
路途
ཚེ་དང་སྲོག་གི་ཀ་བ་ཡོངས་སུ་འགྱེལ་དུས། །
ལུས་ཀྱི་ཐོ་ཡོར་འབྱུང་བཞིའི་ཁམས་སུ་དེངས་འགྲོ།
ལྕགས་སྲེག་རྐན་ལ་བརྡར་བའི་བུ་ལོན་མེད་ན། །
རྣམ་ཤེས་སྦྲང་མ་འདྲ་བོ་ཕྱིར་ལ་སླེབ་ཡོང་། །
སྒྱུ་མའི་བསླུ་བྲིད་ཐེབས་པའི་འཁོར་བའི་སྒོ་མོ། །
ངེས་འབྱུང་རལ་བ་ཟད་པའི་མགྲོན་གྱིས་བརྡུངས་བྱུང་། །
སྙིང་གི་གོར་མའི་དངོས་སུ་སྨུག་པ་འཁྱིལ་བས། །
ཀྱེ་མ་རྒུད་པའི་སྨ་ར་བྲང་ལ་དཔྱངས་འདུག །
དབྱིངས་སུ་རྒྱུ་བའི་སྐར་མ་གཡང་ལ་ལྕེབས་དུས། །
ཟླ་བའི་གཙང་བོ་རླུང་དང་བསེར་བུས་བསེད་འགྲོ། །
ལས་ཀྱི་ཤིང་རྟ་འདེད་པའི་མི་བུ་འདི་ཚོ། །
ད་དུང་ཕྱྭ་དང་གཡང་གི་མཐའ་རུ་ཕྱོགས་སོང་། །
སྲོད་ལ་སྤྲིན་དང་ན་བུན་ལོང་ལོང་ལྡང་བས། །
དུང་བའི་གཤོག་སྒྲ་གྲགས་པའི་ངང་ཁྱུ་འཕུར་སོང་། །
མེ་ཏོག་ཞལ་ཁ་ཟུམ་པའི་ད་ཚོད་ཅིག་ལ། །
ངག་གི་སྒོ་མོ་འདར་བའི་གཞས་ཤིག་གཏོང་ཆོག །
ལྷན་སྐྱེས་སྣང་བའི་འདོད་སྲེད་དབྱིངས་སུ་བསྡུས་པས། །
ཏིང་འཛིན་ཕྲ་མོའི་དྲོད་ཐིག་སྙིང་ལ་འབར་བྱུང་། །
ཕྱི་ཡི་རྫུ་བག་བོར་བའི་རས་པ་ཞིག་ལ། །
ཡིད་འགྱུར་རི་མོ་འབྲི་བའི་ཐབས་ཤིག་གླེང་ན། །
བླ་འབོད་བྲག་ལ་འཁོར་བའི་ཨག་སྐད་ཕྲ་མོ། །
སྙིང་ཤ་ཁབ་ཀྱིས་གཙག་འདྲའི་ཚོར་བས་གཏོར་བྱུང་། །
ཚོགས་དྲུག་སྣང་བ་གཅོད་པའི་གཤེད་མ་མེད་ན། །
འོད་དུ་འབར་བའི་བརྩེ་བ་ཁྱོད་ལ་གླན་ཡོང་། །