དུད་ཚང་དབུལ་པོ་ལ་སྟོན་བསྡུ་རོགས་བྱེད་བཞིན་པ།
组织党员义工为特困户秋收
ཉག་ཆུ་སྔོན་མོའི་བཞུར་རྒྱུན་དང་འགྲོགས་ཏེ་ཉག་ཨ་འཛི་རོང་གི་ཡུལ་ཕྱོགས་སུ་རིམ་གྱིས་བརྒྱུད་དུས་ཉག་རྐེད་ལོ་རྔ་ཞེས་པའི་ཡུལ་ཤོག་རུ་འབྱོར། ལོ་འདི་འགའི་རིང་ཡུལ་ཤོག་འདིའི་ཏང་ཨུ་སྲིད་གཞུང་གིས་སྣེ་ཁྲིད་འོག་ལོ་རྔའི་མངའ་འོག་གི་མི་སེར་རྣམས་ཀྱི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། གདོང་ན་འཛུམ་གྱིས་ཕྱུག་པའི་སྡེ་མི་ཚོས་བཤད་རྒྱུར། ང་ཚོ་ལ་འདི་ལྟ་བུའི་ཆ་རྐྱེན་བསྐྲུན་མཁན་ནི་ང་ཚོའི་ཡུལ་ཤོག་གི་ཧྲུའུ་ཅི་བཟང་པོ་ཇ་བཟི་པདྨ་དབང་རྒྱལ་ཡིན་ཟེར།
ཧྲུའུ་ཅི་ཇ་བཟི་པདྨ་དབང་རྒྱལ་དང་འཕྲད་དུས། ཁོང་གྲོང་སྡེ་རུ་གནད་སྨིན་དབུལ་སྐྱོར་གྱི་ལས་ཀ་སྤེལ་བར་སོང་ནས་ཕྱིར་ཡུལ་ཤོག་སྲིད་གཞུང་གི་གཞུང་ལས་ཁང་དུ་འབྱོར་མ་ཐག་ཡིན་ཞིང་། ཁོང་གིས་མི་སེར་རྣམས་སྣེ་ཁྲིད་དེ་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་ཞིག་བྱ་སྙམ་ཡང་ཁོང་ཡང་བསྐྱར་གྲོང་སྡེ་ཞིག་ཏུ་ལས་ཀ་སྤེལ་བར་འགྲོ་དགོས་འདུག་པས་དུས་ཚོད་ཁོམ་ལོང་མི་འདུག བྲེལ་ཟིང་དང་འདུར་རྒྱུག་ཁྲོད་ནས་ཁོས་བཤད་རྒྱུར། ང་རང་རྩ་འཛུགས་ཀྱིས་ཡུལ་ཤོག་འདིའི་འགོ་གཙོ་རུ་བདམས་བསྐོ་བྱས་པ་ནས་བཟུང་ཕྲག་ཏུ་འོས་འགན་ལྕི་མོ་ཞིག་ཁུར་ཡོད་པ་ནམ་ཡང་བརྗེད་མེད་ལ་ལོ་འདི་འགའི་རིང་ལ་ང་དང་མི་སེར་ཚོའི་བར་ན་ལྷད་མེད་ཀྱི་བརྩེ་དུང་ཟབ་མོ་ཞིག་ཆགས་ཡོད་ཟེར།
ཁོང་གིས་ཡིད་ཆེས་བརྟན་པོ་དང་རང་གཅུན་ནན་མོས་སྤྱི་ཚོགས་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་དེ་ལས་ཀ་ཀུན་གྱི་གཙོ་གནད་དུ་བཟུང་སྟེ་ཉེ་བའི་ལོ་ངོ་གསུམ་གྱི་ནང་དུ་སྔ་རྗེས་སུ་འགལ་ཟླའི་རྩོད་གླེང་68ལ་བར་འདུམ་བྱས་ཤིང་། དྲང་བདེན་སྒོས་རང་དཔེ་གཞན་སྟོན་བྱས་ཏེ་ཚན་ཁག་ཁོངས་མིའི་བརྩོན་སེམས་གང་ལེགས་ཀྱིས་སྐུལ་སྤེལ་བཏང་། སྲིད་དོན་གཙང་སྐྱོང་དང་དམངས་སེམས་གཅིག་སྡུད་ལམ་ལུགས། སྒྲིག་སྲོལ་ལམ་ལུགས་ཁག་ལ་རང་ཉིད་ཀྱིས་སྣེ་ཁྲིད་དང་ལག་བསྟར་བྱས། རྒྱུན་པར་ཚན་ཁག་གི་མི་སྣ་གཞན་པ་དང་འབྲེལ་གཏུག་དང་བསམ་འཆར་བརྗེ་རེས་བྱེད་པ་དང་། གལ་འགངས་ཆེ་བའི་གནད་དོན་ཇུས་ཐག་གཅོད་པར་ཕྱོགས་ཡོངས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་ཐུན་མོང་གི་བློ་གྲོས་ཀྱི་དགེ་མཚན་ལེགས་སྤེལ་བྱས། ནམ་ཡང་