སྤྱི་ལོ་1330ལོའི་སྐབས་ཙམ་ན། ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་ཁྲིམས་དཔོན་གོང་མ་རྒྱལ་མཚན་སྐྱབས་ཀྱི་དུས་སུ་གཡའ་བཟང་པས་བཙན་བཟུང་བྱས་པའི་ཕག་གྲུའི་མངའ་འབངས་ཁྱིམ་དུད་ཉིས་བརྒྱ་བརྒྱད་ཅུ་དང༌། དེ་རྣམས་ཀྱི་ས་ཞིང་བཅས་པ་ཚུར་བླངས་པས་སླར་ཡང་གཡའ་ཕག་བར་ཁ་མཆུ་ལངས། ཚལ་པའི་ཁྲི་དཔོན་གྱིས་རྒྱབ་སྐྱོར་བྱས་ཏེ་གཡའ་བཟང་པས་ཕག་གྲུ་ལ་དམག་ཐེངས་འགའ་ཞིག་དྲངས། ས་སྐྱ་དཔོན་ཆེན་གྱིས་དྲང་བདེན་མ་བྱས་པར་ཁ་མཆུ་ཡང་གཡའ་བཟང་པ་རྒྱལ།གཡའ་ཕག་བར་གྱི་གྱོད་གཞི་ཐག་མ་ཆོད་པར། སྤྱི་ལོ་1334ལོ་ཙམ་ན་བར་ཐང་དུ་གཡའ་ཕག་གཡུལ་བཀྱེས་པས་ཕག་གྲུ་པ་ཕམ། སྟོན་པ་གཞོན་ནུ་འོད་སོགས་འགོ་པ་བཅུ་གསུམ་ཙམ་དམག་འོག་ཏུ་ཤོར། བྱང་ཆུབ་རྒྱལ་མཚན་དང་ཧོར་གཞོན་ནུ་བཟང་པོས་གཙོས་མི་གྲངས་བཅོ་ལྔ་ཙམ་མ་གཏོགས་ཕལ་ཆེར་བྲོས། དེ་ནས་ས་སྐྱའི་དཔོན་ཆེན་དབང་ཕྱུག་དཔལ་པའི་དྲུང་དུ་གཡའ་བཟང་པ་དང་ཕག་གྲུ་གཏུག་གཤེར་བྱས། དཔོན་ཀུན་རྡོར་གྱིས་གྲོགས་བྱས་པར་བརྟེན་གཡའ་བཟང་པ་རྒྱལ། །
ས་སྐྱའི་གཡོ་སྒྱུ། དེ་ནས་ཡུན་རིང་མ་སོང་བར་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཡོ་ཐབས་བྱས་ཏེ་དབུས་ཀྱི་དོག་ལུམ་པ་ཞེས་པའི་ས་གནས་དེར་བྱང་ཆུབ་རྒྱལ་མཚན་གསོལ་སྟོན་ལ་གདན་དྲངས་ནས་ཞི་དྲག་འཇམ་རྩུབ་ཀྱི་ཐབས་རྣམ་པ་སྣ་ཚོགས་སྤྱད་དེ་ཁྲི་དཔོན་གྱི་དབང་ཆ་སྤྲད་དགོས་པའི་བཀའ་ཕབ་པར་མ་ཟད། ཞག་བཅུ་དགུ་ཙམ་ལ་གུང་ཐང་དུ་བཙོན་འཇུག་བྱས། བྱང་ཆུབ་རྒྱལ་མཚན་གྱིས་དབང་ཆ་མ་སྤྲོད་པས་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཕྱིར་ལོག།
དེ་ནས་ཡོན་གོང་མའི་སི་ཏུ་དར་སྨན་མངའ་རིས་སུ་ཕེབས་ནས་འཇགས་བྱེད་པ་དང་། བོད་ཆོལ་ཁ་གསུམ་གྱི་ཕྱེ་གསལ་བྱེད་པར་བྱོན་དུས། འདམ་དང་ཚོང་འདུས་འགུར་མོ་གཉིས་སུ་མཇལ་ཁ་མ་ཐོབ། མངའ་རིས་ནས་ཕྱིར་ཕེབས་སྐབས་ཡར་ཀླུངས་སུ་མཇལ་ཁ་ཞུས་ཞིང་། སྔར་སེ་ཆེན་རྒྱལ་པོས་ཕག་གྲུ་ཁྲི་དཔོན་ལ་གནང་བའི་བཀའ་གཏན་ཡིག་རིགས་རྣམས་བསྟན་པས་སི་ཏུ་ཧ་ལས། གཡའ་ཕག་གི་ཁ་མཆུའི་བཅད་མཚམས་ལེགས་པ་བྱས་ནའང་། སྤྱི་ལོ་1337ལོ་ཡས་མས་ཙམ་ན་གཡའ་བཟང་པ་ཚུལ་འབུམ་འོད་ཀྱི་ཨེ་དང་གཉལ་གྱི་དམག་རྣམས་བསྐུལ་ཏེ་རྡོག་པོ་རྒྱུད་དུ་གཡུལ་འཁྲུག་བྱས་པས་ཕག་གྲུ་པར་རྒྱལ་ཁ་ཐོབ། གཡའ་བཟང་པའི་འགོ་པ་ཉི་ཤུ་ཙམ་བསད། དམག་མི་གཞན་རྣམས་བྲོས། ཕག་གྲུའི་འགོ་དམག་གིས་གཡའ་བཟང་དགོན་པ་དང་གཞིས་ཀ་རྣམས་རྩིས་བླངས་སོ། །
