དོལ་པོ་སངས་རྒྱས་ཀུན་དགའ་གྲོལ་མཆོག་རྗེ་།
ཏཱ་ར་ནཱ་ཐ་མཁས་མཆོག་འབའ་འདའ་བ་།
ཇོ་ནང་བསྟན་པ་འཛིན་པའི་སྲོག་ཤིང་ཡིན།
(1) ཇོ་ནང་དགོན་པ། རབ་བྱུང་ལྔ་པའི་ཆུ་སབྲུལ་སྤྱི་ལོའི་1293ལོར་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་གཙང་ལྷ་རྩེ་རྫོང་གི་ཁོངས་སུ་བཏབ། །
(2) རྟག་བརྟན་ཕུན་ཚོགས་གླིང༌། རབ་བྱུང་བཅུ་པའི་ཤིང་ཡོས་ཏེ་སྤྱི་ལོ་1615ལོར་རྗེ་བཙུན་ཏཱ་ར་ནཱ་ཐས་ཇོ་ནང་དགོན་པའི་ཉེ་འདབས་སུ་བཏབ། །
(3) ཛམ་ཐང་དགོན་པ། རབ་བྱུང་བདུན་པའི་ཤིང་སྦྲུལ་སྤྱི་ལོ་1435ལོར་དྲུང་བཀའ་བཞི་པ་རིན་ཆེན་དཔལ་གྱིས་མདོ་ཁམས་ཛམ་ཐང་དུ་བཏབ། ད་ལྟར་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཛམ་ཐང་རྫོང་ཁོངས་སུ་ཡོད།།
(4) ཛམ་ཐང་གཙང་པ་བྱམས་མདུན་དགོན། རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་སྤྱི་ལོ་1730ལོར་གཙང་པ་ངག་དབང་བསྟན་འཛིན་རྣམ་རྒྱལ་གྱིས་བཏབ། ད་ལྟར་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཛམ་ཐང་རྫོང་ཁོངས་སུ་ཡོད།།
བསྙེན་སྒྲུབ་པ་ནི། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཅེས་པའི་གདམས་ཀྱི་འབྱུང་ཁུངས་ནི་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་ཉིད་ཡིན། བཀའ་སྲོལ་འདིའི་མཚན་གཞི་ནི། སྦྱང་གཞི་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་དུ་རྒྱུན་ཆགས་པས་དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་པོ། སྦྱང་བྱ་ལུས་ངག་ཡིད་གསུམ་གློ་བུར་འཁྲུལ་འཛིན་གནས་སྐབས་བཞིའི་བག་ཆགས་དང་བཅས་པས་བསྒྲིབས་པ་དེ་ཉིད། སྦྱོང་བྱེད་སོར་བསམ་བསྙེན་པའི་ཡན་ལགསྲོག་རྩོལ་སྒྲུབ་པའི་ཡན་ལགདྲན་ཏིང་སྒྲུབ་པ་ཆེན་པོའི་ཡན་ལག་གསུམ་གྱིས་སྦྱངས་འབྲས་དབང་རྣོན་བརྩོན་འགྲུས་ཅན་ཚེ་གཅིག་