ལེའུ་བདུན་པ།
ཕག་གྲུའི་སྲིད་སྐྱོང་སྐབས།
( 1349-1618 )
ཕག་གྲུའི་གདན་ས་རླངས་ཀྱིས་བསྐྱངས། །
རླངས་ལ་ཕག་གྲུའི་མིང་གིས་བརྒྱན། །
བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་བསྐོས། །
ས་གླང་ཆོལ་གསུམ་དབང་དུ་བསྒྱུར། །
ཏཱ་སི་བྱང་ཆུབ་རྒྱལ་མཚན་ནམ། །
སྡེ་སྲིད་ཕག་མོ་གྲུ་པར་གྲགས། །
ཕག་གྲུ་ཞེས་པའི་མིང་བྱུང་ཚུལ། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ནི། རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་1110ལོར་དེང་སྡེ་དགེ་རྫོང་རྨེ་ཤོད་སྡེ་ཤོག་འདིར་འཁྲུངས། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྨེ་ཤོད་སྟག་ངོས་ཁབ་སར་དུ་འཁྲུངས་ཞེས་གསལ། ཆུང་དུས་ནས་སྐྱེ་བ་མང་པོ་དྲན་ཐུབ་པ་ཞིག་ཡོད་ཀྱང་རྨེ་ཤ་བྱིན་པས་ཐམས་ཅད་བརྗེད། དགུང་ལོ་དགུ་པ་ལ་ཡབ་ཡུམ་གྲོངས་པས་གཅུང་པོ་ཤུལ་དུ་བཞག་ནས་བྱ་ཁྱི་ལྷ་ཁང་དུ་ཕྱིན་ཏེ་མཁན་པོ་ལྡིང་ངེ་ཚུལ་ཁྲིམས་འབར་དང༌། སློབ་དཔོན་ལྡིང་ངེ་འོད་ཟེར་རྒྱལ་ལས་རབ་ཏུ་བྱུང༌། མཚན་རྡོ་རྗེ་རྒྱལ་པོར་བཏགས། འབྲི་ཀློག་འདོན་གསུམ་ལ་ཐོག་མེད་དུ་མཁྱེན། ལྷག་པར་ཡི་གེ་དང་ལྷ་རིས་ལ་མཁས་པས་མཁན་པོའི་དཔེ་ཆ་དང༌། ལྷ་བྲིས་སོགས་མཛད། དེ་ནས་དགུང་ལོ་ཉེར་གཉིས་བར་ཁམས་ཕྱོགས་འདིར་བཞུགས་རིང་བླ་མ་བཅུ་དྲུག་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པར་སྦྱོང༌། དགུང་ལོ་ཉེར་གཉིས་པར་དབས་ཆེན་པོ་དང་བསྡོངས་ནས་དབུས་སུ་ཕེབས། ཐོག་མར་སྟོད་ལུང་རྒྱ་དམར་ཀྱི་གྲྭ་སར་རྟ་སྒ་ཕོག དེ་ནས་དབུས་གཙང་གི་མཁས་པ་སྐད་གྲགས་ཅན་ཐམས་ཅད་ལ་གཏུགས་ནས་མཁས་པའི་སྒྲོ་འདོགས་ཆོད་པར་བྱུང་སྐབས། ཁམས་པ་རྡོ་རྗེ་རྒྱལ་པོ་ཞེས་མཁས་པའི་མཚན་སྙན་རྒྱས།དེ་ནས་དགུང་ལོ་ཞེ་གཉིས་པའི་ལྕགས་ལུག་ལོར་དྭགས་པོ་སྙི་སྒོམ་དེ་སྐད་གྲགས་ཆེ་བས་ལན་གཅིག་མཇལ། ཆོས་མི་ཤེས་པ་ཅི་ཡང་ཞུ་རྒྱུ་མེད། དེ་ནས་ཁམས་ཕྱོགས་སུ་ལོག་དགོས་དགོངས་ནས་དྭགས་པོ་རིན་པོའི་ཆེའི