ཛམ་ཐང་གི་མཛེས་ལྗོངས། སྨི་ལིན་གྱིས་པར་བླངས།
曼扎塘湿地草原 图 / 米林
རྒན་པོ་ཇ་སྐྱབས་ལོབས་ཕྱོགས་ལྟར་ཇ་ཁང་དུ་ཐེ་ཚོམ་དང་བཅས་སླེབས་ཚེ། ཇ་ཁང་དུ་ནམ་རྒྱུན་དང་འདྲ་བར་ཐ་མག་གི་དུད་ལོང་གིས་བར་སྣང་ཁེངས་ཤིང་ཆང་རག་གི་དྲི་མ་བཙན་པོས་རྣ་ལམ་དུ་སྐྱུག་བྲོ་བའི་སྣང་བ་ཞིག་རང་དབང་མེད་པར་ཐོན་འོང་།
གློག་འོད་དང་རོལ་དབྱངས་སྣ་ཚོགས་མང་བའི་ཇ་ཁང་དུ་རྒྱུད་འབྱམས་སུ་སོང་བའི་མི་དག་གིས་འུར་ལོང་བྱེད་ཞོར། ཤོག་རྩེད་རྒྱག་ཞོར། ཕན་ཚུན་མཚང་འབྲུ་དང་དམོད་མོ་འདེབས་ཞོར། དགོད་སྒྲ་དང་ཀི་རིང་འདེབས་པ་སོགས་ཀྱི་ངང་ཚུལ་དེ་མི་ཆ་མེད་ཅིག་གིས་མཐོང་ཐོས་བྱུང་ཚེ། ཡིད་ལ་འཆར་ཡང་མྱོང་བའི་དྲི་བ་ཧ་ལས་པ་རེ་སྦྱིན་ཁོ་ཐག་ཡིན། སྐབས་དེར་རྟ་ལོ་ཡང་སྔ་མོ་ནས་སླེབས་ཏེ་ཇ་ཕོར་ལས་ཇ་ལྡུམ་གྱི་མདོག་ཡང་ཤོར་ལ་ཉེ།ཇ་སྐྱབས་ཀྱིས་རྟ་ལོ་ཡོད་པ་ཐ་མག་གི་དུད་ལོང་འཐིབ་པའི་བར་གསེང་ནས་མཐོང་ཕྲལ། སེམས་པ་རྟབ་རྟབ་པོར་གྱུར་ཞིང་ངག་ནས་ཚོང་བདག་མ་ལྡུམ་ཇ་ཞིག་ཁྱེར་ཤོག་ཅེས་ཟེར་ཞོར་དུ་རྟ་ལོའི་གམ་དུ་ཡོད་པའི་རྐུབ་སྟེགས་ཀོར་ཀོར་ལོ་ལོའི་སྙོལ་ཁུང་ལྟ་བུའི་ནང་དུ་འདུག་ཞོར་ཁ་ནས་ཨ་ཡོ་ཡོ་ཞེས་དབུགས་རིང་མཚམས་མི་ཆད་ལ་ཞིག་མངགས་ཤིང་ལག་པ་གཉིས་རྐུབ་སྟེགས་ཀྱི་འདབ་སྐྱོར་སྟེང་དུ་གཡག་རྒོད་པོའི་ལྕེ་སྣར་སྣར་དང་། རྐང་པ་གཡས་པ་དེ་གཡོན་མའི་སྟེང་དུ་སྤྲུལ་ནག་འཁྱུག་འཁྱུག་བྱས་ཏེ་མར་བསྡད་ཚེ། གདོང་ལ་སྐག་ཚོས་ཀྱི་མདངས་བྱུགས་ཤིང་སྨིན་མ་འཁྱག་འཁྱོག་ཅིག་བྲིས་པའི་ཚོང་བདག་མ་དེས་ཀྱང་འཐད་ལ་མི་འཐད་ཁད་ཀྱི་ངང་ནས་ལག་གཡོན་པར་ཇ་ཕོར་བ་གང་བཟུང་སྟེ། ཇ་སྐྱབས་གཟས་ནས་ཡོང་ཞིང་མིག་སྡང་གི་མདའ་མོའི་ཟུར་གྱིས་སྣུན་ཞོར།