ལ་སྐུ་གསུམ་མངོན་དུ་བྱེད་པའི་མན་ངག་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དངོས་ཀྱིས་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་ལ་ཐུགས་ཀྱི་ཟུངས་བཅུད་བསྩལ་པ་དེ་ཉིད་ཡིན་ནོ། གདམས་ངག་འདིའི་ཁྲིད་རྒྱུན་ནི། བསྙེན་སྒྲུབ་པའི་ཁྲིད་ཆེན་བཞི་ཞེས་པ། ཨུ་རྒྱན་པའི་སློབ་མ་མཁར་ཆུ་བས་གདམས་ངག་ཞུས་པ་རྣམས་བརྗེད་ཐོ་བཀོད་པ་རྟོགས་ལྡན་ཟླ་བ་སེང་གེས་དེའི་མན་ངག་རྣམས་བསྡོམས་ནས་གླེགས་བམ་དུ་བཀོད་དང་། གོ་ལུང་པ་གཞོན་ནུ་དཔལ་གྱིས་དྲི་བ་ལ་ཨུ་རྒྱན་པས་དྲིས་ལན་བཏབ་པ་ཡི་གེར་བཏབ་པ། ཟུར་ཕུག་པ་རིན་ཆེན་དཔལ་གྱིས་མཛད་པའི་ཊཱིཀ་ཆེན། སྙེ་མདོ་ཀུན་དགའ་དོན་གྲུབ་ཀྱིས་མཛད་པའི་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་བཅས་ལ་ཟེར་ཞིང་། འདི་དག་སོ་སོའི་སློབ་བརྒྱུད་ལས་ཁྲིད་རྒྱུན་ཐོར་བུར་འཕེལ། གཙོ་བོར་ཀརྨ་པ་རང་བྱུང་རྡོ་རྗེས་གྲུབ་ཆེན་ཨུ་རྒྱན་པ་ལས་གདམས་རྣམས་རྫོགས་པར་གསན་ཏེ་རྡོ་རྗེའི་ཚིག་གི་མདུད་རྒྱ་བཀྲོལ། གདམས་ངག་གི་གནད་རྣམས་གསལ་བར་མཛད་པའི་ཁྲིད་རྒྱུན་བཀའ་བརྒྱུད་པའི་ཁྲོད་དུ་བཞུགས་པ་ལས་རང་རྐྱ་ཐུབ་པའི་དགོན་སྡེ་ནི་སྔར་ནས་འཕེལ་རྒྱས་བྱུང་མེད་པར་སྣང༌། །
2 བོ་དོང་རིན་ཆེན་རྩེ་མོ། རབ་བྱུང་གསུམ་པའི་ཆུ་བྱི་སྤྱི་ལོ་1192ལོར་བོ་དོང་རིན་པོ་ཆེ་རིན་ཆེན་རྩེ་མོ་སྐུ་འཁྲུངས། སྐུ་ནར་སོན་པ་དང་བླ་མ་སེ་མོ་ཆེ་བ་ལས་དུས་ཀྱི་འཁོར་ལོའི་གཞུང་བཤད་མན་ངག་དང་བཅས་པ་ཞུས། བོ་དོང་དུས་ཁོར་ལྷ་ཆེན་ཞེས་པའི་ལྷ་སྐུ་ཆེན་པོ་ཞིག་ཀྱང་བཞེངས། སྟན་ཐོག་གཅིག་ཏུ་དུས་འཁོར་བསྙེན་པ་བྱེ་བ་གཅིག་རྫོགས་པར་མཛད་པས་སྦྱིན་བསྲེག་སྐབས་སུ་མེ་ལྕེ་དཔལ་བེའུ་དང་། གཡུང་དྲུང་འཁྱིལ་པ་ལ་སོགས་པའི་རྟགས་མཚན་བྱུང་། དགོན་འདིར་དཔལ་དུས་ཀྱི་འཁོར་ལོའི་གཞུང་ལུགས་འཆད་ཉན་སྒོམ་སྒྲུབ་ཀྱི་བསྟན་པ་རྒྱ་ཆེན་འཕེལ། དགུང་ལོ་ང་གཅིག་པ་སྤྱི་ལོ་1242པའི་ཆུ་སྟག་ལོར་སྐུ་གཤེགས། །
