
གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བཞིན་པ།

སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་གྱིས་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་སྤེལ་བཞིན་པ།

གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་སྤེལ་བཞིན་པ།

རྒྱལ་ཡོངས་གེ་སར་གཞུང་ལས་ཁང་སོགས་ཀྱི་གེ་སར་ཆེད་མཁས་པ་དང་སྡེ་དགེ་རྫོང་གི་དབུ་ཁྲིད་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པར་ཞུགས་པ།

རྒྱལ་ཁབ་རིམ་པའི་སྒྲུང་པ་ཨ་ནིང་དང་ཁུལ་རིམ་པའི་སྒྲུང་པ་བུ་ཤེར་གྱིས་སྒྲུང་འདོན་བཞིན་པ།

ཨ་ཕྱུག་གི་སྒྲུང་མ་ཆོས་ཀྱི་དཔལ་མོས་སྒྲུང་འདོན་བཞིན་པ།

གླིང་གེ་སར་འཁྲུངས་ཡུལ་དུ་སྤེལ་པའི་གླིང་སྒྲུང་འགྲན་བསྡུར་བྱ་འགུལ།

ཨ་ཕྱུག་ཏུ་སྤེལ་བའི་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན།
སྡེ་དགེའི་ཨ་ཕྱུག་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དངོས་ཡིན་པས། ཡུལ་དེའི་ཏང་སྲིད་ལས་ཁུངས་དང་དཔལ་རྒྱལ་རིན་པོ་ཆེའི་འཆར་འགོད་འོག 2023ལོ་ནས་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་གྱི་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བའི་ལུགས་སྲོལ་བཏོད།
དུས་ཆེན་འདིའི་ཐོག་གླིང་སྒྲུང་འགྲན་བསྡུར་དང་གེ་སར་གར་འཆམ་འཁྲབ་སྟོན། གེ་སར་རིག་གནས་བགྲོ་གླེང་། རྟ་རྒྱུག་བསང་སྐོར། གླུ་གར་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་གླིང་གེ་སར་འཁྲུངས་ཡུལ་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱས་ཏེ་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་མཚོན་རྟགས་བསྐྲུན་པའི་བྱ་འགུལ་སྤེལ་བཞིན་ཡོད།
ངེད་གསར་འགོད་པ་སྔོན་རྗེས་ཐེངས་གསུམ་བྱ་འགུལ་དེ་དག་ནང་ཞུགས་པས་འོག་ཏུ་དེའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་ཡིན།
གླིང་རྗེ་མི་ཡི་ཉི་མའི་འཁྲུངས་ཡུལ་དུ། གླིང་གི་རིག་གནས་སྒྱུ་རྩལ་ཆར་ལྟར་བབས། 2023ལོའི་ཟླ་7པའི་ཚེས་20ཉིན། ངེད་གསར་འགོད་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དུ་འབྱོར་ཞིང་། ཉིན་དེར་ཨ་ཕྱུག་རྩྭ་ཐང་ས་སྐྱིད་སོས་ཡག་གི་ཁ་མདོ་རུ་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་སྤེལ་འགོ་ཚུགས། འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་སྐབས་དེའི་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་དང་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་སོགས་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཞིབ་འཇུག་པ་ཁག་ཅིག་དང་། སྐབས་དེའི་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཚབ་ཚ་དགོན་པའི་སྤྲུལ་སྐུ་དཔལ་རྒྱལ། སྐབས་དེའི་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་དཀོན་མཆོག་ཚེ་བརྟན། སྐབས་དེའི་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ནོར་བུ་བཟང་པོ་དང་སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འགྱུར་མེད་དབང་མོ་སོགས་ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ཁུལ། རྫོང་དང་གྲོང་རྡལ་རིམ་པའི་འགོ་ཁྲིད་དང་གེ་སར་ཞིབ་འཇུག་པ། སྒྱུ་རྩལ་པ། དེ་མིན་ཨ་ཕྱུག་ཡུལ་ཕྱོགས་ཀྱི་མི་དམངས་མང་ཚོགས་དང་རང་རྒྱལ་གྱི་ཡུལ་གྲུ་སོ་སོ་ནས་འོང་བའི་ཡུལ་སྐོར་མི་སྣ་སོགས་མི་ཚོགས་མང་པོ་ལྷན་དུ་འཛོམས།
