ལུས་པོའི་དྲན་པ་ལས་ཆེས་གལ་ཆེ་ཞིང་ཆེས་ངོས་འཛིན་བྱེད་སླ་བ་ནི་མིའི་ལུས་པོའི་རིམ་འགོག་ནུས་པ་ཡིན། མིའི་རིམ་འགོག་ནུས་པ་ལ་གཞན་དང་ཐ་དད་དུ་དབྱེ་འབྱེད་བྱེད་པའི་ནུས་པ་ལྡན་པའི་སྐྱེས་ཁམས་ཀྱི་སྣང་ཚུལ་ཞིག་ཡིན། ནད་དུག་གམ་ཕྲ་སྲིན་གང་རུང་གིས་མིའི་ལུས་པོའི་རིམ་འགོག་ནུས་ཤུགས་ལ་ཤུགས་རྐྱེན་ཐེབས་ཤིང་རྗེས་མར་རིགས་མཚུངས་པའི་ནད་དུག་གམ་ཕྲ་སྲིན་གང་རུང་གིས་ཡང་བསྐྱར་ཤུགས་རྐྱེན་ཐེབས་སྐབས་ཚོར་སྣང་དྲག་པོ་སྐྱེས་སྲིད་པ་དེ་ལ་རིམ་འགོག་གི་དྲན་པ་ཞེས་བྱ། མིའི་ལུས་པོའི་རིམ་འགོག་དྲན་པས་མིའི་ལུས་པོར་སྔར་བྱུང་མྱོང་བའི་ནད་གང་རུང་ཞིག་བསྐྱར་དུ་བྱུང་སྐབས་མགྱོགས་མྱུར་ངང་ལུས་པོའི་རིམ་འགོག་ནུས་ཤུགས་ལ་བརྡ་བརྒྱུད་སྤྲོད་བྱེད་པའི་རོགས་འདེགས་ཀྱི་ཕན་ནུས་འདོན་ངེས། དྲན་པ་རང་བཞིན་གྱི་ལུས་པོའི་མཉམ་འུར་འདིར་ནད་ཡམས་སྔོན་འགོག་གི་ནུས་པ་ཡོད་པར་མ་ཟད། ནད་ཐོག་ངོས་འཛིན་གྱི་ཚབས་ཆེན་རང་བཞིན་ཡང་ཇེ་དམར་གཏོང་ཐུབ། དྲན་པ་འདི་ནི་རིམ་འགོག་ནུས་ཤུགས་ཀྱི་རྨང་གཞི་ཡིན་ལ། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ང་ཚོའི་ངོས་འཛིན་བྱེད་བཞིན་པའི་ལུས་པོར་ནད་གང་རུང་ཞིག་བྱུང་རྗེས་དེ་མཐུན་གྱི་ལུས་པོའི་རིམ་འགོག་ནུས་ཤུགས་ཇེ་མཐོར་གྱུར་ནས་ནད་གཞི་གང་དེ་སླར་འབྱུང་བར་སྔོན་འགོག་བྱེད་ཐུབ་པ་རེད།
ལུས་པོའི་ཡན་ལག་དག་གི་སླར་སྐྱེས་དང་སླར་གསོ་ལའང་དྲན་པ་ཡོད་དེ། ལུས་པོར་རྨ་ཁ་བཟོས་རྗེས་རྨ་ཁ་སླར་སོས་ཀྱི་གོ་རིམ་ཁྲོད་ཀྱི་ལུས་པོའི་ཕྲ་ཕུང་ལ་དྲན་པ་ཡོད་པ་རེད། དྲན་པ་དེས་ལུས་པོའི་དབང་པོ་སོ་སོའི་སླར་གསོ་ལ་རོགས་འདེགས་ཀྱི་ནུས་པ་ཐོན་ཐུབ། དུས་རྒྱུན་གྱི་འཚོ་བའི་གོ་རིམ་ཁྲོད་ང་ཚོའི་མཐོང་ཆོས་སུ་གྱུར་བའི་དཔེ་གཞི་མང་པོ་ཡོད་དེ། དཔེར་ན་མིའི་ལུས་པོར་གཤག་བཅོས་བྱས་རྗེས་རྨ་ཁ་སླར་སོས་