་སྐུ་མདུན་དུ་བཅར་ནས་ཆོས་ཀྱི་བགྲོ་གླེང་ཞུས་པས་སེམས་ངོ་འཕྲོད། དེ་ནས་བླ་མ་སྐུ་མ་གཤེགས་བར་དུ་ལོ་གསུམ་གྱི་རིང་ལ་སྐུ་མདུན་དུ་བཞུགས། དེ་ནས་དགུང་ལོ་ཞེ་བཞི་པར་འོལ་ཁར་བྱོན་ནས་རེ་ཞིག་བཞུགས།དེ་ནས་ངམ་ཤོད་དང༌། ཡར་ལུང༌། འོན། སྤང་ཆུང་དགོན་སོགས་བཞུགས་ནས་སློབ་མ་མང་དུ་འདུས་པ་རྣམས་དྭགས་པོའི་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་ངག་གིས་བསྐྱངས་ནས་བཞུགས། དགུང་ལོ་ཞེ་དགུ་པའི་ས་སྟག་སྤྱི་ལོ་1158ལོར་རྩ་ཡི་གྲོང་མདར་ཕག་མོ་གྲུ་ཞེས་པའི་གནས་དེར་བྱོན་ནས་གདན་ས་ཐེལ་བཏབ། སྐུ་མ་གཤེགས་ཀྱི་བར་ལོ་བཅུ་གསུམ་ཙམ་གྱི་རིང་ལ་གནས་འདིར་འཆད་ཉན་སྒོམ་སྒྲུབ་ཁོ་ན་མཛད་དེ་བཞུགས་པས་བླ་མའི་མིང་ལ་ཡང་ཕག་མོ་གྲུ་པ་ཞེས་ཐོགས། སྐབས་དེ་སློབ་ཚོགས་བརྒྱད་བརྒྱ་ལ་གདུགས་ཐོག་ལྔ་བརྒྱ་གྲགས་པར་བྱུང་ཞིང་། དགུང་ལོ་རེ་གཅིག་པའི་ལྕགས་སྟག་སྤྱི་ལོ་1170ལོར་སྐུ་གཤེགས། འོ་ན་ཏཱ་སི་བྱང་ཆུབ་རྒྱལ་མཚན་ལ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་ཞེས་འབོད་པའི་རྒྱུ་མཚན་གང་ཞེ་ན། འདི་ནི་ཕག་གྲུའི་གདན་ས་ཐེལ་གྱི་གདན་རབས་དང་འབྲེལ་ནས་བཤད་དགོས་པ་ཞིག་ཡིན། སྤྱི་ལོ་1170ལོར་བླ་མ་ཕག་མོ་གྲུ་པ་སྐུ་གཤེགས་པའི་རྗེས་སུ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་རྗེ་ཉིད་ཀྱི་སློབ་མའི་གཙོ་བོ། ལྷ་གཟིགས་རླང་གི་གདུང་རྒྱུད་སྤྱན་སྔ་བ་གྲགས་པ་འབྱུང་གནས་བླ་མའི་གདན་ས་སྐྱོང་བར་བཏང་། གྲགས་པ་འབྱུང་གནས་ཀྱིས་ཕག་གྲུའི་གདན་ས་ཐེལ་གྱི་ཁྲི་པ་གནང་བ་ནས་རླང་གི་ཁྱིམ་རྒྱུད་ལ་ཕག་གྲུའི་གདུང་རྒྱུད་ཅེས་པའི་མིང་ཐོགས། དེ་ནས་གདན་ས་ཐེལ་གྱི་གདན་རབས་རིམ་བྱུང་གི་དགོན་བདག་ཕག་གྲུའི་ཁྱིམ་རྒྱུད་ཀྱིས་བཟུང་ཡོད་པ་རེད། བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཕག་གྲུའི་ཁྲི་སྐོར་ཞེས་པའང་རླང་གི་གདུང་བརྒྱུད་ཀྱིས་དབང་བསྒྱུར་བྱ་བའི་ཡུལ་ལ་ཟེར། །
