རེ་སྒུག ཧྥུ་ཀོན་རེན་གྱིས་པར་བླངས།
孤影 图 / 冯光瑞
གོས་ཀྱི་གོན་ཕྱོགས་མ་ནོར་སེམས་ཀྱི་འདུ་ཤེས་མ་འགྱུར། །
རྣམ་དཔྱོད་མེ་ཏོག་ཚལ་ན་སྙན་ཚིག་བུ་རམ་འཇོ་བའི། །
ང་ཡི་དྲན་པའི་ངོས་ཀྱི་དྲན་པ་རྐུ་བའི་སྙིང་སྡུག །
ཐེངས་གཅིག་ཚུར་ལ་འཛུམ་དང་འཛུམ་གྱི་གེ་སར་གྲོལ་དང་། །
ཡ་ཆུང་ལྷ་ཁང་གྲུ་བཞི་གྲུ་བཞིའི་གདན་ལ་མཛེས་པའི། །
ཁྱོད་ཉིད་གང་དུ་སོང་ཡང་སྙིང་གི་སྒྲོམ་ལ་བཅུགས་ཡོད། །
འཁོར་བའི་གྲུ་ཟུར་ཅིག་ནས་ཟུར་མིག་མེ་ཏོག་གྲོལ་བའི། །
མིག་གི་བལྟ་སྟངས་རེ་ལ་སྐད་བརྡའི་མ་ལག་ཡོད་པའི། །
ལན་བུ་རླུང་ལ་སྐུར་བའི་མཐོ་སྒང་འབྲོག་པའི་ཐང་ནས། །
ཐེངས་གཅིག་མིག་ལ་ལྷུང་བ་ལྷ་ཡི་སྲས་མོ་འདྲ་བ། །
འདྲ་བའི་རྒྱུ་མཚན་ཙམ་མིན་ཞེ་ལ་ཡང་ཡང་འཁོར་བ། །
འཁོར་བའི་སྒང་ལ་བཞད་པའི་མེ་ཏོག་རྒྱ་སེ་དེ་རེད། །
འོད་ཀྱིས་འཁྱུད་པའི་ལང་ཚོ་སྨིན་དྲུག་ཕྲ་མོ་འདྲ་བ། །
མིག་གི་རྣོ་ལ་ཕོག་པའི་དྲི་ཟ་ལྷ་ཡི་བུ་མོ། །
མོ་བརྒྱ་ཟིལ་གྱིས་གནོན་པ་ཕོ་བརྒྱའི་ཡིད་ལ་ལྷུང་བ། །
རྐེད་སྐབས་ཕྲ་ཞིང་ལྡེམ་ཡག་ཚིགས་དྲུག་སྨྱུག་མ་འདྲ་ལེ། །
མཁུར་ཚོས་དམར་ཆུང་བྱུར་རྡོག་ཡིད་ཀྱི་གཏིང་ལ་སིམ་པས། །
རྒྱ་འཚོགས་སྟོང་འདུས་གཙུག་རྒྱན་སྙིང་གི་ལན་བུ་དམར་པོ། །