འདི་རེད། རྒན་པོ། ཆུ་དགོས་ན་རང་གིས་ཁ་སྣོན་གྱིས་གློག་རྫ་གན་ན་ཡོད་པ་མཐོང་ངམ། ཞེས་མགྲོན་པོར་སྣེ་ལེན་གྱི་རྣམ་འགྱུར་འདི་འདྲ་བ་ཞིག་བསྟན་ཏེ་ཁ་ཕྱིར་འཁོར་ནས་ཆས་སོང་།
དུས་དེར་མི་སྐོར་ཞིག་གིས་དེ་རིང་ཁ་སང་རྒྱུགས་ཆེ་བའི་རླངས་འཁོར་འོད་གྱི་ལེ་ཞིག་བར་དུ་ལུག་རོ་ལྟར་བཞག་སྟེ་ཡག་བཙོག་དང་མཐོ་དམན། སྣུམ་གཏོང་ཚད་སོགས་ཁོ་ཚོའི་རྒྱུན་ཤེས་ཁ་ཤས་གླེང་བཞིན་འདུག
ཡ་མྱི་ལྡང་ཁ་བརྡ་རེ་གྱིས་དང་།
སྟ་གོན། གངས་མེ་ལོང་གིས་པར་བླངས།
风雪故事 图 / 尕藏尼玛
རྟ་ལོའི་ངོ་གདོང་ལ་དམར་ཐིག་ཅིག་དང་བཅས་ཏེ་སྙིང་རྗེ་བའི་སྨྲ་ར་ལ་བྱིལ་བྱིལ་འགའ་བྱས་ཏེ་ཚིག་མཚམས་བཞག དེ་མུར་རྟ་ལོར་སུ་ཡིན་མི་ཤེས་པའི་ཁ་པར་ཞིག་འབྱོར་བྱུང་ལ། རྟ་ལོས་ལན་བཏབ་པའི་སྐད་གདངས་སྦོམ་ཞིང་སྨྲ་བ་གསལ་པོ་མིན་པའི་ཁར།
ཡ་ཡ་དེ་ལྟར་བྱེད། ང་འདི་ན་ཁོམ་བཞིན་མེད། ཅེས་ཧ་ཅང་མི་འདོད་པའི་ཉམས་ཀྱིས་སྐད་ཆ་ཚིག་ཉུང་ཉུང་ཞིག་གིས་མཇུག་རྫོགས་ཐབས་བྱས། བལྟས་ཚོད་ལ་ཁ་པར་གཏོང་མཁན་དེ་ཁོ་བོའི་ཆུང་མ་ཡིན་པ་འདྲ།
རེད་ཡ། ཇ་སྐྱབས། ཁས་ཉིན་གྱི་དོན་དག་དེ་ཇི་འདྲ་བྱས་འདུག ཅེས་རྟ་ལོས་ཇ་སྐྱབས་ཀྱི་གདོང་དུ་མིག་ཟུང་གཏད……
སྐབས་དེར་འཇིགས་ཚེ་ཡང་གཉིད་མ་སད་ཀྱིས་ངང་ནས་ཁོ་གཟས་ཏེ་སླེབས་བྱུང་། མ་གཞི་ཇ་སྐྱབས་ཀྱི་བཏོན་པའི་དྲི་བ་དེ་ལ་ལན་གསལ་ཐག་ ཆོད་པ་ཞིག་འདེབས་རྩིས་ཡོད་མོད། སྟབས་མ་ལེགས་པས་ཐད་ཀར་འཇིགས་ཚེ་ལ་ཤ་ཉེ་ཉེ་དང་ཐུགས་དགྱེས་དགྱེས་ཀྱིས་བསུ་མ་བྱས་ནས་ཁོ་གཉིས་ཀྱི་ཁ་བརྡའི་བར་མཚམས་རེ་ཞིག་མི་འཇོག་ཀ་མེད་དུ་གྱུར།
ཅུང་མ་འགོར་བར་འཇིགས་ཚེ་ལ་ཡང་ཁ་པར་ཞིག་འབྱོར་ཞིང་ཁ་པར་གྱི་དྲིལ་བརྡ་དེ་གཡུལ་ངོགས་ཀྱི་སྒྱོག་མདེལ་ཆེན་པོའི་སྒྲ་དང་མཚུངས་ལ་ཇ་ཁང་དུ་འཛོམས་པའི་མི་ཡོད་དོ་ཅོག་ལས་ཁོ་གཅིག་པུ་མ་གཏོགས་ཁ་པར་མེད་ཅེས་པ་དང་གཉིས་སུ་མ་མཆིས་པར་སྐད་ཤུགས་ཆེན་པོའི་སྒོ་ནས་ལན་འདེབས་བཞིན་སྡོང་ལོ་རླུང་གིས་བདས་པ་ལྟར་ཇ་ཁང་གི་སྒོ་ཕྱི་རུ་བུད་སོང་། དེ་ནས་བཟུང་ཇ་ཁང་དུ་ཕྱིར་འོངས་ཀྱང་མེད་པར་གྱུར།
རྟ་ལོས་ཇ་སྐྱབས་ལ་ཁོའི་བཤད་པའི་སྐད་ཆར་ལན་ཞིག་ཐོབ་འདོད་ཀྱིས་མིག་ཟུང་ཀེམ་ཀེམ་ངང་ཡང་དང་ཡང་དུ་ཇ་སྐྱབས་ཀྱི་གདོང་ལ་བསྐོར་ཡང་མཐའ་འཁོར་དུ་གཏོར་སྐམ་གྱིས་རྒྱགས་པའི་ཕོ་རོག་འདྲ་བའི་མགྲོན་པོ་མི་ཉུང་བ་ཞིག་འདུག་པས་ཇ་སྐྱབས་ལ་བཤད་བདེ་བའི་གོ་སྐབས་ཤིག་ཡེ་ནས་ལྡན་ཐབས་མ་བྱུང་། རྟ་ལོས་ཀྱང་མི་ལ་དགོས་པ་ངོ་ཚ། ཤིང་ལ་དགོས་པ་ལོ་མ་ཞེས་པའི་གཏམ་དཔེ་དེ་ཡིད་ལ་དྲན་ནས་སྙིང་རྗེ་བའི་ཉམས་ཤིག་སྣུམ་མེར་མེར་གྱི་ངོ་གདོང་ལས་ཕྱིར་མངོན་བཞིན་འདུག
དེ་ལྟར་ཉིན་གང་བོར་ཇ་འཐུང་བཞིན་འཐུང་བཞིན་གནས་གཅིག་ནས་བསྡད་པས་འཕོང་ཚོས་ཀྱང་གཟེར་བཞིན་འདུག་ལ། ནམ་མཁའི་ཉི་མ་ཡང་ནུབ་རིར་ཡིབ་པར་ཐག་ཉེ་ཞིང་དྭངས་ཤིང་གཙང་ལ་འཇོན་བདེ་བའི་ཇ་ཕོར་ལས་ཇ་ལོ་རྣམས་ཀྱང་སད་ཀྱིས་བཅོམ་པའི་མེ་ཏོག་བཞིན་མདོག་ཤོར་ཞིང་གསོབ་གསོབ་པོར་མཐོང་།
ཇ་སྐྱབས་ཀྱི་སེམས་སུ་གང་ལྟར་ཀྱང་དེ་རིང་ཁོ་བོས་ངའི་ཁ་ནས་སྐད་ཆ་ཞིག་མ་ལོན་བར་དུ་ཁྱིམ་ལ་གཏོང་རྩིས་མེད་པ་ཚོར་ཏེ། སེམས་སུ་བདེན་པར་འདོད་པའི་རྫུན་སྐྱིད་པོ་ཞིག་གིས་གཡོལ་ཐབས་བྱེད་པ་ལས་ཐབས་དང་བཀོད་པ་ཅི་ཡང་མེད་པར་འདོད་དེ། སྐྱ་མདོག་གི་ངོ་གདོང་ལས་མིག་ཟུང་རིག་རིག་ཏུ་དཔྲལ་བའི་འོག་ན་སོས་དལ་བའི་གོ་སྐབས་ཤིག་ཅི་ནས་ཀྱང་མ་མཐོང་བར། ཁྱིམ་དུ་ལོག་པའི་གོ་སྐབས་ཤིག་ལ་སྒུག་ནས་བསྡད།
གློ་བུར་དུ་ཇ་སྐྱབས་ཀྱི་སེམས་སུ་ལོ་འགའ་འདས་པའི་དོན་དག་ཞིག་འཁོར་བྱུང་བ་ནི་ཁོ་བོར་ཆོས་སྐྱོང་སྲུང་མས་གདུང་གྲོགས་བྱས་པ་དང་གཉིས་སུ་མེད། ཁོ་བོའི་ཁོག་ཏུ་སྤྲོ་བས་བརྟས་ཤིང་གདོང་ལ་དགའ་བས་ཁྱབ་སྟེ་བཅོས་མའི་འཛུམ་ཞིག་དང་སྦྲགས།