ཁྲི་དཔོན་ཐ་མར་བྱང་ཆུབ་རྒྱལ་མཚན་ནི། རབ་བྱུང་ལྔ་པའི་ཆུ་སྟག་སྤྱི་ལོ་1302ལོར་འཁྲུངས་ཤིང༌། དགུང་ལོ་གསུམ་པ་ནས་ཡི་གེ་འབྲི་ཀློག་སློབ་འགོ་ཚུགས། དགུང་ལོ་བདུན་པར་སྤྱན་སྔ་ཚེས་བཞི་པའི་མདུན་དུ་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་བྱང་ཆུབ་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་བཞི་པར་ས་སྐྱ་ལ་སློབ་གཉེར་དུ་ཕེབས་ཏེ། བདག་ཉིད་ཆེན་པོ་བཟང་པོ་དཔལ་པ་དང༌། བླ་མ་མཉམ་མེད་པ་སོགས་བསྟེན་ནས་རྒྱུད་བརྟག་གཉིས་ལ་སོགས་པའི་གཞུང་ལུགས་ཁག་ལ་ཐོས་བསམ་གནང་བས་མཁས་པར་གྱུར། ལོ་ལྔ་ཙམ་བཞུགས་པའི་རྗེས་སུ་ས་སྐྱའི་དགེ་བཤེས་ཀྱི་མཚན་སྙན་ཐོབ་པ་དང༌། བདག་ཉིད་ཆེན་པོ་བཟང་པོ་དཔལ་པའི་དམ་གཉེར་གྱི་ལས་ཚན་ཡང་རེ་ཞིག་གནང༌། བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་སོགས་བླ་མ་རྣམས་ཀྱིས་ཐུགས་རྩིས་ཆེ་ཤོས་ཤིག་ཏུ་གྱུར། སྤྱི་ལོ་1322ལོར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་བསྐོས། དེ་ནས་ཕག་གྲུའི་ཁྲི་དཔོན་གྱི་མངའ་ཐང་རིམ་བཞིན་དར་བ་དང་། གཡའ་ཕག་དང་། ས་ཕག་འགལ་བ་ཇེ་སྡུག་ཏུ་ཕྱིན་མཐར་ས་སྐྱའི་སྲིད་དབང་འཕྲོག་ཚུལ་གོང་དུ་གསལ་བ་ལྟར་རོ། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་1349ལོར་བོད་ཁམས་ཡོངས་ལ་དབང་སྒྱུར་བྱས། དགུང་ལོ་རེ་བཞི་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་1365ལོར་བསྙུན་བབ་ལྕི་སྟབས་ཤཱཀྱ་རྒྱལ་མཚན་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཀོད། རབ་བྱུང་དྲུག་པའི་ལྕགས་ཕག་སྤྱི་ལོ་1371ལོར་དགུང་ལོ་བདུན་ཅུའི་ཐོག་སྐུ་གཤེགས། །
ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་ཡིས། །
བོད་འབངས་ཁྲིམས་ཀྱི་ལམ་དུ་བསྐྱངས། །
མི་དོན་སྒྲིག་སྲོལ་གཏན་འབེབས་ཀྱིས། །
ཕྱི་ནང་ལས་བྱེད་སྒྲིག་ཏུ་བཅུག །
ཁྲལ་འུ་བཅག་ཅིང་ཐོན་སྐྱེད་སྤེལ། །
མངའ་འོག་འབངས་ལ་བདེ་སྐྱིད་བསྐྲུན། །