བརྒྱ་ཁ་གཅིག་གཅོད་དང་མི་སྒེར་ཁོ་ནས་ཐག་གཅོད་མི་བྱེད་པར་ཀུན་གྱི་བསམ་འཆར་དང་རེ་བར་དང་ལེན་བྱེད་ངེས། ཁོང་གིས་ཏང་གི་འཛུགས་སྐྲུན་གྱི་ལས་ཀ་རིམ་པ་བཞིན་རྩ་བའི་རིགས་པ་དང་འབྲེལ་སྦྱོར་བྱས་ཏེ་ཡུལ་ཤོག་ཏང་ཨུའི་ཚན་ཁག་ཁོངས་མི་རེ་རེས་གྲོང་པའི་ཏང་ཀྲི་པུའུ་ཡི་ཏང་གི་འཛུགས་སྐྲུན་རེ་རེར་འགན་ལེན་བྱས་པ་དང། ད་དུང་N+1དང་1+Nཡི་དོ་དམ་དཔེ་དབྱིབས་སྤྱད་ནས་ལས་བྱེད་པ་དང་གྲོང་པ། ཚན་ཁག དུད་ཚང་བཅས་རིམ་པ་བཞིན་མི་སྒེར་དང་འབྲེལ་བ་སྤེལ། ཁོང་གིས་དུས་རྟག་ཏུ་ཁ་ཞེ་གཉིས་མེད་ཀྱིས་མང་ཚོགས་ཀྱི་ལས་ཀ་གཉེར་ཏེ་དུས་ཚོད་དང་སེམས་ཤུགས་གཙོ་བོ་གཞི་རིམ་ལ་དམིགས་ཤིང་། ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ་ཁོང་ཡུལ་ཤོག་གཅིག་གི་དུད་ཚང་ཡོངས་རྫོགས་ཀྱི་ཁྱིམ་དུ་ཕྱིན་ཞིང་། གྲོང་པ་དང་དུད་ཚང་གི་ཁྱིམ་དུ་ཞིབ་འཇུག་བརྟག་དཔྱད་དུ་ཁྱོན་བསྡོམས་ཉིན་650ལ་ཕྱིན་ཡོད། ད་དུང་ཟླ་བ་རེར་སྣེ་ཁྲིད་དེ་ཉེ་བ་ཆ་སྒྲིག་ལ་འཚམས་འདྲི་ཐེངས་6རེ་ཕྱིན་པ་རྒྱུན་འཁྱོངས་བྱས་ཤིང་། སྔ་རྗེས་སུ་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་1650ཐག་གཅོད་བྱས། དེའི་ནང་ནས་ཤིན་ཏུ་དབུལ་པའི་དུད་ཁྱིམ་94ལ་དངོས་ཡོད་དཀའ་ངལ་668སེལ་བར་བྱས།
གྲོང་སྡེ་རུ་ཕྱིན་ཏེ་ཏང་གི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་པ།
进村上党课
ཁོང་གིས་མི་དམངས་ཀྱི་རེ་འདུན་དང་དགོས་མཁོ་བསྐང་བ་དང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་ཡུལ་ཤོག་ཏང་ཨུ་སྲིད་གཞུང་གི་ལས་ཀའི་དམིགས་ཡུལ་དང་རྐང་ཚུགས་སར་བཟུང་། མང་ཚོགས་ཀྱི་འཐུང་ཆུ་གནས་ཚུལ་ལ་གཞིགས་ནས་གོང་རིམ་ལ་རེ་ཞུ་བྱས་ཏེ་སྡེ་ཤོག་གཅིག་གི་དུད་ཚང་280ལ་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་དུད་ཚང་ཡོངས་ལ་ཉི་ནུས་ཡོ་ཆས་ལྷུ་སྒྲིག་བྱས། མང་ཚོགས་ཀྱི་གློག་བེད་སྤྱོད་བྱེད་པའི་དཀའ་ངལ་ལ་དམིགས་ནས་གོང་རིམ་ལ་རེ་བ་ཞུས་ཏེ་2014ལོ་ལ་ལོ་རྔ་ཡུལ་ཤོག་རྒྱལ་ཁབ་ཀྱི་གློག་དྲ་རུ་ཞུགས་པ་དང་དུད་ཚང་ཡོངས་ཀྱིས་སྤུས་ལེགས་ཀྱི་གློག་བེད་སྤྱོད་ཐུབ་པ་བྱུང་། མང་ཚོགས་ཀྱི་འགྲོ་ལམ་གྱི་དཀའ་ངལ་ལ་དམིགས་ནས་ཁོང་གིས་གང་ཅིའི་ཐད་ནས་འབྲེལ་མཐུད་བརྒྱུད་ནས་སྔོན་རྗེས་སུ་ས་ནག་གྲོང་པའི་ལམ་དང་པད་རི། མཁར་གཉའ། ཁྱད་ཡུལ་བཅས་ཀྱི་གྲོང་པའི་བགྲོད་ལམ་ཇེ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འགྲོ་འདུག་སྟབས་བདེ་བཟོས། མང་ཚོགས་ཀྱི་ཡོང་སྒོའི་དཀའ་ངལ་ལ་དམིགས་ནས་ཁོང་གིས་ཧུར་ཐག་སྒོས་ཞིང་འབྲོག་མང་ཚོགས་ཀྱི་ཞིང་ལས་སྒྲིག་གཞི་སྲ་བརྟན་ཡོང་ཐབས་སུ་སྔ་རྗེས་སུ་སྡེ་ཤོག་གཅིག་གི་མངའ་ཁོངས་སུ་ཡུངས་དཀར་མུའུ་300འདེབས་འཛུགས་བྱས་པ་དང་མ་ཁ་མུའུ་3ཚོད་འདེབས་བྱས་ནས་རྒྱ་ཆེ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་བཏང་། ཉེ་བའི་ལོ་འགའི་རིང་ལ་མི་159དབུལ་ཕོངས་ལས་གྲོལ་ཐུབ་བར་བྱུང་ཡོད། སློབ་མའི་སློབ་ཞུགས་ཀྱི་དཀའ་ངལ་ལ་དམིགས་ནས་རང་ཉིད་དངོས་ཀྱིས་ཐབས་ཤེས་ཞིབ་འཇུག་བྱས་ཏེ་གྲོང་པ་དང་ཁྱིམ་ཚང་དུ་ཕྱིན་ཞིང་། ཞིང་འབྲོག་མང་ཚོགས་ལ་བུ་དང་བུ་མོ་སློབ་གྲྭ་ལ་མངག་དགོས་པའི་སྐུལ་མ་བཏང་ནས་2011ལོའི་སློབ་གྲྭར་ཡོད་པའི་སློབ་ཕྲུག་77ཡི་ཐོག་ཏུ་2015ལོར་སློབ་མ་342གོང་འཕེལ་བཏང་ཐུབ་ཡོད། ལོ་རྔ་ཡུལ་ཤོག་ལ་སྔ་གཞུག་ཏུ་རྫོང་ཡོངས་ཀྱི་སློབ་གསོའི་ལས་ཀའི་གཟེངས་བསྟོད་ཨང་དང་པོ་ཐེངས་3ལ་ཐོབ་པ་དང་། ད་དུང་གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་སྐོར་ལ་ཡང་རྫོང་ཡོངས་ཀྱི་མིག་དཔེ་རུ་ལྟ་འོས་པར་གྱུར།
གྲོང་སྡེ་རུ་ཤར་གཏོང་ཐུབ་པའི་ལམ་བསྐྲུན་ཆེད་ཡུལ་དངོས་སུ་རྟོག་ཞིབ་བྱེད་བཞིན་པ།
修通村路实地调查研究
ཧྲུའུ་ཅི་པདྨ་དབང་རྒྱལ་གྱི་མང་ཚོགས་ལས་ཀའི་ཁྲོད་འབུར་དུ་ཐོན་པའི་གྲུབ་འབྲས་ཐོབ་པས་2012ལོ་ནས་2015ལོའི་བར་གྱི་ཁུལ་རིམ་པའི་ཕུལ་བྱུང་ཡུལ་གྲོང་ཏང་ཨུའི་ཧྲུའུ་ཅི་རུ་བདམས་ཐོན་བྱུང་། རྩྭ་རྐང་བརྟན་མིན་རླུང་ནག་བརྒྱབ་ན་ཤེས་ཞེས་པའི་དཔེ་ལྟར་མང་ཚོགས་ཕྱུག་འགྱུར་ཡོང་བའི་སླད་དུ། ཁོང་ནི་རྟག་ཏུ་ངར་ལྕགས་ལྟ་བུའི་ཕོ་རྒོད་ཅིག་དང་བློ་དཀར་སེམས་དཀར་ཅན་ཞིག་ཡིན་ལ། མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་དཀའ་སྤྱད་སྙིང་རུས་དང་ཧུར་ཐག་འབད་བརྩོན་གྱིས་ལས་ཀ་བསྒྲུབས་པ་དང་། མང་ཚོགས་ཀྱི་ཁེ་ཕན་གྱི་ཆེད་དུ་ངལ་བ་དང་འཁང་ར་བཟོད་ཅིང་སྒེར་སེམས་མེད་པའི་སྒོ་ནས་ལེགས་སྐྱེས་འབུལ་ཡོད། ཁོང་གི་ལས་ཀའི་སྤྱོད་ཚུལ་དང་ཧུར་བརྩོན་གྱི་ལས་ཀའི་རྣམ་འགྱུར། འབུར་དུ་ཐོན་པའི་ལས་ཀའི་གྲུབ་འབྲས་ལ་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟོད་བསྔགས་དང་ཡི་རངས་བྱེད་བཞིན་མཆིས་སོ།།