3 སྟག་སྡེ་བ་སེང་གེ་རྒྱལ་མཚན། རབ་བྱུང་རབ་བྱུང་བཞི་པའི་ཆུ་སྤྲེལ་སྤྱི་ལོ་1212ལོར་འཁྲུངས། སྐུ་ནར་སོན་པ་དང་བོ་དོང་རིན་ཆེན་རྩེ་མོ་ལས་ཕར་ཚད་མངོན་གསུམ་དང་། ཁྱད་པར་དུས་འཁོར་གྱི་དབང་བཤད་མན་ངག་དང་བཅས་པ་གསན། བོ་དོང་རིན་པོ་ཆེ་སྐུ་གཤེགས་རྗེས་གདན་སའི་ཁུར་བཞེས་ནས་འཆད་ཉན་རྒྱ་ཆེར་གནང་། ཤོང་སྟོན་སྐུ་མཆེད། དཀོན་གཞོན་ཆེ་ཆུང་། ཐུར་ཤེ་ཆེ་ཆུང་ལ་སོགས་པའི་སློབ་མ་མཁས་པ་མང་པོ་བསྐྱངས། དགུང་ལོ་བརྒྱད་ཅུ་རྩ་གསུམ་པ་ཤིང་ཕོ་རྟའི་ལོ་སྤྱི་ལོ་1294ལོར་སྐུ་གཤེགས། །
པཎྜི་ཏ་འབུམ་ཕྲག་གསུམ་པ། གཉན་ལོ་ཙཱ་བ། དགེ་བཤེས་མུ་ཏྲ་བ།
4 དཔང་ལོ་བློ་གྲོས་བརྟན་པ། རབ་བྱུང་ལྔ་པའི་མེ་བྱི་སྤྱི་ལོ་1276ལོར་ལ་སྟོད་དུ་སྐུ་འཁྲུངས། བྱིས་པའི་དུས་ནས་མ་ཡུམ་གྲོངས་པས་ལུག་གི་འོ་མས་གསོས། ཆོས་རྗེ་བྱམས་གླིང་པ་དང་། གྲུབ་ཆེན་ཨུ་རྒྱན་པ་གཉིས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་འོང་བ་ལུང་བསྟན། དགུང་ལོ་བདུན་པའི་སྐབས་སུ་མཁན་ཆེན་གསེར་ཁང་པའི་དྲུང་དུ་རབ་ཏུ་བྱུང་ནས་འདུལ་བ་མདོ་རྩ་བསླབས། བཅུ་གསུམ་པ་ལ་འདུལ་བའི་བཤད་པ་མཛད། དེ་ནས་སྟག་སྡེ་བའི་སྙན་པ་གསན་ནས་ཚ་སྣར་བྱོན་ཏེ། སྟག་སྡེ་བ་ལས་གསང་སྔགས་ཀྱི་གཞུང་མང་པོ་གསན། ཁྱད་པར་དུས་འཁོར་ལ་མཁས་པར་བསླབས། དགུང་ལོ་བཅུ་དགུ་པ་ལ་སྟག་སྡེ་བ་སྐུ་གཤེགས་པས་བོ་དོང་ཨེའི་གདན་སའི་ཁུར་བཞེས། སྒྲ་དང་། སྙན་ངག་སྦྱངས། ཨ་ཙ་ར་འཕྲད་ཚད་ལ་སྐད་བསླབས་པས། ཡུད་ཙམ་གྱིས་ཞུ་ཆེན་གྱི་ལོ་ཙཱ་བར་གྱུར། བལ་ཡུལ་དུ་ལན་བདུན་ཕེབས། སྔགས་གཞུང་མང་པོ་གཞི་འགྱུར་དང་འགྱུར་བཅོས་མཛད། དུས་དེར་ཁོང་ལས་མགོ་འཕང་མཐོ་བའི་མཁས་པ་སུ་ཡང་མེད། ཕྱིས་དབུས་སུ་བྱོན་ནས་ནེའུ་ཐོག་དང་། གུང་ཐང་། སྟག་ལུང་སོགས་སུ་བྱོན་ནས་མཁས་པ་མང་པོའི་བློ་མིག་ཕྱེས། ས་སྐྱའི་གདུང་སྲས་འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་ཀྱིས་ཀྱང་བཙུག་ཏུ་བཀུར་ཞིང་དུས་འཁོར་རྒྱུད་འགྲེལ་གྱི་དབང་ལུང་གསན། སྟོད་ཡ་ཙེ་ནས་སྨད་རྒྱ་ཡུལ་བར་དུ་སྙན་གྲགས་རྒྱས། དགུང་ལོ་རེ་བདུན་པའི་ཆུ་རྟ་སྤྱི་ལོ་1342ལོར་སྐུ་གཤེགས། །5 ལོ་ཆེན་བྱང་ཆུབ་རྩེ་མོ། དཔང་ལོའི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ་ནི། རབ་བྱུང་ལྔ་པའི་ཆུ་ཡོས་སྤྱི་ལོ་1303ལོར་ལ་སྟོད་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྐུའི་གཅེན་པོ་དཔང་ལོ་ཙཱ་བ་ལས་ལེགས་སྦྱར་གྱི་སྐད་སྦྱངས་པས་མཁས་པར་ཆགས། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་གཞུང་འགྲེལ་དང་། དབང་ལུང་རྣམས་གསན། བླ་མའི་བཀའ་བཞིན་རེ་ཞིག་བོ་དོང་གི་གདན་སའི་ཁུར་བཞེས། དཔང་ལོ་ཙཱ་བ་དབུས་སུ་ཕེབས་པའི་ཕྱག་ཕྱིར་དུ་བྱོན། སྟག་ལུང་དུ་བཞུགས་ནས་ཐུགས་དམ་མཛད། དགུང་ལོ་བརྒྱད་ཅུ་གྱ་བརྒྱད་པའི་ལྕགས་སྤྲེལ་སྤྱི་ལོ་1380ལོར་སྐུ་གཤེགས། ཁོང་གི་དབོན་པོ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང་། འཇིགས་མེད་གྲགས་པ་རྣམ་གཉིས་ཀྱས་ཀྱང་བོ་དོང་གི་གདན་ས་འཛིན་ཞིང་། དཔལ་དུས་ཀྱི་འཁོར་ལོའི་གཞུང་ལུགས་འཆད་ཉན་དང་དར་སྤེལ་གནང་ཡོད། །
6 འཇིགས་མེད་གྲགས་པ། རབ་བྱུང་ལྔ་པའི་ཤིང་ཡོས་སྤྱི་ལོ་1315ལོར་འཁྲུངས། ལོ་ཆེན་ལས་དུས་འཁོར་ལ་སོགས་པའིམདོ་སྔགས་ཀྱི་གཞུང་ལུགས་མང་པོ་གསན། མཁས་དབང་བསོད་ནམས་རྣམ་རྒྱལ་དང་། བྱང་པ་རྣམ་རྒྱལ་གྲགས་བཟང་སོགས་མཁས་པའི་སློབ་མ་མང་དུ་བསྐྱངས། བོ་དོང་གི་གདན་ས་མཛད། དགུང་ལོ་དོན་བདུན་པའི་ལྕགས་ལུག་སྤྱི་ལོ་1391ལོར་སྐུ་གཤེགས། འདི་ཡན་གྱི་བོ་དོང་གི་གདན་ས་པ་རྣམས་ཀྱིས་ཉམས་ལེན་འཆད་ཉན་གཙོ་བོར་དུས་འཁོར་གྱི་གཞུང་ལ་གནང་སྲོལ་ཡོད་འདུག།