ཁྲིམས་ཡིག་སྐོར། སྐབས་དེའི་དགོས་མཁོ་དང་བསྟུན་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔར་གཏན་འབེབས་བྱས་ཡོད་པ་འདིས། དུས་དེར་སྡེ་འབངས་རྣམས་ལ་བདེན་དོན་ཁྲིམས་ལ་གཏུག་བཤེར་ཆོག་པའི་ལམ་སྲོལ་ཕྲ་ཞིབ་གཏོད་ཡོད་པ་འདི་ལ་རྒྱལ་བ་ལྔ་པ་ཆེན་པོས་ཕྱོགས་བསྡོམས་ཞིག་གནང་ཡོད་པར། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》ལས། དེ་ཡང་དཔལ་ལྡན་ས་སྐྱ་པས་བོད་ཙམ་དུ་མ་ཟད་བོད་ཆེན་པོའི་རྒྱལ་ཁམས་ལ་མངའ་དབང་བསྒྱུར་ནའང༌། གདུང་རྒྱུད་ཞལ་ངོ་རྣམས་ཐུགས་འདོད་ཀྱི་འཐེན་ཕྱོགས་སོ་སོར་སོང་ཞིང༌། དཔོན་ཆེན་རྣམས་ཀྱང་ཏིག་མི་ཆགས་པར་སྤོ་ལེན་མང་བ་གོང་མའི་ཁྲིམས་ཀྱང་ཧོར་གྱི་ཤན་ཤོར་པའི་ཧང་ཟོམ་སོགས་ལ་བརྟེན། ཐང་ལྷོད་དང་མཐོ་དམའ་ཅི་རིགས་པ་དང༌། ཁྱད་པར་ཧོར་ཁྲིམས་ལ་མི་བསད་ན་སྲོག་ཚབ་ཏུ་སྲོག་གཏོང་བས་མཚོན་པའི་ཁྲིམས་རྣམས་སྡིག་པའི་ལས་ཤས་ཆེ་བར་བརྟེན། བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་པོ་དགེ་བ་བཅུས་གཞི་བཟུང་བ་འདི་ཉིད། ཏཱའི་སི་ཏུས་གཙོ་བོར་མཛད་པར་བཞེད་དེ། ཚུལ་དེ་ཉིད་སྒྲུབ་པར་བྱེད་པ་ལ་ཁས་ཞན་རྣམས་ཡལ་བར་དོར་ཅིང༌། དྲེགས་པོ་རེངས་སུ་བཅུག་པ་མ་ཡིན་པའི་བདེན་རྫུན་ཐང་མར་བརྡལ་ནས།དཀར་ནག་ཤན་འབྱེད་པའི་ཁྲིམས་ཀྱིས་རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུར་བདེ་བའི་ཆེད་དུ། དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཅན་ཁྲག་བཅོར་སྦྱོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། བསྙོན་ཧམ་མནའ་བསྒག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་བཟླུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་ཕར་ཚུར་གྱི་ཞལ་ལྕེ་སྟེ་བཅོ་ལྔའི་སྒོ་ནས་གཏན་ལ་ཕབ། དེ་ཡང་མི་སྲུན་ལོག་པར་འཁུ་བའི་དགྲ་སྡེ་ཚར་བཅད་ནས། ཇུས་དོན་བཞེད་ཐོག་ཏུ་འཁྱོལ་བའི་ཐབས་སུ་དྲག་པོ་དཔུང་གི་སྦྱོར་བ་བཤམས་ཚུལ། ཚུར་འགེབས་ལ་བཙན་པོའི་རྫོང་