རྟ་དྲེལ་རུ་ཁག་གིས་འཇར་འགོག་དངོས་རྫས་སྐྱེལ་འདྲེན་བྱེད་བཞིན་པ།
马帮驿运抗战物资
ཀྲུང་གོའི་འཇར་འགོག་དམག་འཁྲུག་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བའིི་མི་རིགས་བཅིངས་འགྲོལ་དམག་འཁྲུག་འདིའི་ཁྲོད་དུ། རྒྱལ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་ཞིང་བཙན་རྒྱལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་སི་ཁྲོན་གྱིི་བོད་རིགས་མང་ཚོགས་རྣམས། སྤྱིར་ན་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད་ཀྱང་། རྒྱལ་ཁབ་དང་མི་རིགས་ཆགས་འཇིག་གི་འགག་རྩར་ཐུག་སྐབས་མཉམ་དུ་བདེ་སྡུག་མཉམ་མྱོང་གི་རྒྱལ་གཅེས་ཀྱི་བསམ་སྤྱོད་བླ་ན་མེད་པ་མངོན། འཇར་འགོག་གི་གཡུལ་སར་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་བྱེད་བཞིན་ཡོད་སྐབས། སི་ཁྲོན་གྱིི་བོད་རིགས་མང་ཚོགས་རྣམས་ཀྱིས་རྒྱབ་ཕྱོགས་སུ་མཚོན་ཆ་དང་འཕྲུལ་ཆས་གྲ་སྒྲིག གནས་གཞི་བརྟན་སྲུང་དང་དངོས་རྫས་སྐྱེལ་འདྲེན་ལམ་ཐིག་སོགས་ཀྱི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད།
ལྷག་པར་དུ་འཇར་དམག་གིས་འབར་མའི་བྱང་ཕྱོགས་བཙན་བཟུང་བྱས་པར་ཡུན་ནན་ནས་འབར་མའི་བར་གྱི་སྐམ་ལམ་གཅིག་པུ་དེར་བཀག་འགོག་ཐེབས་རྗེས། སི་ཁྲོན་ཀྱི་བོད་རིགས་མང་ཚོགས་ཀྱིས་ཉེན་ཁ་སྣ་ཚོགས་ཁྱད་དུ་བསད་ཅིང་། རྟ་དྲེལ་ཁྲི་ཕྲག་མང་པོ་བཀོལ་སྤྱོད་བྱས་ནས་རྒྱ་གར། — ལྷ་ས། — ཁྲེན་ཏུའུ་(ཡང་ན་ཁུན་མིང་།)བཅས་བརྒྱུད་པའི་རྒྱལ་སྤྱིའི་རྟ་དྲེལ་སྐྱེལ་འདྲེན་གྱི་ལམ་སྒོ་ཕྱེས་པས་འཇར་འགོག་དམག་འཁྲུག་གི་སྐབས་སུ་དངོས་རྫས་མཁོ་སྤྲོད་དང་རྒྱབ་ཕྱོགས་ཀྱི་དཔལ་འབྱོར་བསྐྱར་དར་ལ་འགན་སྲུང་ཐོབ།
སི་ཁྲོན་གྱི་བོད་རིགས་མང་ཚོགས་རྣམས་འཇར་འགོག་གཡུལ་སར་བསྐྱོད་པའི་རྒྱལ་གཅེས་བྱ་སྤྱོད་ནི་སྔར་དམར་དམག་རྒྱང་སྐྱོད་ཀྱི་བྱང་སྐྱོད་འཇར་འགོག་སྐབས་ནས་འགོ་ཚུགས་པ་དང། སི་ཁྲོན་གྱི་བོད་རིགས་མི་དམངས་རྣམས་ཀྱིས་དོན་དངོས་བྱ་སྤྱོད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འབོད་སྐུལ་དང་ལེན་བྱས་ཏེ། ངེས་པར་དུ་མི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་སྒོས་དཔལ་འབྱོར་ཆ་རྐྱེན་ལྡན་མཁན་གྱིས་དངུལ་གྱི་ཞལ་འདེབས་ཕུལ་ཞིང། ཤུགས་ཡོད་མཁན་གྱིས་ཤུགས་ཕྱུང་ནས་རྒྱལ་ཁོངས་སྲུང་སྐྱོབ་བྱས། མི་རིགས་འཇིག་ཉེན་ལས་སྐྱོབ་ཆེད་བོད་རིགས་ཀྱི་གཞོན་ནུ་ཕོ་མོ་འབོར་ཆེན་ཞིག་དམར་དམག་ལ་ཞུགས་པ་དང་། གངས་རི་དང་རྩྭ་ཐང་བརྒལ་ནས་ཐད་ཀར་འཇར་པན་བཙན་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་གཡུལ་སར་ཞུགས། དར་མདོའི་བོད་རིགས་དང་། རྒྱ་རིགས། ཧེ་རིགས་སོགས་དང་། འབའ་ཐང་གི་བོད་རིགས་གཞོན་ནུ་བརྒྱ་ཕྲག་ཁ་ཤས་བློ་ཐག་ཆོད་པོས་གཞོན་ནུའི་དམག་དཔུང་ལ་ཞུགས་ཏེ། ཁོང་ཚོའི་ཁྲོད་ཀྱི་མི་མི་ཉུང་བ་ཞིག་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གིས་གཞན་ཡུལ་དུ་སྐུ་གཤེགས།
