ཡོན་ཏན་ནི་རྔ་བ་རྫོང་ཀིརྟི་དགོན་པའི་གྲྭ་པ་ཞིག་ཡིན་ཞིང་། གྲྭ་པ་ཞེས་པའི་ཐོབ་ཐང་འདི་ལས་ཁོང་ལ་ཐོབ་ཐང་གཞན་ཞིག་ཡོད་པ་ནི་པར་ལེན་པ་ཞིག་རེད། པར་ལེན་པ་གཞན་དག་དང་མི་འདྲ་བ་ནི་ཁོང་གིས་པར་རིས་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་ནི་མཛེས་སྡུག་ལྟ་ན་སྡུག་པའི་རང་བྱུང་གི་བཀོད་པ་དང་ཆོས་ལུགས་རིག་གནས་ཡིན་ཞིང་། རྔ་བ་རྫོང་གི་དྲིལ་བསྒྲགས་པར་རིས་མང་ཆེ་བ་ནི་ཁོང་གི་བརྩམས་ཆོས་ཡིན།
ཡོན་ཏན་ལོ་ན་ཆུང་བའི་དུས་ནས་བཟུང་པར་ལེན་པར་ཤིན་ཏུ་མོས་ཤིང་། རྗེས་སུ་ཁྱིམ་མིས་ཁོང་ལ་པར་ཆས་ཤིག་ཉོས་རྗེས་ཁོང་པར་ལེན་སྒྱུ་རྩལ་གྱི་ལམ་དུ་ཞུགས་འགོ་བརྩམས། ལོ་ན་བཅོ་བརྒྱད་སོན་པའི་ཁོང་ཉིད་དགོན་པའི་ཆོས་སྒོར་ཞུགས་པ་ནས་བཟུང་ཁོང་གི་པར་རིས་བརྩམས་ཆོས་དེ་དག་ཆོས་ལུགས་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པར་གྱུར། དགོན་སྡེའི་སློབ་གསོས་ཁོང་ལ་དད་ཞེན་ཞིག་དང་རྟག་བརྟན་གྱི་སྙིང་རུས་ཤིག་བསྩལ་ཞིང་རིམ་བཞིན་ཁྱད་ཆོས་དེ་དག་ཤ་རུས་ཀྱི་གཏིང་དུ་འཐིམས། ཐེངས་ཤིག་ལ་ཁོང་གིས་ཞིང་པ་རྣམས་ཀྱི་དཔྱིད་རྨོས་ཀྱི་རྣམ་པ་དེ་པར་དུ་བསྐྱོན་ཆེད་ཏག་ཏག་ལོ་ངོ་གཉིས་ལ་སྒུག་ཅིང་། བགྲང་བྱ་གཉིས་ཀྱི་རྗེས་ནས་ད་གཟོད་རང་ཉིད་ཡིད་ཚིམ་པའི་འདྲ་པར་ཞིག་བསྐྱོན་ཐུབ་པར་གྱུར། འདི་ནི་རྨི་ལམ་ཞིག་གི་འཁྲེང་ཞེན་ལ་བརྒྱུས་པའི་འཚོལ་སྙེག་ཅིག་ཡིན་ངེས།
ཉེ་ཆར་ཁོང་གིས་ཨ་འདུས་དགོན་པའི་རབ་གནས་མཛད་སྒོའི་བརྙན་ཕབ་པར་ལེན་ལ་སྟ་གོན་བྱེད་བཞིན་འདུག ཁོང་གིས་དགོད་ཞོར་དུ་གསར་འགོད་པར་དགོན་པ་ཚང་མར་སྒོར་མོ་མང་པོ་མེད་པས་ངས་འདྲ་པར་དག་རིན་མེད་དུ་དགོན་པ་དག་ལ་སྟེར་བཞིན་ཡོད་ཅེས་བཤད། ལྷག་བསམ་ལས་མཆེད་པའི་སྒྱུ་རྩལ་གྱི་མེ་ལྕེ་འདིས་མི་བུ་ཅི་འདྲ་ཞིག་ནང་སེམས་ལ་དྲོད་ཀྱིས་ཁེངས་པར་བྱས་མྱངས་སམ། སྔོན་ཆད་ཁོང་གིས་བརྗོད་བྱ་རྔ་བ་རྫོང་གི་རང་བྱུང་གི་བཀོད་པ་དང་དགོན་སྡེ་རིག་གནས་ཡིན་པའི་འདྲ་པར་བདམས་བཀོད་ཀྱི་དཔེ་དེབ་ཅིག་པར་དུ་བསྐྲུན་མྱངས་པ་དང་། མིག་སྔར་དཔེ་དེབ་གཉིས་པ་པར་དུ་བསྐྲུན་པར་སྟ་གོན་བྱེད་བཞིན་མཆིས། །