ལ་འཁྲ་འཕུར་བྱེད་ཚུལ། སྣེ་མོར་མངགས་སླེབས་རྣམས་ཀྱིས་རྣམ་དཀར་གྱི་ལས་ལ་སྤྱོད་ཅིང་ཉེ་འགྱངས་སྤངས་པའི་གཞུང་དོན་གཙོ་བོར་བྱེད་ཚུལ་མི་བསད་ལ་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པར་སྟོང་སྤྲོད་ལེན་སོགས་ཕྲ་ཞིབ་མཛངས་པའི་བློས་ཁྲིམས་ཀྱི་འཇམ་དར་ཡུག་གཅིག་ཏུ་བརྐྱངས་པའི་འཛུམ་གྱིས་རྫོགས་ལྡན་གསར་པའི་མགྲོན་རིང་ནས་འགུགས་པར་མཛད་དོ། ལས་བྱེད་པའི་སྒྲིག་སྲོལ་སྐོར། རླངས་ཀྱི་གདུང་རྒྱུད་རྣམས་ཀྱིས་སྲུང་བྱའི་སྒྲིག་ཁྲིམས། 《རླངས་ཀྱི་པུསྟི་བསེ་རུ་》ལས། གཅིག རླངས་ཀྱི་གདུང་རྒྱུད་རྣམས་ལ་དབྱེ་བ་གསུམ་མཛད་པ། །
1 དཔོན་རིགས་རྣམས་ཀྱི་སྲུང་བྱ། དཔོན་སར་གནས་པ་རྣམས་ཀྱང་རབ་ཏུ་བྱུང་ཞིང༌། མདོ་སྔགས་ཀྱི་ཆོས་ཚུལ་ཀུན་ལ་མཁས་པ། ནག་ཆང་གི་སྐྱོན་མེད་པ། ཡོན་ཏན་རྒྱ་ཆེ་བ། བག་མེད་ཀྱི་སྤྱོད་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་དགོས་པ། །
2 བླ་མའི་སྲུང་བྱ། ཐེལ་དང་རྩེད་ཐང་གི་ཁྲི་ལ་གནས་པ་རྣམས་ཀྱང་བསླབ་པ་སློབ་གཉེར་གྱི་མཐར་ཕྱིན་པ། སྒྲུབ་པའི་རྒྱལ་མཚན་འཛུགས་པ་སོགས་བསྟན་པ་འཛིན་སྐྱོང་གི་བྱ་བ་ཁོ་ན་ལས་སྐྱ་ཁབ་སྒོས་བདག་སྟེ་དབང་རིས་སྒེར་བཟུང༌། དབང་ཤེས་མི་བྱེད་པ། སྣེ་གདོང་གི་སྡེ་སྲིད་སྨོས་ཅི། ནང་གཉེར་གྱི་སེམས་དང་མ་འགལ་བ་དགོས་པ་སྟེ་སྲིད་ཕྱོགས་ལ་ཐེ་ཞུགས་མི་བྱེད་པ། །
3 གདུང་རིགས་སྤྱིའི་སྲུང་བྱ། རླངས་ཀྱི་གདུང་རྒྱུད་སྤེལ་བ་པོའི་འདུན་ཐབ་ཀྱང་ཕྱི་སོའི་སྡེ་བ་ཆེ་གཉན་བཙུན་གསུམ་དང༌། མི་ཆེན་གྱི་བུ་སྲིང་ལེན་མི་ཉན་པར་མ་ཟད། དམིགས་བསལ་གྱི་གནས་ཚུལ་ཕུད་འདུན་ཐབ་གཅིག་ལས་ལེན་མི་ཆོག་པ་སོགས་རླངས་ཀྱི་གདུང་རྒྱུད་ངོ་མར་བླང་བྱ་ནན་པོ་བཏོན་ཡོད། གལ་སྲིད་བླང་བྱ་དེ་དག་ལ་འགལ་ན་ལོ་བཅུ་གཉིས་ཀྱི་བར་དུ་དཔོན་ས་དེ་ནས་ཕུད་དེ་གཡོག་གི་ཐོབ་ཐང་ལས་སྤྱོད་མི་ཆོག་པར་སྐྱེ་བོ་ཕལ་པའི་ཁྲོད་དུ་འཇོག་དགོས་པ་དང༌། དཔོན་པོའི་ཁྱུ་ནས་འབུད་དགོས་པ་སོགས་མདོར་ན་རླངས་ཀྱི་གདུང་རྒྱུད་མི་ངོ་སུའི་ཐད་ནས་ཀྱང་རང་རང་གི་ཐོབ་ཐང་ལ་གཞིགས་པའི་དབང་ཆ་སྤྱོད་པ་ལས། གང་བྱུང་བྱས་མི་ཆོག་པ། ལྷག་པར་དཔོན་སར་ཡོད་པ་རྣམས་ཀྱིས་བསླབ་པ་གཙང་ཞིང༌། ནག་ཆང་དང་རྩ་བ་ནས་མ་འདྲེས་པ་དགོས། ཞེས་སོ། །
