ནད་མེད་ཅིང་ཚེ་རིང་བར་འདོད་པའི་གང་ཟག་རྣམས་ཀྱིས་རྟག་ཏུ་ཡིད་ལ་དྲན་དགོས་པ་འདི་ལྟར་མཆིས། རྒྱུད་ལས། བཀྲེས་སྐོམ་སྐྱུགས་དང་གཡའ་དང་སྤྲིད་པ་དང་། །དབུགས་གཉིད་ལུད་པ་མཆི་མ་བཤང་བ་འཕྱེན། །གཅིན་དང་ཁུ་བའི་ཤུགས་ནི་བཀག་མི་བྱ། །ཞེས་གསུངས་སོ། །དེ་དག་བཅུ་གསུམ་པོ་རྣམས་འབྱུང་ལ་ཁད་དམ་འབྱུང་བའི་ཕྱིར་མངོན་དུ་ཕྱོགས་ཚེ་བཀག་པར་མི་བྱ་བར་ནམ་བབས་པའི་དུས་སུ་བཏང་བ་འོས་པ་ཞེས་པའོ། །
ཤིན་ཏུ་ལྟོ་བ་སྟོང་བར་གྱུར་ཀྱང་ཟས་སྐོམ་མི་སྟོན་པར་དེ་ཡང་བཀག་པར་བྱ་བ་མ་ཡིན་ནོ། དེའི་རྐྱེན་ནི་ལུས་ཞིག་ཅིང་ཉམས་སྟོབས་ཆུང་དུ་འགྲོ་བ་དང་། སླར་བཟའ་བ་བརྩམས་ན་ཡང་ཡི་ག་འཆུས་པ་གྱུར་ནས་ཟས་བཟའ་བ་ཐུབ་ཅིང་མིད་དཀའ་བ་དང་། མགོ་བོ་འཁོར་ཞིང་རླུང་ནད་སླངས་ནས་འགྱེལ་བུབ་བྱེད་པ་སོགས་ཀྱི་ནད་འབྱུང་ལ། དེ་ལྟ་བུའི་ནད་བྱུང་ན་བཅོས་གང་འདྲ་བསྟེན་དགོས་བསམ་ན། འབྲས་ཐུག་ཡོས་དྲལ། བཙོས་ཟན། ཤ་བཟང་བའི་ཁུ་བ་སོགས་ནུས་པ་ཡང་ཞིང་སྣུམ་པར་དྲོད་ཆེ་ལ་འཇུ་སླ་བའི་ཟས་སྐོམ་རིགས་ཐུན་ཆུང་ངུ་ནས་རིམ་པས་ཆར་བསྐྱེད་དེ་བཏང་བས་ནད་སེལ་ཞིང་ལུས་འཚོ་བར་འགྱུར་བ་ཡིན་ནོ། །
སྐམ་ཚད་གྱུར་ཀྱང་བཏུང་བ་མ་བསྟེན་པར་བཀག་དྲགས་ན་དེས་མགོ་བོ་འཁོར་ཞིང་། སྙིང་རླུང་ནད་ལྡང་ནས་སྨྱོས་ཏེ་འཕྱོ་ཞིང་དྲན་པ་མི་གསལ་བར་འགྱུར་ལ། དེ་ལྟ་བུའི་ནད་ལྡང་ཚེ་མགོ་བོ་ལ་ཆུ་བསིལ་གཏོར་བ་དང་། བསིལ་གནས་སུ་འདུག་ཅིང་དར་བ་སོགས་བཏུང་བ་དང་མདོར་ན་བསིལ་བའི་ཆོ་ག་ཐམས་ཅད་བསྟེན་པར་འཚལ་ལོ། །