མཛོད་དགེའི་ཁྲ་མཚོའི་ས་སྲོད།
花湖晚霞 图 / 阿坝州摄影家协会
ཨ་ལ་ལ། ད་མུན་ཡང་རུབ་ལ་ཡོད་ཀི ན་ནིང་གཞེས་ནིང་ལོར་རུ་སྨད་ཀྱི་དབང་འདུས་ཚང་གི་བུ་རྐུབ་ལོས་དེད་སོང་བའི་ངེད་ཚང་གི་གཡག་ཉི་ཤུ་ཐམ་པ་དེ་རྩད་ཆོད་ཡོད་ཀི མ་ཟད་སྐྱིན་འཚབ་ཡང་དགུ་འཇལ་ངོ་བཅུ་ལོན་རབས་ཤིག་ངའི་མནའ་རོགས་ཤིག་གིས་ཁ་པར་ལས་ང་ལ་ལབ་བྱུང་། འདི་ད་གཏམ་བཟང་ཞིག་ཡིན་ཡ་ཞེས་རྟ་ལོ་ལ་མིག་ཅེར་ཅེར་དུ་བཤད་ཚེ།རྟ་ལོའི་སེམས་སུ་སྐད་ཆ་དེ་བདེན་པ་ཡིན་ན་ང་ལ་བུ་ལོན་ཆ་ཚང་སྤྲོད་རྒྱུ་ཡོད་ངེས་རེད་སྙམ་བཞིན།
བདེན་ཀི དེ་གཏམ་བཟང་ཞིག་རེད། བདེན་པ་ཡིན་ནམ། རྩད་གཅོད་དུ་འགྲོ་འདང་ཡིན་ནམ། གལ་ཏེ་ཡིན་ན་ང་ལ་བརྡ་ཐོངས་དང་སྡེ་བ་དེ་རུ་ང་ལ་ཆ་ཡོད་མི་ཉུང་བ་ཞིག་ཡོད་པ་ཁྱོད་ཀྱིས་ཀྱང་ཤེས་ནི་རེད་ཅེས་ཁོའི་སྐད་ཆ་ལ་ལན་དེ་ལྟར་བཏབ།
ཇ་སྐྱབས་རྐུབ་སྟེགས་ལས་ཡང་བསྐྱར་འདུག་སྟངས་ཤིག་བྱས་ཏེ་ཅུང་ཙམ་ཞིག་ལ་བསྡད་ནས་སེམས་སུ་ད་ནི་འགྲོ་གྲབས་བྱས་ན་འགྲིག་བསམ་བཞིན།
ད་གང་མགྱོགས་མགྱོགས་བྱས་ཏེ་རྩད་གཅོད་དུ་འགྲོ་དགོས། དེ་དུས་ཡང་ཁྱོད་ལ་དོན་ཞིག་བཅོལ་དགོས་ནའང་ཐང་། གལ་ཏེ་དགོས་ན་ཁ་པར་ལས་འབྲེལ་གཏུགས་བྱ་ཡོང་། བྱ་བ་ལེགས་འགྲུབ་བྱུང་སོང་ན་ཁྱོད་ལ་ཆད་པའི་སྒོར་མོ་ཆ་ཚང་སྤྲོད་རྒྱུ་ཡོད་སོང་ནི་རེད། དོ་དགོང་ང་ཁྱིམ་དུ་སོང་ནས་གྲ་སྒྲིག་བྱས་ན་བཟང་། ད་འདུག་ཁོམ་མེད། སང་ཉིན་ཡང་བསྐྱར་མཇལ། བདེ་མོ་རོགས་དགའ།
ཞེས་སྙིང་ཉེ་ཉེ་ཡི་སྐད་ཆ་སླད་མ་དེ་བཤད་ཞོར་དུ་ཇ་ཁང་གི་སྒོར་བུད་དུས་ཉི་མ་ནུབ་ཟིན་པར་མ་ཟད། ཟླ་འོད་ཀྱང་མེད་ལ་སྐར་ཚོམ་གསལ་ལ་མི་གསལ་ཞིག་མཁའ་དབྱིངས་སུ་ཤི་མ་རོ་ཡི་ངང་དུ་གནས་ཤིང་། རྟ་ལོའི་མིག་ཟུང་དམར་ནག་ཏུ་གྱུར་ཞིང་ཡིད་མ་ཆེས་པའི་འཕང་སེམས་དང་བཅས་ཏེ་ཇ་སྐྱབས་ཀྱི་རྗེས་སུ་ཅེར་ནས་ཡུན་རིང་ཧད་དེ་ལུས་སོང་ངོ་། །