4 ཕག་གྲུའི་ལས་བྱེད་པའི་སྲུང་བྱ་དང་ཐོབ་ཐང་། ཕག་གྲུ་སྡེ་སྲིད་ཀྱི་ནང་གི་ལས་སྣེ་འཛིན་པ་གཉེར་པའི་ཁུར་འཛིན་ཡང་རབ་དུ་བྱུང་ཞིང༌། ཆང་ནག་གི་སྐྱོན་མེད་པ། སྒོ་གསུམ་བྱ་བ་ཅི་བགྱིས་སྡེ་སྲིད་ཀྱི་ཞབས་ཏོག་ཏུ་འགྱུར་བ་ལས་སྒེར་དོན་སྒྲུབ་མི་ཆོག་པ། ལྡེའུ་མིག་དེ་བཟུང་རྟིང་མ་ཤིའི་བར་དུ་ནང་སོར་ཚེ་འབྱིད་ཅིག་དགོས་པ་དང༌། དེའི་ཉེ་རིགས་དང་རྒྱུད་པར་གཏོགས་པ་རྣམས་ལ་ཕག་གྲུ་གཞུང་ནས་སྐྱོང་ཐབས་བྱ་རྒྱུར་མ་ཟད། ན་བའི་གསོ་སྨན་དང༌། ཐ་ན་ཤི་བའི་དགེ་རྩ་ཚུན་ཆད་ནོར་ལ་མི་ཕངས་པ་ཁོང་རང་གི་སྐལ་བ་ལྟ་བུར་སྣེ་གདོང་གཞུང་རྒྱུ་ནས་སྤྱད་ཆོག་པ་སོགས་ནང་གཉེར་དེ་རླངས་ཀྱི་གདུང་རྒྱུད་དུ་གཏོགས་པ་མིན་རུང་སྡེ་སྲིད་གང་འདྲ་བ་གཞུང་དང་འདོད་པ་གཅིག་ཡིན་པ་ལྟ་བུས་གཞུང་དོན་ལྷག་བསམ་རྨ་མེད་ཀྱིས་སྒྲུབ་དགོས་པ་དང༌། གལ་སྲིད་ཆང་ནག་གི་སྐྱོན་བྱུང་ན་ཆད་པ་ནན་པོ་གཅོད་དགོས་པ་དང༌། དེ་བཞིན་གསོལ་ཇ་གཟིམ་གཡོག་སོགས་ནང་འཁོར་གཞན་ལའང་དེ་དང་དེ་ལྟ་བུའི་མི་དོན་ཐད་བླང་བྱ་ནན་པོ་འདོན་གནང་མཛད་ཡོད། །
5 འབངས་མི་འགྱེད་གཏོང་བ། ཕག་མོ་གྲུ་ས་སྐྱ་ལ་གྱེན་ལོག་དང་། གཡའ་བཟང་པ་སོགས་ཀྱིས་ཚུར་རྒོལ་མང་པོའི་ཡ་ལན་སྤྲོད་ཆེད་དམག་མི་མང་པོ་བསྡུ་རུག་བྱ་དགོས་བྱུང་བར་བརྟེན་ནས་མི་སེར་ལ་སྔར་མེད་པའི་དཀའ་ངལ་ཆེན་པོ་བྱུང་བའི་གུན་གསབ་ལྟ་བུར་དམག་ཐོག་ནས་ཐོབ་པའི་དངོས་རྫས་རིགས་རྣམས་དཔོན་དམག་རྣམས་དང༌། དམག་མིའི་འཁྲི་ཁོངས་མི་སེར་རྣམས་ལ་རང་བདག་ཆོག་པ་མཛད་ཡོད་པའི་སྐོར། 《ཏཱའི་སི་ཏུའི་གསོལ་འདེབས་རིང་མོ།》ཡི་ནང་ཚིག་བཅད་དུ་བསྟན་པའི་དོན་མདོར་བསྡུས་ན། ལྤགས་རིགས། མཛོ་རྟ། གནག་ལུག གོ་ཁྲབ་རྣམས་སྡེ་འབངས་ལ་འགྱེད་ཡོད་པ་གསལ་བ་བཤད་བྱས་འདུག།