སྐྱུགས་པ་ཡོད་པའི་འཕྲོ་ལ་ད་རུང་དྲག་ཏུ་གནོན་ཏེ་བཀག་པར་མི་བྱ་བར། རྒྱུད་ལས། སྐྱུགས་བཀག་དང་ག་འགགས་དང་དབུགས་མི་བདེ། །སྐྱ་རྦབ་མེ་དབལ་གཡན་པ་འབྲས་དང་མཛེ། །མིག་ནད་ལུད་པ་རིམས་ནད་འབྱུང་བ་འགྱུར། །སྨྱུང་གནས་དུད་རྣོན་ཁ་བཀང་དབོ་བ་བྱ། །ཞེས་སོ། དེ་ལྟར་བཀག་པར་བྱས་ན་དེའི་རྐྱེན་གྱིས་ཟས་སྐོམ་གྱིས་དང་ག་འགགས་པའམ་ཟ་འདོད་མེད་པར། འབུགས་མི་བདེ་བ་དང་། སྐྱ་རྦབ། མེ་དབལ། གཡན་པ། འབྲས་ནད། མཛེ་ནད། མིག་ནད། ལུད་པ་འཕེལ་བའི་ནད་རིམས་སོགས་འབྱུང་ངེས་ལ། དེ་ལྟར་བྱུང་ཚེ་ཐབས་ཚུལ་གང་འདྲ་བསྟེན་དགོས་བསམ་ན་ཁ་ཟས་མི་བཟའ་ཞིང་སྨྱུང་བ་གནས་ཤིང་། ཙན་དན། ཨ་ག་རུ་སོགས་ཀྱི་རྩ་བའི་ཁ་དཀྲིས་ཚིལ་ཅན་དངོས་པོ་དུ་བ་སྣར་བདུག་ཅིང་། སྨན་གྱི་ཁུ་བས་རེ་ཞིག་ཁ་བཀང་ཏེ་ཕྱིར་འདོར་བར་བྱའོ། །
སྦྲིད་པར་འབྱུང་བ་ལ་ད་དུང་གདམས་པར་མི་བྱ་ཞིང་། དེ་ལྟར་བཀག་ན་དེས་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་ཚོར་བ་མི་གསལ་བར་འགྱུར་ལ། མགོ་ན་ཞིང་གཉའ་རེངས་ནས་ཕན་ཚུན་བཅའ་གཅུ་མི་ཤེས་པར་འགྱུར་ལ། ཁ་ཡོ། རླུང་ནད་ཀྱིས་འགྲམ་པའི་བྱ་བ་ཉམས་པར་གྱུར་ནས་ལྡང་མི་ནུས་པར་འབྱུང་ལ། གལ་ཏེ་དེ་རིགས་ཀྱི་ནད་གཞི་ལྡང་ཚེ། དེ་བསལ་བའི་ཕྱིར། ཤིང་ཀུན་སོགས་མར་དཀར་ལ་སྦྱར་བའི་སྣ་སྨན་གཏོང་བ། ཉི་འོད་ལ་ཅུང་ཟད་བལྟ་བ་སླར་སྦྲིད་པ་འབྱུང་ལ། སྦྲིད་པ་དང་གཡའ་གཉིས་ཕྱོགས་མཐུན་པས་མ་ཞུས་སོ། །
ངལ་ཞིང་དུབ་པར་གྱུར་པས་དབུགས་ཐབ་ཐོབ་པོར་གྱུར་པ་དེའི་རྒྱུ་བ་ཤུགས་ཀྱིས་བཀག་པར་མི་བྱ་ཞིང་། དེས་རླུང་ལས་གྱུར་པའི་སྐྲག་ནད་སྙིང་སྨྱོས་པ་ལྟ་བུའི་དྲན་པ་མི་གསལ་ཞིང་ནད་དེ་ལྟར་བྱུང་ཚེ། ལུས་ངག་ཡིད་དལ་བ་འདུག་ཅིང་། རླུང་སྨན་ཟས་སྤྱོད་དཔྱད་བཅས་བྱེད་དགོས་སོ། །