7 བོ་དོང་ཕྱོགས་ལས་རྣམ་རྒྱལ། རབ་བྱུང་དྲུག་པའི་མེ་འབྲུག་སྤྱི་ལོ་1376ལོར་སྐུ་འཁྲུངས། དགུང་ལོ་ལྔ་པར་ཡི་གེ་འབྲི་ཀློག་སྦྱངས། དགུང་ལོ་བདུན་པ་གྱམ་བསམ་གཏན་གླིང་དུ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་། དེ་ནས་བོ་དོང་ཨེའི་ཆོས་སྡེར་ཕེབས་ནས་ཚད་མ་རིག་པ་སོགས་ལ་བསླབ་གཉེར་གནང་། དགུང་ལོ་ཉེར་གསུམ་པར་དབུས་ཕྱོགས་སུ་གྲྭ་སྐོར་ཕེབས་ཏེ་རྩེད་ཐང་དུ་བཤེས་གཉེན་སྟོང་ཕྲག་ཙམ་གྱི་དབུས་སུ་གཞུང་པུ་ཏི་བཅོ་ལྔའི་བཤད་པ་མཛད་པས་མཁས་པའི་སྙན་གྲགས་རྒྱས། དེ་ནས་གཙང་ཕྱོགས་ཀྱི་གུང་ཐང་ཆོས་སྡེ་དང་། ཤེལ་དཀར་ཆོས་སྡེ་ལ་སོགས་པའི་དགོན་སྡེ་རྣམས་དང་། བྱང་པ་སྡེ་པ་དང་། རིན་སྤུངས་པ་སོགས་དཔོན་རྣམས་ཀྱིས་དད་གུས་ཚད་མེད་ཀྱི་བསྙེན་བཀུར་ཐོབ། དགུང་ལོ་སུམ་ཅུ་ཙམ་ནས་འགོ་བཙུགས་ཏེ་དེ་ཉིད་འདུས་པ་རྒྱས་འབྲིང་བསྡུས་གསུམ་བསྡོམས་པས་གླེགས་བམ་བརྒྱ་དང་སུམ་ཅུ་ལྷག་བརྩམས། དགུང་ལོ་སོ་ལྔ་པའི་ལྕགས་སྟག་སྤྱི་ལོ་1410ལོར་དཔལ་ཁུད་དུ་པདྨ་ཆོས་སྡིངས་དགོན་བཏབ་ནས་སྐུ་ཚེ་སྨད་དུ་དེར་བཞུགས། འཁོར་སློབ་མང་པོ་བསྐྱངས། དེའི་སློབ་བརྒྱུད་རྣམས་ཀྱིས་ཕྲིན་ལས་འཕེལ་བ་ལས་ད་ལྟའི་བར་བོ་དོང་པའི་གྲུབ་མཐའ་ཞེས་པ་འདི་བྱུང་ཡོད། །
སྟག་སྡེ་བ་དང་དཔང་ལོ་ཆེན་པོ་དང་།
ལོ་ཆེན་བྱང་རྩེ་གྲགས་པ་རྒྱལ་མཚན་ཞབས།
འཇིགས་མེད་གྲགས་པ་ཕྱོགས་ལས་རྣམ་རྒྱལ་སོགས།
བོ་དོང་བསྟན་པ་སྤེལ་བའི་བཤེས་གཉེན་ཡིན།
ཆོས་བརྒྱུད་འདིའི་ཕྲིན་ལས་སྤེལ་ཡུལ་གྱི་དགོན་སྡེ་གཙོ་བོ།
(1) བོ་དོང་ཨེ་དགོན་པ། རབ་བྱུང་དང་པོའི་ས་གླང་སྤྱི་ལོ་1049ལོར་བཤེས་གཉེན་མུ་ཏྲ་བས་བཏབ། དེང་དུས་གཙང་ལྷ་རྩེ་རྫོང་ཁོངས་སུ་ཡོད། །