ཐུབ་པ་དང་མིའི་མཛུབ་རིས་ཀྱི་ཕྱི་པགས་ལྷུང་རྗེས་དབྱིབས་རིས་གཅིག་མཚུངས་ཡིན་པའི་ཕྱི་ལྤགས་སླར་གསོ་བྱེད་ཐུབ་པ། མིའི་ལུས་པོའི་དབང་པོ་ལ་ལར་གཤག་བཅོས་བྱས་རྗེས་དབང་པོ་དེ་དག་རིམ་བཞིན་ཆེ་ཆུང་དུ་མི་གྱུར་བར་སླར་སོས་ཐུབ་པ་སོགས་ནི་ལུས་པོའི་དྲན་པ་དང་འབྲེལ་བ་དམ་པོ་ཡོད་པ་རེད།
ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ལུས་པོའི་དྲན་པ་དེ་ལུས་པོའི་ཕྲ་ཕུང་སོ་སོར་གནས་ཤིང་། ལྟོ་བའི་འགྲངས་ཚད་ལས་བརྒལ་བའི་ཟས་ཟ་བ་དང་སེམས་ཁམས་ཀྱིས་ཐེག་དཀའ་བའི་གནོན་ཤུགས། དེ་མིན་དུ་བ་འཐེན་པ། ཆང་འཐུང་བ། ལུས་རྩལ་སྦྱོང་བརྡར་བྱེད་པ་སོགས་ལུས་པོ་དང་འབྲེལ་བའི་བརྡ་འཕྲིན་རེ་རེ་དང་འགུལ་སྤྱོད་རེ་རེ་ལུས་ཀྱི་དྲན་པས་ཟིན་ཐོར་བཀོད་ངེས། དཔེར་ན་ལུས་པོར་ཚོ་བུད་པ་ནི་ཚིལ་ཞག་གི་ཕྲ་ཕུང་ལ་དྲན་པ་ཡོད་པས་རེད། ཚན་རིག་པས་ཤེས་རྟོགས་བྱུང་བ་ལྟར་ན། ཟ་མར་ཚད་བཟུང་ནས་ཚོ་བྱང་བར་བརྩོན་པའི་མི་དག་ལས་50%ཕམ་ཁ་བྱུང་བ་རེད། དེའི་རྒྱུ་མཚན་ནི་ཐབས་སྣ་ཚོགས་སྤྱད་དེ་ཚོ་བྱང་བར་བརྩོན་ཚེ་ཚོ་བྱང་ནས་ལུས་པོ་ཇེ་ཡང་དུ་གཏོང་ཐུབ་ནའང་ལུས་པོའི་དྲན་པ་ཡལ་མི་སྲིད་པས་རེད། ཚིལ་ཞག་གི་དྲན་པ་དེ་མིའི་ལུས་པོར་ལོ་ངོ་དྲུག་ལྷག་ལ་གནས་སྲིད་པས། ཕོ་བ་ལྟོགས་དྲགས་ནས་བཟའ་བཏུང་ལ་རོལ་རྗེས་ཚིལ་ཞག་གི་དྲན་པས་ཡང་བསྐྱར་སྔོན་གྱི་ཚིལ་ཞག་གི་ཕྲ་ཕུང་ལ་ཁ་གསབ་བྱེད་པར་མ་ཟད། ཚིལ་ཞག་ལྡབ་འགྱུར་གྱིས་ཇེ་མང་དུ་འགྱུར་བའི་ཉེན་ཁའང་གནས་སྲིད། རིགས་མི་འདྲ་བའི་ཟ་མ་ཟོས་རྗེས་ཕོ་བ་མི་བདེ་བའི་སྣང་ཚུལ་བྱུང་བ་དང་སེམས་ཁམས་ཀྱི་གནོན་ཤུགས་སོགས་ཀྱང་ལུས་པོའི་ཕྲ་ཕུང་སོ་སོའི་དྲན་པ་དང་འབྲེལ་བ་དམ་པོ་ཡོད་པས་བདེ་ཐང་གི་གནད་དོན་དེ་དུས་ཐོག་ཏུ་ཐག་གཅོད་མ་བྱས་ཚེ་ལུས་པོའི་ཕྲ་ཕུང་གང་རུང་གི་དྲན་པར་གྱུར་ཏེ་དུས་ཡུན་རིང་པོར་གནས་སྲིད། །