མཚན་མོའི་དུས་ཀྱི་གཉིད་བཀག་སྟེ་གཏན་ནས་མི་ལོག་བར་མི་བྱ་ཞིང་། དེ་ལྟར་གཉིད་མ་ལོག་ན་དེས་གཡའ་མང་དུ་བྱེད་ལ། ལུས་ཀྱི་སྟོབས་ཉམ་པར་བྱེད་ཅིང་སྒྱིད་ལུག་པ། མགོ་བོ་འཁོར་ཞིང་མིག་འགྲིབ་ནས་གཟུགས་གསལ་མི་མཐོང་པ།ཕོ་བའི་མེ་དྲོད་ཀྱི་ཆ་ཉམས་ནས་ཟས་མི་འཇུ་སོགས་ཀྱི་ནད་འབྱུང་བ་་ལ། ཆང་གསར་འཇམ་རིགས་འཐུང་བ། ཏིལ་མར་སོགས་ལུས་ཁམས་ལ་བསྐུ་བར་བྱའོ། །
ལུད་པ་མང་དུ་ལུ་བ་བྱེད་དེ་བཀག་པར་མི་བྱ། དེས་ལུད་པ་འཕེལ་བ་དང་དབུགས་མི་བདེ་བ་དང་། ལུས་ཀྱི་ཤ་སྐེམ་པར་འགྱུར་ལ། སྐྱིགས་བུའི་ནད། སྙིང་གི་ནད། ཡི་ག་འཆུས་པ་སོགས་ནད་འབྱུང་ལ། སྒ་དང་། པི་ལིང་བུ་རམ་སྦྱར་བའི་ལྡེ་གུ་མདོར་ན་ལུད་པ་བསལ་བའི་ལས་བྱེད་དགོས་པའོ། །
སྙིང་པོ་བསྡུས་བའི་རང་འགྲེལ་ལས་མིག་ནད་དམ་མྱ་ངན་གྱིས་མཆི་མ་འོང་བར་གྱུར་པ་ལྟ་བུ་ལས། མཆི་མ་མི་འབྱུང་བར་བཀག་ན་སྐྲངས་ནད་དུ་འགྱུར་ཏེ་ཞེས་གསལ། མཆི་མ་བཀག་བར་མི་བྱ་ཞིང་བཀག་པར་གྱུར་བ་དེས་སྙིང་ཁམས་ལ་ནད་འབྱུང་བ་དང་། མགོ་བོ་ན་བ།མགོ་བོ་འཁོར་བ། སྣ་ཆུ་མང་དུ་འཛག་པ། ཡི་ག་འཆུས་ནས་ཟས་ཟ་མི་ཐུབ་བ། དེ་ལྟར་ནད་བྱུང་ཚེ་ཆང་འཐུང་བ་དང་། གཉིད་ངོམས་པར་ལོག་པ། ཡིད་འོང་གྲོགས་ཀྱིས་གཏམ་སྙན་པོ་སྨྲ་བ་བཅས་ཀྱིས་ཕན་པ་ཡིན་ནོ། །
འཕྱེན་ཡང་འཕྲོ་ལ་བཀག་བར་མི་བྱ་བར། གལ་ཏེ་དེ་བཀག་ན་དེས་རྟུག་བའམ་བཤང་བ་ཡང་ནང་དུ་སྐམ་པར་གྱུར་སྟབས་འཕྱེན་ནམ་འོག་རླུང་དང་བཤང་བ་གཉིས་ཀ་འགགས་ནས་ཕྱིར་མི་འབྱུང་ཞིང་སྐྲན་ལྟ་བུ་འདྲིལ་ནས། ལྟོ་བ་སྦོས་ཞིང་གཟེར་བ་མིག་གིས་ཀྱང་གཟུགས་གསལ་བོར་མི་མཐོང་བ། ཕོ་བའི་མེ་དྲོད་ཞན་དུ་འགྲོ་ནས་སྙིང་ནད་ཀྱང་འབྱུང་སྲིད། །