(2)པདྨ་ཆོས་སྡིངས་དགོན། རབ་བྱུང་བདུན་པའི་ལྕགས་སྟག་སྤྱ་ལོ་1410ལོར་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་བཏབ། །
གྲུབ་ཐོབ་ཆེན་པོ་ཨོ་རྒྱན་པས། །
བླ་མའི་ཡང་སྲིད་སྤྲུལ་སྐུ་དང་། །
དངུལ་ཆུ་བཙོ་བཀྲུའི་ལག་ལེན་སྤེལ། །
བླ་མའི་སྤྲུལ་སྐུ་ངོས་འཛིན། ནང་པ་སངས་རྒྱས་པའི་གཞུང་ལུགས་རྣམས་སུ་སངས་རྒྱས་ཀྱི་སྤྲུལ་པའི་རྣམ་རོལ་ལ་ངོ་བོ་དང་། རིགས་མི་འདྲ་དུ་མ་ཞིག་དབྱེ་སྲོལ་ཡོད་པ་རེད། མདོར་བསྡུས་ན་སྤྲུལ་སྐུ་ཞེས་པ་དེ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཚོགས་བསལ་བའི་ཆེད་དུ། གཟུགས་ཀྱི་རྣམ་པ་མི་འདྲ་བ་སྣ་ཚོགས་སུ་སྤྲུལ་ནས་འགྲོ་བ་རྣམས་ལ་ཕན་འདོགས་པའི་རྣམ་པ་ཞིག་ཡིན། དེས་ན་སངས་རྒྱས་ཀྱི་སྤྲུལ་པ་དེ་དབུལ་པོའི་ཆེད་དུ་ཟས་གོས་དང་། ནད་པའི་ཆེད་དུ་སྨན། མགོན་མེད་ཀྱི་ཆེད་དུ་མགོན། སྐྱབས་མེད་རྣམས་ཀྱི་སྐྱབས་སུ་སྤྲུལ་ནས་ཕན་འདོགས་ཤིང་ཡོད་སྟབས། སངས་རྒྱས་ཀྱི་སྤྲུལ་པ་ཡིན་ན་གང་ཟག་མི་ཞིག་ཡིན་དགོས་པའི་ངེས་པར་མེད། འོན་ཀྱང་དེང་དུས་ང་ཚོའི་བློ་ངོར་ཡོད་པའི་སྤྲུལ་སྐུ་ཞེས་པ་འདི་ནི་རང་གི་བླ་མ་དེ་ཉིད་རྒྱུན་མི་ཆད་པར་ཡང་ནས་ཡང་དུ་སྐྱེ་བ་བཞེས་པའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཞིག་ཆགས་ཡོད་ཅིང་། ལུགས་སྲོལ་འདི་ནི་ཐོག་མར་གྲུབ་ཆེན་ཨོ་རྒྱན་པས་སྲོལ་ཕྱེས་པ་ཞིག་ཡིན་སྟེ། དེ་ཡང་མཚུར་ཕུའི་གདན་རབས་འཛིན་པའི་གྲུབ་ཐོབ་ཆེན་པ་ཀརྨ་པཀྵིར་གྲགས་པ་དེ་ཉིད་སྐུ་གཤེགས་ཁར། མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་པོ་ཡོད་པའི་ནང་ནས་གྲུབ་ཐོབ་ཨོ་རྒྱན་པ་ལ་གདན་ས་གཏད་དེ། རྟོགས་ལྡན་རྣལ་འབྱོར་རང་བྱུང་རྡོ་རྗེ་ང༌། །ཉི་མ་དོ་ནུབ་རྒས་ཀྱང་སང་འཆར་བཞིན། །གདུལ་བྱའི་ལས་དང་མཐུན་པར་སྤྲུལ་སྐུ་འབྱུང༌། །ཞེས་པའི་ཕྱག་བྲིས་ཞིག་གནང་ཞིང་། ཉི་མ་ལ་སྟོད་ཕྱོགས་ནས་ཞྭ་ནག་པོའི་རྒྱུད་པ་འཛིན་པ་ཞིག་འོང༌། དེའི་བར་དུ་རྒྱལ་ཚབ་མཛོད་ཅིག་སོགས་ཡང་སྲིད་འབྱོན་པའི་ལུང་བསྟན་ཡང་ཡང་གསུངས་ཤིང་ཞྭ་ནག་གསེར་མདོངས་ཅན་དེ་གྲུབ་ཆེན་ཨོ་རྒྱན་པའི་དབུ་ལ་གསོལ་ནས་གདན་ས་བསྐྱང་དགོས་པའི་བཀའ་ལུང་གནང༌། གྲུབ་ཐོབ་ཆེན་པོས་བླ་མའི་བཀའ་བཞིན་གདན་ས་སྐྱོང་བཞིན་བཞུགས་པའི་སྐབས་དེར། མང་ཡུལ་གུང་ཐང་ནས་ཡོང་པའི་རྫ་མ་བཙོང་མཁན་གྱི་ཁྱོ་ཤུག་གཉིས་ཕྲུ་གུ་ལོ་ལྔ་ལོན་པ་ཁྲིད་ནས་མཚུར་ཕུར་འབྱོར་པ་དང་། གྲུབ་ཆེན་དང་མཇལ་བ་དང་བྱིས་པའི་ཐུགས་ལ་ཞེད་སྣང་ཙམ་ཡང་མེད་པར་བླ་མའི་མདུན་དུ་ཐལ་གྱིས་བྱོན། ཕ་མ་ཚོས་ཕྱག་འཚལ་བའི་སྐབས་སུ་བུ་ཆུང་ཕྱག་ཀྱང་མི་འཚལ། འཇིགས་སྐྲག་ཀྱང་མེད་པར་མཆོད་ཁང་གི་མདུན་ན་དྲིལ་གདང་གཅིག་ཡོད་པ་དེ་དཀྲོལ། གྲུབ་ཆེན་ཐུགས་དགྱེས་ཚོར་ཆེན་པོས་ཞལ་འཛུམ་མདངས་དང་བཅས་པར་བུ་ཆུང་ཐུ་མོ་གཅིག་འདུགསྙན་གྲགས་ཆེན་པོ་ཡོང་བའི་རྟེན་འབྲེལ་ཡོད་གསུངས། དེ་ནས་གདན་ལ་བཞུགས་བཅུག་ནས་ཁྱོད་སུ་ཡིན་གསུངས་པར། ང་ཀརྨ་པ་ཡིན་གསུངས། ཨོ་རྒྱན་པས་དེ་བཞིན་ཡིན་པར་འདུགང་ལ་དག་པའི་སྣ་བ་མང་པོ་བྱུང་གསུངས་ནས་མོས་གུས་དང་མཉེས་ཚོར་ཆེན་པོས་སྤྱན་གྱིས་འབྲས་ལྟར་བསྐྱངས། དགེ་བསྙེན་གྱི་སྡོམ་པ་དང༌། སྨོན་འཇུག་གི་ཐུགས་བསྐྱེད་གནང༌། དགུང་ལོ་བདུན་པ་རབ་བྱུང་ལྔ་པའི་ལྕགས་སྟག་སྤྱི་ལོ་1290ལོར་མཁན་པོ་ཀུན་ལྡན་ཤེས་རབ་ལ་རབ་ཏུ་བྱུང༌། སྐུ་གོང་མ་ཀརྨ་པཀྵིའི་གསང་མཚན་དུ་རང་བྱུང་རྡོ་རྗེ་ཟེར་བས་མཚན་དེ་ཀ་གསོལ། ཀརྨ་པའི་ཡང་སྲིད་དུ་མངའ་གསོལ། གཟེངས་བསྟོད་ནས་མཚུར་ཕུའི་གདན་སར་བཀོད། འདི་ནི་བླ་མའི་ཡང་སྲིད་སྤྲུལ་སྐུ་ངོས་འཛིན་བྱས་ནས་སྐུ་གོང་མའི་སྐུ་ཆས་དང་བདག་དབང་ཡོངས་རྫོགས་ཕུལ་པའི་ལུགས་སྲོལ་ཐོག་མ་ཡིན། །