6 ཁྲལ་ཆག་བཏང་བའི་སྐོར་ལ། སྐབས་དེའི་དམག་འཁྲུག་ཐེངས་མང་བྱུང་བས་མི་སེར་ལ་བརྡབས་གསིག་ཆེན་པོར་བྱུང་བ་དང༌། ཞིང་འབྲོག་ཐོན་སྐྱེད་རྒྱུན་གཏན་ལྟར་བྱེད་མ་ཐུབ་པ་ལ་སོགས་ཀྱི་དཀའ་ངལ་གསོ་བའི་ཆེད་དུ་མི་སེར་ལ་གུ་ཡངས་སྲིད་ཇུས་སྐོར། 《ཏཱའི་སི་ཏུའི་གསོལ་འདེབས་རིང་མོ།》ལས། མི་སེར་གྱི་ཁྲལ་རིགས་ཆག་པ་དང་། འུ་ལག་འཕྲིས་པས་འབངས་མི་སེར་གྱི་ཐོན་སྐྱེད་གོང་འཕེལ་དང་འཚོ་ཚིས་ལ་ཕན་བྱུང་བའི་གསལ་བཤད་གནང་ཡོད་འདུག།
ཕག་གྲུའི་སྲིད་སྐྱོང་བཅུ་གསུམ་ནི། །
ཏཱ་སི་བྱང་ཆུབ་རྒྱལ་མཚན་དང་། །
གུ་ཤྲཱི་ཤཱཀྱ་རྒྱལ་མཚན་གཉིས། །
སྤྱན་སྔ་གྲགས་པ་བྱང་ཆུབ་གསུམ། །
བསམ་གདོང་བསོད་ནམས་གྲགས་པ་བཞི། །
གོང་མ་གྲགས་པ་རྒྱལ་མཚན་ལྔ། །
ཕག་གྲུའི་མངའ་དབང་རྒྱས་དུས་ཡིན། །
1 ཕག་གྲུའི་གོང་མ་དང་པོ། ཏཱ་སི་བྱང་ཆུབ་རྒྱལ་མཚན། སྤྱི་ལོ་1349ལོ་ནས་1371ལོའི་བར་གྱི་སྲིད་སྐྱོང་ཡིན། དུས་འདིར་ཁྲི་ཡིགཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་གཏན་འབེབས་དང་། མི་སེར་ལ་ཁྲལ་ཆག་ཡང་བཏང་རྒྱུ། ཡུལ་སོ་སོར་ཤིང་སྡོང་འཛུགས་རྒྱུ། དབུས་གཙང་གི་སའི་ལྟེ་བ་རྣམས་ལ་རྫོང་གཞིས་བཙུགས་ཤིང་གཞིས་ཆེ་ཁག་གི་རྗོང་དཔོན་རྣམས་རེས་བསྐོར་ནས་བརྗེ་ལེན་བྱ་རྒྱུའི་ལམ་ལུགས་གཏན་འབེབས་བྱས། བཀའ་བརྒྱུད་པའི་བཤད་གྲྭའི་ཐོག་མར་ཆོས་གྲྭ་ཆེན་པོ་རྩེས་ཐང་བཏབ། ཐེལ་གྱི་སྒོམ་གྲྭ་ལ་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར། །
2 ཕག་གྲུའི་གོང་མ་གཉིས་པ།གུ་ཤྲི་ཤཱཀྱ་རྒྱལ་མཚན། སྤྱི་ལོ་1365ལོ་ནས་1373ལོའི་བར་སྲིད་བསྐྱངས། ཏཱ་སི་བྱང་ཆུབ་རྒྱལ་མཚན་སྙུང་གཞི་ལྕི་བ་བྱུང་སྐབས་སྤྱི་ལོ་1365ལོར་ཤཱཀྱ་རྒྱལ་མཚན་ཕག་གྲུའི་སྲིད་སྐྱོང་བསྐོས། སྐབས་དེར་བོད་ཀྱི་ཆོས་སྲིད་གང་ཐད་ནས་གོང་འཕེལ་བྱུང་། སྤྱི་ལོ་1368ལོར་ཡོན་རྒྱལ་རབས་ཀྱི་སྲིད་དབང་ཤོར། རྒྱ་ནག་ཏཱ་མིང་རྒྱལ་རབས་འགོ་ཚུགས། །