སྐབས་དེའི་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གསར་འགོད་པ་ལ་ཨ་ཕྱུག་ས་ཆ་འདི་ནི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་འཁྲུལ་མེད་ཡིན་པའི་ཐད་སྔོན་ནས་མཁས་མཆོག་མང་པོའི་གསུང་དུ་འཁོད་ཡོད་རེད། ད་ལྟའང་ཡུལ་གྱི་བཀོད་པ་དང་སྣོད་ཀྱི་འཇིག་རྟེན་ལ་བལྟས་པ་ན། མཁས་མཆོག་རྣམ་པས་གསུང་པ་དང་ཨ་ན་མ་ན་ཡིན་པས། ས་ཆ་འདི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་འཁྲུལ་མེད་རེད། ཡུལ་འདིའི་སྐྱ་སེར་ཡོངས་རྫོགས་གེ་སར་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་ཐད་སྤྲོ་བ་ཆེན་པོ་འདུག །ལྷག་ཏུ་ས་ཆ་འདི་ལ་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེ་བ་ནི་དཔལ་རྒྱལ་སྤྲུལ་སྐུ་རེད། ད་བར་དུ་ས་ཆ་འདི་ལ་དྲན་རྟེན་ཁང་བཞེངས་རྒྱུ་སོགས་ས་གནས་འདིའི་སྐྱ་སེར་ཚོའི་སྣེ་ཁྲིད་ནས། གེ་སར་རིག་གནས་སྲུང་སྐྱོབ་དང་སྔོག་འདོན། ཞིབ་འཇུག་ཐད་ལ་བྱས་རྗེས་རླབས་ཆེ་བ་བཞག་ཡོད་རེད། གོང་རིམ་དང་མང་ཚོགས་ཡོངས་ཀྱིས་ས་གནས་འདིའི་གེ་སར་རིག་གནས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཤིན་ཏུ་གལ་ཆེ། ས་ཆ་འདི་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་རེད་ལ། གེ་སར་རིག་གནས་ཀྱི་ཆུ་འགོ་ལྟ་བུ་རེད། གལ་སྲིད་འདི་སྲུང་སྐྱོབ་བྱེད་མ་ཐུབ་ན། རྩ་བ་དོར་ནས་ཡལ་ག་བཟུང་བ་འདྲ་བས་ས་གནས་འདིའི་གེ་སར་རིག་གནས་ཀྱི་རྒྱབ་སྐྱོར་དང་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་ཆེན་པོ་རྒྱེབ་དགོས་འདུག་ཅེས་གསུངས། དེ་ཡང་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས་གསུངས་དོན། དེ་རིང་ང་ཚོ་གླིང་གེ་སར་འཁྲུངས་ཡུལ་ས་སྐྱིད་སོས་ཡག་གི་ཁ་མདོར་འོང་ནས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་ཞུགས་པའི་གོ་སྐབས་ལྡན་པས། སེམས་སུ་དགའ་སྤྲོ་དཔག་མེད་སྐྱེས་པ་དང་འབྲེལ་སྙིང་ཐག་པ་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་བཞིན་ཡོད། གེ་སར་རིག་གནས་ཐད་སྡེ་དགེ་རྫོང་དང་ཨ་ཕྱུག་གྲོང་རྡལ་གྱི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་རྣམ་པས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་ཚད་མེད་མཛད་ཡོད་པར་མ་ཟད། ལྷག་པར་དུ་དཔལ་རྒྱལ་རིན་པོ་ཆེས་མཛད་རྗེས་ཆེན་པོ་བཞག་ཡོད་དེ། དཔེར་ན་ཁོང་གིས་གེ་སར་དྲན་གསོ་ཁང་བསྐྱར་བཞེངས་བྱ་རྒྱུ་དང་གླིང་གེ་སར་རྒྱལ་པོའི་གར་འཆམ་སྒྲིག་བཀོད་གནང་རྒྱུ། གླིང་བྲོ་འཁྲབ་རྒྱུ་ལ་སོགས་པ་ལ་མཛད་རྗེས་ཆེན་པོ་བཞག་ཡོད་རེད། ཁོང་རྣམ་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་ཡིན། གཞན་ཡང་སྐབས་དེའི་