སྤྱི་ལོ་1340ལོའི་རྗེས་ཙམ་ནས་ཕག་གྲུའི་དབང་ཤུགས་ཇེ་ཆེར་སོང་བའི་སྐབས་དེར། བོད་ཡོངས་ཀྱི་སྲིད་དབང་ཕག་གྲུའི་ལག་ཏུ་ཤོར་ཉེན་ཡོད་པ་ས་སྐྱའི་བླ་མ་དང་དཔོན་ཆེན་ཚོ་ལ་དོགས་པ་སྐྱེས་ནས་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་ལྐོག་ཏུ་གཡའ་བཟང་པ་དང༌། ཚལ་པ། ཐང་པོ་ཆེ་བཅས་དང་མནའ་འབྲེལ་བཙུགས་པ། ས་སྐྱའི་བླ་མ་ཀུན་སྤངས་པ་དང༌། དཔོན་ཆེན་རྒྱལ་བ་བཟང་པོ་གཉིས་ཀྱིས་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་བཀྲོངས་ཏེ་སྣེའུ་གདོང་རྩིས་ལེན་བྱ་རྒྱུའི་ཇུས་གཞི་བཀོད་པ་རྣམས་རིམ་བཞིན་ཕྱིར་མཆེད་ནའང་། སྔར་ནས་ས་ཕག་གཉིས་འབྲེལ་བ་ཟབ་ཅིང་། ཁྱད་པར་དུ་སི་ཏུ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་དྲུང་འཁོར་ཡིན་པའི་སྟབས་ཀྱིས་འཆར་གཞི་དེ་འགྲུབ་དཀའ་བར་གྱུར། །
དེ་ནས་ཁོ་ཚོས་བླ་མ་མཉམ་མེད་པ་ཆེད་དུ་མངགས་ནས་གཡའ་ཕག་གཉིས་ཞི་བའི་སྒོ་ནས་ཁ་མཆུ་བསྡུམས་པར་བརྩོན། ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་རང་ཉིད་ཀྱི་བླ་མ་མཉམ་མེད་པ་བར་འདུམ་བྱེད་སར་དབུས་ཕྱོགས་སུ་ཕེབས་པར་བསུ་བ་ཞབས་ཏོག་གང་ལེགས་ཞུས། བླ་མ་མཉམ་མེད་པ་ལ་མཛད་དཀའ་བ་ཡོང་སྙམ་ནས་གཡའ་བཟང་པར་བདེན་པ་དེ་ཙམ་མེད་ཀྱང་གཡའ་བཟང་པ་རྒྱལ་ཙམ་དང༌། ང་ཕག་གྲུ་ཕམ་ཙམ་ཞིག་གནང་ན་འགྲིག་ཅེས་ཞུས། བླ་མ་མཉམ་མེད་སོགས་ས་སྐྱའི་སྣེ་མོ་ལས་འཛིན་རྣམས་ཐུགས་ཤིན་ཏུ་མཉེས། དེ་ནས་གཡའ་བཟང་དུ་བྱོན་པས། གཡའ་བཟང་ཁྲི་དཔོན་ཚུལ་འབུམ་འོད་ཀྱིས་བླ་མས་ཕྱོགས་རིས་མཛད་ཡོང་སྙམ་ནས་གདོང་མ་བསྟན་པར་གཡོལ་སྟབས་བར་འདུམ་གནང་མ་ཐུབ་པར་ཕྱིར་ཕེབས།
དེ་ནས་དཔོན་ཆེན་རྒྱལ་བ་བཟང་པོ་འགོ་དམག་དང་བཅས་པ་དབུས་ཕྱོགས་སུ་བྱོན་ཏེ་རིམ་བཞིན་ཡར་ཀླུངས་སུ་ཕེབས། ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་པའི་དཔོན་ཆེན་འགོ་དམག་དང་བཅས་པ་སྣེ་ལེན་བསུ་བ་གཟབ་རྒྱས་དང་འབྲེལ། དཔོན་ཆེན་རྒྱལ་བ་བཟང་པོ་ལ་གཡའ་ཕག་གི་ཁ་མཆུ་དེ་བཀའ་གཏན་ཡིག་རིགས་དང་མ་འགལ་བར་བདེན་པ་བདེན་ཐུབ་ཀྱིས་ཐག་གཅོད་གནང་དགོས་པའི་རེ་བ་ཞུས། དེ་ནས་ཡར་ལངས་ཏེ་ཕྱིན། གོམ་པ་དོ་གསུམ་ཕྱིན་མཚམས་སུ་ཕྱིར་འཁོར་ནས་དཔོན་ཆེན་རྒྱལ་བ་བཟང་པོ་ལ། གལ་ཏེ་ཁྱོད་ཀྱིས་བདེན་པ་རྒྱུན་འཁྱོངས་མ་མཛད་པར་ང་བསད་ན། ངའི་རོ་རྡོག་པོ་ཆེ་བས་མདོ་སྟོད་སྨད་དང༌། ཤར་མི་ཉག་རིང་མོ་ཡན་ཆད་ནས། སྟོད་མངའ་རིས་སྐོར་གསུམ། ལྷོ་བྱང་ཤར་ནུབ་ཀུན་ཏུ་རོ་བདག་མང་པོ་ཡོང་སྲིད་པས་དབུས་གཙང་གི་ཡུལ་ཁམས་རྣམས་ཀྱང་ཡུན་རིང་མི་བདེ་བར་ཡོང་སྲིད། སྣེའུ་གདོང་འདི་ཡང་དམག་གིས་མ་བསྐོར་ན་དགའ། གལ་སྲིད་བསྐོར་བ་ཡིན་ན། ངས་དྲིན་གྱིས་བསྐྱངས་པའི་གཡོག་པོ་ཉུང་ཤས་ལའང་བརྒྱ་ཙམ་ཡོད། བརྒྱ་པོ་དེ་ལ་ལག་རོགས་བཅུ་རེ་ཡོད་པའི་དབང་དུ་བྱས་ནའང་སྟོང་ཕྲག་གཅིག་ཙམ་ཡོད་པས། ངམས་ཤོད་མཐིལ་འདིར་མི་བདེ་བ་ཆེན་པོ་ཡོང་བས་དམག་མ་མཛད་ན་ལེགས། ཞེས་ཞུས།
དེ་ནས་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ཕྱིར་འཁོར་ནས་ཞབས་འབྲིང་རྒན་གྲས་ཧོར་གཞོན་ནུ་བཟང་པོ་དང༌། མགོན་པོ་རྒྱལ་མཚན། ཤཱཀྱ་འབུམ། བསམ་འགྲུབ། ཀུན་དགའ་གྲགས་པ་སོགས་ལ། སང་ཉིན་ང་དང་གཡའ་བཟང་པ་གཉིས་དཔོན་ཆེན་གྱི་མདུན་དུ་གཏུག་བཤེར་བྱེད་རྒྱུ་ཡིན། དཔོན་ཆེན་འདི་ཚིག་མི་བརྟན་པ་དང་ཕྱོགས་མཐའ་ཁ་བཞི་ནས་དམག་གྲབས་བྱེད་པ། ཚལ་པའི་གོ་ཆ་རྣམས་ཀྱང་ཆུ་ཤུལ་ལ་བཏང་འདུག་ཟེར་བས། གལ་སྲིད་ངེད་བཟུང་ནས་པགས་པ་དམར་བཤུ་བྱེད་བཞིན་འདུག་ཟེར་ཡང༌། སྣེའུ་གདོང་རྩ་བ་ནས་མ་ཤོར་པ་བྱེད་དགོས་པ་དང༌། རང་ཅག་རྣམས་ཀྱིས་དམག་འཐབ་བྱས་ནས་ཐུབ་ནའང༌། ཁྲིམས་ལུགས་ལ་མི་ཆོག་པས་ཕམ་ཁ་ལེན། སྔར་དབུས་ཀྱི་ས་ཆ་དོག་ལུམ་པར་ང་བཙོན་འཇུག་བྱེད་སྐབས་མགོན་པོ་རྒྱལ་མཚན་དང༌། ཤཱཀྱ་འབུམ་ལ་ལན་ཇི་ལྟར་བསྐུར་པ་བཞིན་སེམས་འཇགས་དགོས། ཞེས་པའི་བསླབ་བྱ་ཡང་ཡང་གནང༌། །
དེའི་ཕྱི་ཉིན་བྱ་རོག་ཐང་ལ་ཕེབས། རྣམ་རྒྱལ་ཚོམས་ཞེས་པ་དེའི་ནང་ལ་གཡའ་བཟང་པ་དང་། ཕག་གྲུ་གཉིས་གདོང་གཞི་ར་སྤྲོད་ཀྱིས་ཞུ་གཏུག་ཕྲན་བུ་བྱས། ས་སྐྱའི་དཔོན་ཆེན་བྲེལ་འཚུབ་ཆེ་ཞིང་རྣམ་འགྱུར་ཤིན་ཏུ་ངན། བྱང་ཆུབ་རྒྱལ་མཚན་གྱིས་ད་དུང་དཔང་རྟགས་ཡིག་རིགས་འགའ་ཞིག་དགོས་ལུགས་ཞུས་ནས། བར་ཐང་པ་དཔལ་རིན་ལེན་པར་བཏང་བས་ཁོ་ཚོས་ལམ་ཁ་ནས་བཟུང་སྟེ་མ་བཏང༌། དེའི་ནུབ་མོ་བྱང་ཆུབ་རྒྱལ་མཚན་དང༌། གཡའ་བཟང་པ་གཉིས་ཀ་འཛིན་བཟུང་བྱས་ནས་གཡའ་བཟང་པ་ཀ་ལྔ་མ་ཕྱོགས་པ་བཞགདཔོན་ཆེན་ཉིད་ཀ་དྲུག་མ་ཕྱོགས་ལ་བསྡད། ཡོལ་བ་ཆེན་པོ་ཞིག་འཐེན། ཀོ་འབོལ་ཆེན་པོ་ཉིས་བརྩེགས་ཀྱི་སྟེང་དུ་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་སྡོད་དུ་བཅུག།