དངུལ་ཆུ་བཙོ་བཀྲུའི་ལག་ལེན། གྲུབ་ཆེན་ཨུ་རྒྱན་པ་རབ་བྱུང་བཞི་པའི་མེ་འབྲུག་སྤྱི་ལོ་125ལོ་ཙམ་ལ་ཨོ་རྒྱན་ཡུལ་དུ་འགྲོ་བ་ཞུས་ནས། དང་པོ་བྱང་མི་མེད་ཀྱི་རི་ལ་བསྒྲུབ་པ་བྱས། ཐུགས་དམ་ཤིན་ཏུ་འཕེལ་བས་སྔར་གྱི་ཆོས་བརྗེད་པ་ཐམས་ཅད་ཡང་དུ་དྲན་པ་སོས། དེ་ནས་གངས་རི་སེར་བྱོན་ཏེ་ཅུང་ཟད་བཞུགས། དེ་ནས་ལམ་གྲོགས་ལྔ་དང་བཅས་ཏེ་མར་ཡུལ་ནས་ལམ་ཐོན་ཏེ་ཛ་ལནྡྷ་ར་བར་བྱོན། དེ་ནས་ལམ་གྲོགས་གཞན་རྣམས་ཕྱིར་སློག དཔལ་ཡེ་དང་འགྲོགས་ནས་བྱོན་པས། ལམ་འཕྲང་གི་གནོད་པ་མང་པོ་བརྒལ། ཁྱད་པར་དུ་སོག་པོའི་རྟ་པས་མགུལ་སྒོམ་ཐག་ཏུ་བཅུག་ནས་བསྡམས། སྐུ་ལུས་ལ་རྡོག་པས་བསྣུན་ནས་བརྡུང་པར་ས་ལ་འགྱེལ་བ་དང་། དེ་མ་ཐག་བཞེངས་ཏེ་འོ་དོད་ཆེན་པོ་བོས་ཤིང་ཞབས་བྲོ་མང་པོ་མཛད་པས། དེ་ལྟར་གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེའི་གནོད་པ་ཐམས་ཅད་བརྟུལ་ཞུགས་ཀྱིས་ཟིལ་གྱིས་མནན་ཏེ། ཨུ་རྒྱན་དྷུ་མ་ཐ་ལའི་གྲོང་དུ་སླེབས། དེར་རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་བུ་མོའི་གཟུགས་སུ་བྱས་པ་ཅིག་གིས་ཚོད་མ་ཕོར་གང་བྱིན་ཞིང་བྱིན་གྱིས་བརླབས་པས་ལས་སྒྲིབ་ལྷག་མ་ཐམས་ཅད་ཟད། རྡོ་རྗེ་གསུམ་གྱི་དོན་ཇི་ལྟ་བ་བཞིན་ཐུགས་ལ་འཁྲུངས། རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི་སྐུར་བསྟན་ནས་ཞལ་གྱི་གདམས་པ་ཡང་གནང་། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཆ་ཚང་གནང་བ་ཞུས། དེ་ནས་ཁ་ཆེ་བརྒྱུད་དེ་ཕྱིར་བོད་དུ་ཕེབས་པའི་ལམ་བར་ཁ་ཆེ་རྒྱལ་པོས་གསོད་མི་སུམ་ཅུ་ཙམ་ཞིག་མངགས་པ་དང་ལམ་དུ་འཕྲད་ཀྱང་གྲོགས་མཆེད་གཉིས་ཀ་ཅི་ཡང་མ་ཉེས་པར་ཐར། སྤྱི་ལོ་1258ལོར་བོད་དུ་ཕེབས་པ་དང་ཆོས་རྗེ་རྒོད་ཚང་པ་གཤེགས་ཟིན་ཞིང་། རྟེན་ལ་སོགས་པ་མི་བཞེངས་པའི་བཀའ་ཕེབས་གནང་ཡོད་ཀྱང་། ཁོང་དེའི་ཁོངས་སུ་མེད་གསུངས་ནས་རྟེན་བཞེངས་ཡང་འགའ་ཞིག་མཛད། །