3 ཕག་གྲུའི་གོང་མ་གསུམ་པ།སྤྱན་སྔ་གྲགས་པ་བྱང་ཆུབ། སྤྱི་ལོ་1374ལོ་ནས་1381ལོའི་བར་སྲིད་བསྐྱངས། རྗེ་འདི་ཡིས་སྡེ་སྲིད་ཀྱི་འགན་བཞེས་སྐབས་རྫོང་གོང་འོག་ཐམས་ཅད་དུ་ཆོ་འཕྲུལ་ཟླ་བ་ལ་སྲོག་གཅོད་སྤོང་དགོས་པ་སོགས་ཆོས་ལྡན་གྱི་བྱ་བ་མང་དུ་སྤེལ། དགུང་ལོ་ཉེར་དྲུག་པའི་ལྕགས་བྱ་ལོར་བསོད་ནམས་གྲགས་པ་ཕག་གྲུའི་སྲིད་ཁྲིར་བཀོད་ནས་ཁོང་རང་ཉིད་ཐེལ་གྱི་གདན་ས་བསྐྱངས། །
4 ཕག་གྲུའི་གོང་མ་བཞི་པ།བསམ་གདོང་བ་བསོད་ནམས་གྲགས་པ། སྤྱི་ལོ་1382ལོ་ནས་1385ལོའི་བར་སྲིད་བསྐྱངས། སྐབས་འདིར་གོང་དཀར་སོགས་སུ་ཡུལ་སྡེ་ནང་ཁུལ་ཅུང་ཟད་འགལ་བ་བྱུང་པ་རྣམས་བསྡུམས། དགུང་ལོ་ཉེར་བརྒྱད་པར་སྲིད་དབང་གྲགས་པ་རྒྱལ་མཚན་ལ་གཏད་ནས་ཐེལ་གྱི་གདན་སར་ཕེབས། དགུང་ལོ་ཞེ་བདུན་པ་གདན་ས་སྤྱན་སྔ་བ་ལ་གཏད་ནས་རི་ཁྲོད་དུ་བཞུགས།།
5 ཕག་གྲུའི་གོང་མ་ལྔ་པ།གོང་མ་གྲགས་པ་རྒྱལ་མཚན། སྤྱི་ལོ་1385ལོ་ནས་1432ལོའི་བར་སྲིད་བསྐྱངས། སྐབས་འདི་ཕག་གྲུའི་མངའ་ཐང་རྒྱས་སྒང་ཡིན། རྫོང་གཞིས་ཁག་གི་རྫོང་དཔོན་རྣམས་སྒེར་བདག་ཏུ་བསྐོས་ནས་རྫོང་དཔོན་རེས་བསྐོར་བའི་ལམ་ལུགས་དེ་མེད་པར་བཟོས། སྤྱི་ལོ་1408ལོར་སྒེར་པ་ནམ་མཁའ་རྒྱལ་མཚན་རིན་སྤུངས་ཀྱི་རྫོང་དཔོན་བསྐོས་པ་དེ་ནས་བཟུང་རིན་སྤུངས་སྡེ་པ་ཞེས་པའི་ཁྱིམ་རྒྱུད་དེ་བྱུང་། ཉང་སྟོད་ཤར་ཁ་བ་རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་ཀྱིས་གོང་མ་འདིའི་གཟིམས་དཔོན་བྱས། ལོ་གསར་ལ་སོགས་དུས་ཆེན་རྣམས་ལ་དྲུང་འཁོར་དཔོན་རིགས་རྣམས་སོ་སོའི་ལས་ཚན་གྱི་གོ་རིམ་དང་བསྟུན་པའི་བོད་སྔ་རབས་པའི་རྒྱན་གོས་རྣམས་གྱོན་དགོས་པའི་སྒྲིག་སྲོལ་གཏན་འབེབས་བྱས། གྲུ་མཐའ་རིས་མེད་ཀྱི་དགེ་འདུན་ལ་བསྙེན་བཀུར་བྱས། རྗེ་ཙོང་ཁ་པས་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས་པར་དངོས་རྫས་ཀྱི་མཐུན་སྦྱོར་གནང་བ་དང་། དགའ་ལྡན་དགོན་པ་འདེབས་པའི་སྦྱིན་བདག་མཐའ་ཕྱིན་པ་གནང་། སྐུ་གསུང་ཐུགས་རྟེན་མང་པོ་གསར་བཞེངས་མཛད། །