གཤང་བ་བབས་པའི་འཕྲོ་བཅད་མི་ཉན་ལ། དེ་བཀག་ན་དེས་ནི་བཤང་བ་དེ་ཉིད་གྱེན་དུ་ཕྱོགས་ནས་ཁ་རུ་མི་གཙང་བ་དངོས་སུ་འབྱུང་བ་དང་། ཀླད་པ་རྐང་ལག་ཉྭ་རྣམས་ལ་ནད་འབྱུང་བ་ཡིན་ནོ། །
གཅིན་པ་གཏོང་འཕྲོ་བཀག་པར་མི་བྱ་ཞིང་། དེས་ནི་ལྒང་པའི་རྡེའུ་སྐྲན་དང་། རྡེའུ་ནད་ཆུ་སོའམ་ཆུ་ཁའི་ནད། ཕོ་མཚན་གྱི་ནད། དཀུའམ་བརླ་གང་གི་ནད་བཅས་འབྱུང་བ་མ་ཟད། སྔར་བཤང་འཕྱེན་བཀག་པའི་ནད་རྣམས་ཀྱང་འབྱུང་བ་ཡིན་ཞིང་། གོང་ནས་དེ་ལྟར་བཤད་པའི་ཉེས་པ་དེ་རྣམས་བསལ་བར་བྱ་བ་ལ་རིགས་དེ་རྣམས་ལ་ཕན་པའི་སྨན་གྱི་ཆོ་ག་ལ་འབད་པར་བྱའོ། །
ཁུ་བ་བཀག་པའི་སྐྱོན་སེལ་ཏེ། རྒྱུད་ལས། ཁུ་བ་བཀག་པས་དེ་འཛག་ཕོ་མཚན་ན། །ཆུ་འགགས་རྡེའུ་འཕེལ་དང་མ་ནིང་འགྱུར། །མས་བཏང་ལུས་བཅིང་བུད་མེད་སྤྱོད་པར་བྱ། །ཏིལ་མར་འོ་མ་ཁྱིམ་བྱ་ཤ་ཆང་བཏང་། །ཞེས་པ་ནི། ཁུ་བ་འཕེལ་རུང་ཉམས་སུ་མ་ཞུགས་པར་དེའི་ཤུགས་བཀག་པར་མི་བྱ་ཞིང་། དེ་བཀག་པར་གྱུར་ན་ཕོ་མཚན་ན་བ་དང་། དྲི་ཆུ་འགགས་ཤིང་དེ་ལས་བྱུང་བའི་རྡེའུའི་ནད་འཕེལ་བ་དང་། བུད་མེད་ལ་ལོངས་སུ་སྤྱོད་མི་ཐུབ་པའི་སྐྱོན་སོགས་འབྱུང་ངོ་། །
གལ་ཏེ་དེ་ལྟ་བུའི་ནད་བྱུང་ན་བཅོས་བར་བྱེད་པའི་ཐབས་ནི། རྩ་ལམ་གྱི་ཁུ་བའི་ཉེས་པ་དག་པར་བྱ་བའི་ཕྱིར་བུད་མེད་ལ་བསྟེན་ཏེ་སྦྱོར་བར་བྱེད་པ་དང་། གཞན་ཡང་ཏིལ་མར་སོགས་འབྲུ་མར་གྱི་རིགས་དང་། འོ་མ་དང་། ཁྱིམ་བྱའི་ཤ་ཆང་ཞིམ་པོ་སོགས་ཁུ་བ་གསོ་བའི་རིགས་བསྟེན་ཅིང་སྤྱད་པར་བྱ་དགོས་པའི་དོན་ནོ། །
ནད་མེད་ཚེ་རིང་ཡོང་བར་སྐབས་སུ་སྤྱོད་པའི་ལམ་བཟང་།
རྩོམ་པ་པོ། ཚུལ་ཁྲིམས་རིན་ཆེན། སྤེལ་དུས། 2016-09-28བཀླགས་གྲངས། 67666
རྩོམ་པ་པོ། ཚུལ་ཁྲིམས་རིན་ཆེན།