དུས་དེར་མཐའ་བཞི་རྣམས་དམག་གིས་བསྐོར་ཟིན་པ་དང་ཁྲིམས་རྔ་ཆེན་པོ་བརྡུང༌། བྱང་ཆུབ་རྒྱལ་མཚན་གྱིས་ད་སྟབས་མ་ལེགས། ངའི་མིང་ཁྱེར་ནས་བཀའ་ཤོག་རྫུན་མ་བཏང་ཡོང་སྙམ་ནས་ན་ཚུལ་བྱས་ཏེ། ངའི་གཟུགས་པོ་ཐམས་ཅད་འདར་བཞིན་འདུག་པས། གུ་གུལ་གཅིག་དང་ཛ་ཏི་གཅིག་བསྲེགས་དགོས་པས་མེ་ཁྱེར་ཤོག་ཅེས་བརྗོད། གསོལ་ཇ་བཟོ་ཁང་ནས་སྐྱོགས་སུ་སོ་བའི་མེ་ཁྱེར་ནས་ཕུལ། བྱང་ཆུབ་རྒྱལ་མཚན་གྱིས་མགོ་བཏུམས་ནས་སྨན་བདུག་པའི་ཚུལ་བྱེད་བཞིན་ཐེལ་ཙེ་བསྲེགས། ཙན་དན་གྱི་དྲི་ཞིམ་པོ་བྱུང་བས་བཙོན་རྫི་བ་ན་རེ། འདི་འདྲའི་དྲི་ཞིམ་པོ་ཅི་ཡིན་དྲིས་པས། ང་ཡི་ཐེལ་ཙེ་བསྲེགས་པའི་དྲི་ཡིན་གསུངས། དེ་ནས་ཡུན་རིང་མ་སོང་བར་དཔའ་ཤི་ནམ་མཁའ་དཔལ་དང༌། དཔོན་ཆེན་འོད་ཟེར་སེང་གེའི་ཡིག་མཁན་རྡོ་རྗེ་དཔལ། གྲུ་བཞི་རྡོ་རྗེ་དཔལ་བཅས་ཐེལ་ཙེ་ལེན་དུ་འོང༌། ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་ཐེལ་ཙེ་མེ་ལ་བསྲེགས་ཚར་ཞེས་གསུངས། དེ་དཔོན་ཆེན་གྱིས་སྣེའུ་གདོང་ལེན་རྩིས་བྱས་པར་སྣེ་གདོང་ལས་འཛིན་པ་རྣམས་ཀྱིས་ཞལ་ངོ་ལས་ལས་སི་ཏུ་གལ་ཆེ་ཟེར་ནས་མ་གཏད། དེ་ནས་ཉིན་གསུམ་རིང་གཡའ་བཟང་པ་དང༌། ཐང་པོ་ཆེ་པ། བྱ་ཡུལ་སྟེང་དཔོན་ཚུལ་ཁྲིམས་གྲགས་པ་བཅས་ཀྱི་རྒྱབ་རྩ་དཔོན་ཆེན་དང༌། ཚལ་པས་བྱས་ཏེ་བྱང་ཆུབ་རྒྱལ་མཚན་དང་ཁ་རྩོད་ཐེངས་མང་བྱས། ཁོ་ཚོས་ཁྱི་སྤྱང་ལག་སྦྲེལ་གྱིས་བྱང་ཆུབ་རྒྱལ་མཚན་ལ་རྟ་ལྕག་བརྒྱ་དང་སོ་ལྔ་བཞུས་ཏེ་ཉེས་རྡུང་དང༌། མནར་གཅོད་དྲག་པོས་བརྒྱལ་ནས་དབུགས་ཆད་པ་ཡང་ལན་གསུམ་ཙམ་བྱུང༌། ལུས་ཀྱི་པགས་པའང་ལན་གསུམ་ཙམ་བརྗེས། ཟླ་བ་གཅིག་ལྷག་ཙམ་ཁ་ས་ལ་བུབ་ནས་གཟིམ་དགོས་པ་བྱུང༌། འོན་ཀྱང་མནར་གཅོད་ཀྱི་སྡུག་བསྔལ་ལ་འཇིགས་སྣང་མེད་པར་ད་དུང་ཐབས་སྣ་ཚོགས་ལ་བརྟེན་ནས་བློན་གཞོན་ནུ་བཟང་པོ་སོགས་ལ་མུ་མཐུད་འཐབ་རྩོད་བྱེད་དགོས་པའི་བསླབ་བྱ་ཡང་ཡང་གནང༌། །