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཚབ་ཚ་དགོན་པའི་སྤྲུལ་སྐུ་དཔལ་རྒྱལ་ལགས་ཀྱིས། སྔོན་བྱོན་མཁས་པའི་དབང་པོ་གང་མང་གིས་མཛད་པའི་ལོ་རྒྱུས་དང་ད་ལྟ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་པ་རྣམ་པས་རྟོག་དཔྱོད་ཞིབ་འཇུག་བྱས་པའི་འབྲས་བུ་རུ་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ནི་ཨ་ཕྱུག་ས་གནས་འདི་རུ་ཡིན་པ་ཐག་བཅད་ཡོད། རྫོང་དང་ས་གནས་ཏང་སྲིད། དེ་མིན་སྐྱ་སེར་ཀུན་གྱི་རེ་འདུན་ལྟར་ད་ཐེངས་གླིང་རྗེ་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འདི་སྤེལ་བ་ཡིན་ལ། སྤྱིར་གེ་སར་རིག་གནས་འདི་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་རྒྱལ་ཁབ་ཀྱི་རིག་གནས་བང་མཛོད་དུ་འོད་སྟོང་འཕྲོ་ཆོག་པ་ཞིག་དང་། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། མ་འོངས་པར་གོང་འོག་བར་གསུམ་གྱིས་གེ་སར་རིག་གནས་དང་ཁྱད་པར་དུ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་འདི་རུ་གེ་སར་དང་འབྲེལ་བའི་བྱེད་སྒོ་སྤེལ་སྐབས་ཐུགས་ཁུར་དང་རྒྱབ་སྐྱོར་མང་ཙམ་གནང་རོགས་ཞུ་ཞེས་གསུངས།
དེ་ནས་2023ལོར་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དུ་གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་དབུ་སྒྲོན་པ་ནས་བཟུང་། 2024ལོ་དང་2025ལོ་ལ་སྐབས་གཉིས་པ་དང་སྐབས་གསུམ་པ་སྤེལ་ཞིང་། རིག་གནས་སྒྱུ་རྩལ་དུས་ཆེན་འདི་ནི་ཨ་ཕྱུག་ས་གནས་ཀྱི་དམངས་སྲོལ་རིག་གནས་ཀྱི་བསྡུས་གཟུགས་ལྟ་བུ་ཞིག་གྱུར་ཏེ། སྐབས་རེ་རེ་ལ་ཉིན་འགའི་རིང་དུ། ཨ་ཕྱུག་གྲོང་རྡལ་ཡོངས་ཀྱི་སྐྱ་སེར་ཕོ་མོ་ཀུན་གྱིས་ཨ་ཕྱུག་རྩྭ་ཐང་དུ་གེ་སར་གར་འཆམ་དང་གེ་སར་ཟློས་གར་འཁྲབ་སྟོན། གླིང་སྒྲུང་འཆད་གྱེར། སྒྲུང་ངག་འགྲན་བསྡུར། རྟ་རྒྱུག་འགྲན་བསྡུར་དང་འགྲོས་རྒྱུག །སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན། སྲོལ་རྒྱུན་གྱི་རྩེད་མོ་རྩེ་བ་སོགས་མདོར་ན་སྐྱིད་པའི་དུས་སྟོན་ལ་རོལ་ཞིང་། གླིང་རྗེ་གེ་སར་རྒྱལ་པོ་ལ་དྲན་གསོ་དང་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་པས། ས་གནས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་རྒྱས་ཤིང་། ཕྱོགས་བཞིའི་སྐུ་མགྲོན་རྣམ་པའི་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩི་རུ་གྱུར། ལྷག་པར་དུ་གེ་སར་ལྷ་ཁང་དང་གླིང་ཡུལ་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་། དེ་མིན་གེ་སར་འཁྲུངས་ཤུལ་དང་ཇོ་རུའི་སྐུ་རྗེས། འབྲུག་མོའི་སྦྲ་ཕུབ་ས། ལྷ་རྟ་རྐྱང་རྒོད་ཀྱི་རྨིག་རྗེས་སོགས་རིག་དངོས་ཤུལ་བཞག་དང་ངོ་མཚར་ཆེ་བའི་རྗེས་ཤུལ་མང་པོ་དངོས་སུ་མཇལ་རྒྱུ་ཡོད་པར་མ་ཟད། གླིང་གེ་སར་གྱི་གར་འཆམ་དང་གླིང་སྒྲུང་འཆད་གྱེར། དམངས་ཁྲོད་ཀྱི་གཏམ་རྒྱུད་སོགས་གླིང་མི་རེའི་ཁ་ལ་སྒྲུང་ཟེར་བའི་དཔེར་ལྟར་མ་ཉམས་པར་གནས་པས། གླིང་གེ་སར་འཁྲུངས་ཡུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་དང་རིག་གནས་མཚོན་རྟགས་བསྐྲུན་པར་ཕན་འབྲས་ནུས་ལྡན་ཐོན་ཡོད།