་བྱ་གཅིག་མཛོད། །ནད་རྣམས་བྱུང་ན་སྨན་གཅིག་མཛོད། །སྡང་དགྲ་ཐར་བ་རྩད་ནས་ཆོད། །ཕྱི་དགྲ་བྱས་པ་དྲུང་ན་ཕྱུང་། །ད་ལྟ་དགྲ་བོ་རྡུལ་དུ་བཟློག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས། །ཁ་བརྗེ་བསྐྱེད་ལ་དབང་ཐང་སྤེལ། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །ཀི་བསྭོ་ཆེའོ་ལྷ་རྒྱལ་ལོ། །མདོ་ཁམས་ས་ཡི་ཐིག་ལེ་འདམ་སྟོད་ཁ་ཤིས་གོང་ནས་གྲུབ་ཆེན། ༧ཀརྨ་པཀྴི་ཞེས་པ་གེ་སར་སྐྱེས་བུ་དོན་འགྲུབ་ཀྱི་ཞལ་གཟིགས་པའི་དུས་མཛད་པའོ། །