དེ་ནས་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་སོགས་ཀྱིས་བྱང་ཆུབ་རྒྱལ་མཚན་གྱི་ཕྱག་གཉིས་རྒྱབ་ཏུ་བསྡམས་ཏེ་རྣམ་རྒྱལ་ནུབ་སྒོའི་མདུན་དུ་ཁྲིད་ནས་དབུ་ལ་རྔ་ཞྭ་ནག་པོ་ཞིག་གཡོགས་པས་དབུ་སྤྲུགས་སྤྲུགས་གནང་བས་རྔ་ཞྭ་ཡུར་བུའི་ནང་དུ་ལྷུང༌། ཡང་གྲོང་སྟོད་གདོང་དེར་སླེབས་སྐབས་དབུ་སྤྲུགས་ནས་བསྐྱུར། ཡང་ས་བྱ་གདོང་དུ་འབྱོར་སྐབས་རྔ་ཞྭ་གཡོགས་ནས་ཨོག་སྒྲོག་དམ་པོར་བསྒྲོགས་པ་དང༌། བཙོན་ཆས་གཡོགས་ནས་ཡར་ཁྲིད། སྐྱི་ནག་གི་བར་དུ་ཚལ་པའི་དམག་མིས་བསྐྱལ་པས་ཁ་ངན་གཏོང་བ་དང་འདེད་དྲག་ཚབས་ཆེན་བཏང༌། བྱང་ཆུབ་རྒྱལ་མཚན་ཉུག་ཆོས་རྫོང་དུ་ཟླ་བ་ཕྱེད་གཉིས་དང༌། ཀོ་སྤྲེལ་དུ་ཟླ་བ་གཅིག་ཙམ་བསྡད། དེ་ནས་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་འཇའ་ས་དང་བཅས་མཐོང་སྨོན་དུ་སླེབ་པ་དང་། དཔོན་རྒྱལ་བ་བཟང་པོས་ཕག་གྲུ་ལ་དམ་སྦྲགས་མ་བྱས་པར་ཕག་གྲུ་བྱང་ཆུབ་རྒྱལ་མཚན་བཙོན་ཤག་བྱས་ཏེ་དབུས་སུ་སླེབས། མགོན་པོ་རྒྱལ་མཚན་དང༌། དཔལ་རིན་གྱིས་གོས་ཟས་དང་དྲེལ་ཁལ་འཁྲིད་ནས་བསུ་བར་འོངས། དེ་ནས་རིམ་བཞིན་སྣེའུ་གདོང་དུ་ལོག་སྐབས་མཁར་ཆུ་དང་བྲག་ལ་ཞག་རེ་བཞུགས། བསམ་ཡས་ལ་འབྱོར་སྐབས་སྐྱེ་བོ་ཕོ་མོ་ཀུན་གྱིས་བསུ་བ་ཇ་འདྲེན་གང་ཟབ་གནང༌། །
ཆི་ལུང་གདོང་དུ་འབྱོར་སྐབས་སྐྱ་སེར་ཡོངས་ཀྱིས་བསུ་བ་ཞུས། ཕྱག་འཚལ་སྐོར་བ་བྱས་པས་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་དགའ་ངུ་ཤོར། ཧོར་དམག་ཡ་མཚན་སྐྱེས་ནས། ཧོར་སྐད་དུ། དཔོན་ཆེན་དབང་བརྩོན་འདི་མི་ངན་པ་ཞིག་ཡིན་ཟེར་བ་དེ་བདེན་པར་འདུགམི་འདི་ཙམ་གྱིས་མིག་ནས་མཆི་མ་ཤོར་བ་ནི་དཀའ་བའི་བྱ་བ་ཞིག་རེད་ཟེར། དེ་ནས་སྣེའུ་གདོང་གི་ཚོམས་སུ་ཕེབས་ནས་ཇ་ཆང་དང་གསོལ་ཚིགས་ཕུལ། སྟག་ཚང་རྡོར་རྒྱལ་དཔོན་གཡོག་དང༌། གཞོན་ནུ་བཟང་པོ། དེ་བཞིན་ཕག་གྲུའི་དཔོན་གཡོག་རྒན་གྲས་རྣམས་དང་ཞལ་འཛོམས་གནང་ནས་ང་ཡི་སྲོག་ཐར་ཐུབ་པ་འདིའི་རྒྱུ་མཚན་གཙོ་བོ་ནི་གཞོན་ནུ་བཟང་པོ་སོགས་ཞབས་འབྲིང་དཔོན་དམག་རྣམས་ཀྱིས་དམག་འཐབ་བྱས་ཏེ་སྣེའུ་གདོང་དགྲ་ཡི་ལག་ཏུ་མ་ཤོར་པ་དེ་ཡིན་གསུངས། །
ཕག་གིས་ས་སློག དེ་ནས་ཕག་གྲུའི་དཔོན་དམག་རྣམས་ཀྱིས། ད་ལྟ་ས་སྐྱ་པ་ནང་ཁུལ་དུ་འགལ་བ་ཆེ་ཞིང་ལྷག་པར་དུ་དབང་ཕྱུག་བརྩོན་འགྲུས་དང་རྒྱལ་བ་བཟང་པོའི་བར་འགལ་བ་ཚབས་ཆེ་བས། གོ་སྐབས་དེ་དམ་འཛིན་བྱས་ཏེ་ས་སྐྱ་པ་ལ་ཕར་རྒོལ་བྱེད་དགོས་ཞེས་ཞུས། སྤྱི་ལོ་1346ལོ་ཙམ་ན་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་འཇའ་ས་དང་བཅས་མཐོང་སྨོན་དུ་འབྱོར། ཁྲི་དམག་རྣམས་དོག་ལུང་བར་སླེབས། བྱང་ཆུབ་རྒྱལ་མཚན་གྱིས་ཀྱང་དམག་གྲབས་ལེགས་པར་མཛད་དེ། གཞོན་ནུ་བཟང་པོས་དམག་དཔོན་བྱས་ཏེ་ཕག་གྲུ་ཁྲི་སྐོར་གྱི་དམག་རྣམས་དྲངས། ལྷུམ་སྟེང་དུ་སླེབས་རྗེས་རྟ་དམག་ས་གནས་དེར་བཞགརྐང་ཐང་དུ་བསྐྱོད་ནས་མོན་མཁར་དུ་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱི་ཁྲི་དམག་རྣམས་རུ་བསྒྲིགས་པའི་གོ་སྐབས་དང་བསྟུན་ནས་ཕར་རྒོལ་བྱས་པས་ས་སྐྱའི་དབུས་གཙང་གི་ཁྲི་དམག་རྣམས་ལ་ཕམ་ཉེས་ཚབས་ཆེན་ཐེབས་ཏེ་ཕག་གྲུ་པ་ལ་རྒྱལ་ཁ་ཐོབ། །
སྤྱི་ལོ་1347ལོ་བྱང་ཆུབ་རྒྱལ་མཚན་ཉིད་ཀྱང་དམག་ཐོག་ཏུ་ཕེབས། གྲ་ཕྱི་དང་འཕྱོངས་རྒྱས་སོགས་ལྷོ་རྒྱུད་ཀྱི་རྫོང་གཞིས་ཕལ་ཆེར་བླངས། རབ་བྱུང་དྲུག་པའི་ས་བྱི་སྤྱི་ལོ་1348ལོར་ཕག་གྲུས་དམག་དཔུང་བཏང་སྟེ་ཚལ་པ་ཁྲི་དཔོན་གཏོར་ཞིང་དེའི་ས་ཆ་དང་འབངས་རྣམས་དབང་དུ་བསྡུས། གཞོན་ནུ་བཟང་པོས་དམག་དཔོན་བྱས་ཏེ་ཕག་གྲུའི་ཁྲི་སྐོར་གྱི་དམག་གིས་འཐབ་པས་ས་སྐྱ་པ་ལ་གཡུལ་ཉེས་བྱུང་ཕག་གྲུ་བྱང་ཆུབ་རྒྱལ་མཚན་སྐུ་དངོས་ཀྱིས་དམག་དཔོན་བྱས་ཏེ་གྲ་ཕྱི་སོགས་ལྷོ་བརྒྱུད་ཀྱི་རྫོང་གཞིས་ཕལ་ཆེར་བླངས། དེ་ནས་དཔུང་འཇུག་བྱས་ཏེ་ཚལ་པ་ཁྲི་དཔོན་གཏོར་ཕམ་བཏང་ནས་ས་ཆ་དང་སྡེ་འབངས་ཕག་གྲུའི་དབང་དུ་བྱས། རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་1349ལོར་འབྲི་གུང་པ་དང༌། ནམ་གྲགས་པ། གཡའ་བཟང་པ་སོགས་ཀྱི་དམག་དཔུང་ཐམས་ཅད་ཕམ་པར་བྱས་ཏེ་གོ་མཚོན་རྣམས་བླངས། གཉལ་ཤེལ་དཀར་སོགས་གཞིས་ཀ་རྣམས་སུ་རྫོང་དཔོན་བཏང་ཞིང་ཟུག་པ་བཙུགས། དེ་ནས་བཟུང་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ཧ་ལམ་བོད་ཡོངས་ལ་དབང་སྒྱུར་བྱས་སོ། །
སྐབས་དེར་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དང༌། སློབ་དཔོན་བསོད་ནམས་བློ་གྲོས། གཡའ་བཟང་ཁྲི་དཔོན། ཚལ་པ་ཁྲི་དཔོན་སོགས་ཀྱིས་བང་མི་བཏང་སྟེ། ཡོན་གོང་མ་ལ་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་དམག་གིས་བཅོམ། ཁྲི་དཔོན་གཞན་རྣམས་མཐའ་འདེད་བྱས་པ་སོགས་ཀྱི་ཞུ་བ་རིམ་པར་ཕུལ་ཡང་། སྐབས་དེར་སོག་པོ་རང་ཉིད་ཀྱང་ཉམས་རྒུད་འགྲོ་བཞིན་པའི་སྐབས་དང་འཁེལ་སྟབས་ས་སྐྱའི་གཞུང་ལ་རོགས་སྐྱོར་ཅི་ཡང་མ་ནུས། །
རབ་བྱུང་དྲུག་པའི་ལྕགས་སྟག་སྤྱི་ལོ་1350ལོར། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ས་ཕག་མཐུན་སྦྱོར་ཡོང་ཐབས་ལ་དགོངས་ནས་བར་མཛད་ནས། བྱང་ཆུབ་རྒྱལ་མཚན་དང་དཔོན་ཆེན་རྒྱལ་བ་བཟང་པོ་གཉིས་གོང་དཀར་དུ་མཇལ་འཕྲད་མཛད། དཔོན་ཆེན་གྱིས་བྱང་ཆུབ་རྒྱལ་མཚན་ལ་བཟོད་གསོལ་ཞུས་ཏེ་མཐུན་པོ་བྱུང་སྐབས། ནམ་གྲགས་ཀྱིས་ཤངས་མཐོང་སྨོན་ལ་དམག་བརྒྱབ་པས། ས་སྐྱ་དཔོན་ཆེན་གྱི་རོགས་སུ་ཕག་གྲུའི་དམག་དཔུང་ཕྱིན་པས་ཤབ་ཆུའི་ལྷོ་ཁར་འཁྲུགས་ཏེ། ནམ་གྲགས་པའི་དཔུང་རྣམས་བཅོམ། དེ་ནས་ཕག་གྲུའི་དམག་རྣམས་ས་སྐྱར་འགྲོ་བར་ཐག་བཅད་ཀྱང་། དཔོན་ཆེན་གཞན་གྱི་མགོ་བསྐོར་གྱི་དབང་དུ་སོང་སྟེ་དམག་རྣམས་ཕྱིར་སློག དེ་ནས་དཔོན་ཆེན་རྒྱལ་བ་བཟང་པོ་ས་སྐྱར་བྱོན་པས་བླ་མ་ཏི་ཤྲཱིའི་སྲས་པོ་གཉིས་ཀྱིས་དཔོན་ཆེན་བཟུང་ནས་བཙོན་དུ་བཅུག རྒྱལ་བ་བཟང་པོའི་སྲས་དགེ་བཤེས་གྲགས་པ་སེང་གེས་བང་མི་བཏང་སྟེ་བྱང་ཆུབ་རྒྱལ་མཚན་ལ་རོགས་སྐྱོར་ཡོང་རྒྱུའི་རེ་བ་ཞུས། རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ་1354ལོར། ཕག་གྲུས་དམག་དཔུང་ས་སྐྱར་བཏང་སྟེ་ཞི་དྲག་གི་ཐབས་དུ་མའི་སྒོ་ནས་དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་ནས་བཏོན། གཙང་གི་ས་ཆ་ཕལ་ཆེར་ཆབ་འོག་ཏུ་བཅུག ཕྱིར་འབྱོན་པའི་ལམ་ཞོར་དུ་གཞིས་ཀ་རིན་སྤུངས་རྩིག་པའི་ཞལ་བཀོད་མཛད།
དེ་ནས་འབྲི་གུང་པས་ཕག་གྲུའི་སྟེང་དུ་དམག་ཚན་ཆེན་བསགས་པར་བྱང་ཆུབ་རྒྱལ་མཚན་གྱིས་གོང་དཀར་གྱི་དམག་དཔུང་བཏང་སྟེ་བྲག་དཀར་ཕབ། སྐབས་དེར་ས་སྐྱ་པ་ནང་མ་མཐུན་པས་བླ་མ་ཀུན་སྤངས་པ་བཀྲོངས། དེའི་ཁ་མཆུ་གཅད་པའི་ཆེད་དུ་ཏཱ་སི་བྱང་ཆུབ་རྒྱལ་མཚན་གཙང་དུ་ཕེབས། དཔོན་ཆེན་རྒྱལ་བ་བཟང་པོ་འབོད་པར་བཏང་བ་ཁོང་ལྷ་རྩེར་བཀའ་གྲོས་ལ་བྱོན་ཐོག དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་དང་མཁན་པོ་ནམ་མཁའ་ཡེ་ཤེས་ཀྱིས་དུག་བཏང་ཡང་ཟེར། ཨ་རག་མང་བས་ལན་ཀྱང་ཟེར། གང་ལྟར་ཡང་དཔོན་ཆེན་གྲོངས། དེ་ནས་སི་ཏུས་ས་སྐྱས་གཙོས་པའི་ཆེ་གཉན་རྣམས་ཀྱི་སྒྲིག་ཁྲིམས་བསྡོམས་པའི་ཆེད་དུ་ས་སྐྱར་བྱོན། སྒྲིག་ཁྲིམས་ཡིག་ཆ་དང་འགལ་ན་དེ་ལུགས་ཀྱི་རྩ་ར་བཏང་བའི་ཁྲིམས་བསྒྲགས། ལྷ་ཁང་ཆེན་མོར་རིན་ཆེན་འོད་ཀྱིས་འགོ་བྱས་མི་བརྒྱ་སྐོར་ཞིག་ཟུག་པ་བཞག དེ་ནས་སི་ཏུ་དབུས་སུ་ཕྱིར་བྱོན་རྗེས་ལྷ་རྩེ་པ་དང་བྱང་པ་འཁྲུགས། དེ་ལ་སྒྲིག་ཡིག་དང་མཐུན་པའི་རྩ་ར་གཏོང་བའི་ཆེད་དུ་དམག་དཔུང་སྙི་ཚར་སླེབས་དུས། ལྷ་རྩེ་ནས་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱི་དཔུང་གིས་ས་སྐྱ་ལྷ་ཁང་ཆེན་མོ་བསྐོར་བ་ཐོས་པས་དམག་དཔུང་རྣམས་སྙི་ཚར་ནས་ས་སྐྱར་ཕྱིན་ཏེ་འཁྲུགས་པས་ཤི་རྨས་མང་དུ་བྱས། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་བཟུང༌། ས་སྐྱའི་དམག་མི་བཞི་བརྒྱ་ཙམ་ཁྲིམས་ལ་སྦྱར། །
དེ་ནས་སྔར་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་དང་། ཚལ་པ་ཁྲི་དཔོན་སོགས་ཀྱིས་ཡོན་གོང་མ་ལ་དབྱེན་སྦྱོར་རིམ་པ་ཕུལ་བ་རྣམས་ལ་ཐུགས་ཚོམ་པ་སེལ་བའི་ཆེད་དུ། དྲུང་ཆེན་ཤེས་རབ་བཀྲ་ཤིས་ལ་སེང་གེའི་པགས་པ་སྡེར་བཞི་མ་ཉམས་པ་སོགས་འབུལ་བ་བཅས་བསྐུར་ཏེ་ཡོན་གོང་མའི་དྲུང་དུ་བཏང༌། ཡོན་གོང་མ་ཐོ་གན་ཐེར་མུ་ལ་ཡིན་ལུགས་ཀྱི་གནས་ཚུལ་ཞིབ་གསལ་ཞུས་པས། ཡོན་གོང་མས་གདུང་རབས་ནས་གདུང་རབས་སུ་ཕན་པའི་འཇའ་ས་དང་ལུང་བཟང་པོ་གནང་། དེ་ལྟར་འབྲི་གུང་དང་། ཚལ་པ། གཡའ་བཟང་། ས་སྐྱའི་དཔོན་ཆེན་སོགས་སྟོབས་འབྱོར་གྱིས་དྲེགས་པ་རྣམས་ཚར་བཅད། གོང་དཀར་དང་། བྲག་དཀར། སྣེའུ། འོལ་ཁ་སྟག་རྩེ། བསམ་འགྲུབ་རྩེ། ལྷུན་གྲུབ་རྩེ། རིན་སྤུངས་སོགས་དབུས་གཙང་གི་སའི་ལྟེ་བ་རྣམས་ལ་རྫོང་ཆེན་བཅུ་གསུམ་བརྩིགས། ཕོ་བྲང་ཆེན་པོ་སྣེའུ་རྩེར་རྒྱལ་སྒོ་ཕྱི་ནང་གསུམ་དུ་བྱས་པའི་ནང་མ་ལ་ནག་ཆང་གི་ཁྲིམས་བསྡམས་ཤིང་། སི་ཏུ་རང་ཉིད་ཆང་དང་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་རབ་བྱུང་གི་ཚུལ་ལ་གནས་པས་ལྷ་སྡེ་དང་མི་སྡེ་ཀུན་གྱིས་སྤྱི་བའི་ཅོད་པན་དུ་བཀུར། ཞེས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་གསལ། །
( དེབ་གོང་མར་མཐུད། )