འཇར་འགོག་གི་རྒྱབ་ཕྱོགས་སུ་ཡོད་པའི་སི་ཁྲོན་གྱི་བོད་རིགས་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཇར་འགོག་གཡུལ་ཞུགས་བྱ་བར་གྲ་སྒྲིག་བྱས་ཅིང་། མུ་ལི་བོད་རིགས་ཀྱི་ཡུལ་དཔོན་བྱམས་གྲགས་པ་བསམ་གཏན་དང། འབའ་ཐང་གི་བོད་ཀྱི་མཐོ་རིམ་རྒྱལ་གཅེས་མི་སྣ་སྤང་མདའ་རྡོ་རྗེ་སོགས་ཀྱིས་དམག་དཔུང་ཚོགས་ཁག་བཅུ་གཅིག་པའི་སྤྱི་ཁྱབ་དམག་སྤྱི་སོན་ཞའེ་ཅིན་ལ་ཁ་ཆད་བྱས་པ་ལྟར་ཧུར་ཐག་གིས་མི་རྟ་བཀོད་སྒྲིག་བྱས། གལ་ཏེ་འཇར་དམག་གིས་རྒྱལ་མོ་རྔུལ་ཆུའི་ཤར་རྒྱུད་ལ་བཙན་འཛུལ་བྱ་ཚེ། འཕྲལ་མར་དམག་ཁྲིད་ནས་སི་ཁྲོན་མཐའ་མཚམས་སུ་འཇར་འགོག་འཐབ་འཁྲུག་སྤེལ་རྒྱུར་གྲ་སྒྲིག་བྱས། དགུ་གཅིག་བརྒྱད་ཀྱི་དུས་འགྱུར་བྱུང་རྗེས། ནན་ཅིང་དུ་ཡོད་པའི་ཁམས་པའི་བོད་རིགས་མི་སྣས་འཇར་འགོག་དང་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཆེད། ཁམས་བོད་ཡུལ་གྲོགས་འཇར་འགོག་རྒྱལ་སྐྱོབ་ཚོགས་པ་བཙུགས་ཏེ། དཀར་མཛེས་བོད་རིགས་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་རྣམས་འཇར་འགོག་རྒྱལ་སྐྱོབ་ཀྱི་ལས་ལ་ཞུགས་རྒྱུའི་སྐུལ་མ་བྱས། སི་ཁྲོན་གྱི་བོད་རིགས་མང་ཚོགས་རྣམས་ནི་བོད་བརྒྱུད་ནང་བསྟན་ལ་དད་ཞེན་ཡོད་ལ། འཇར་འགོག་རྒྱལ་གཅེས་ཀྱི་འཐབ་འཛིང་ཁྲོད་དུ། ཆོས་སྒོར་ཞུགས་ཏེ་སྲིད་དོན་ལ་ཐེ་གཏོགས་མི་བྱེད་པའི་ཆོས་ལུགས་ལས་རིགས་མི་སྣ་མང་པོས་རྒྱལ་གཅེས་དང་ཆོས་གཅེས་ཟུང་དུ་འབྲེལ་ནས། ཆོས་ལུགས་ཀྱི་ཤུགས་རྐྱེན་བེད་སྤྱད་དེ་མང་ཚོགས་རྣམས་འཇར་འགོག་འཐབ་འཁྲུག་ལ་ཞུགས་དགོས་པར་འབོད་སྐུལ་བཏང་།
འབའ་ཐང་དུ་སྡོད་ཡོད་པའི་བོད་རིགས་ཀྱི་མཐོ་རིམ་མི་སྣ་སྤང་མདའ་རྡོ་རྗེ་དང་། ཁོའི་གཅེན་པོ་སྤང་མདའ་ཡར་འཕེལ་གཉིས་ཀྱིས་རྒྱ་གར་བརྒྱུད་བོད་ནས་ཐད་ཀར་སི་ཁྲོན་དང་ཡུན་ནན་ལ་སླེབས་ཐུབ་པའི་རྟ་དྲེལ་སྐྱེལ་འདྲེན་གྱི་རྒྱལ་སྤྱིའི་སྐམ་ལམ་སྐྱེལ་འདྲེན་ལམ་ཐིག་ཅིག་གསར་འབྱེད་བྱས། 1942ལོར། རྒྱལ་གཅེས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག་ཏུ། སྤང་མདའ་ཁྱིམ་རྒྱུད་དང་སྐལ་བཟང་ཚེ་རིང་སོགས་ཀྱིས་དར་མདོ་ནས་ཁམས་བོད་ཉོ་ཚོང་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་བཙུགས་ཤིང་། དེར་མ་ཟད། ལི་ཐང་ནས་སྤང་མདའ་ཁྱིམ་རྒྱུད་གནས་སྐབས་སྤྱི་ཁྱབ་བཀོད་འདོམས་ཁང་བཙུགས་ཏེ། བོད་རིགས་ཀྱི་ཚོང་བ་ཆེ་འབྲིང་ཆུང་གསུམ་ཚང་མས་མཐའ་གཅིག་ཏུ་འཇར་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་དགོས་པའི་སྐུལ་མ་བཏང། ཁམས་བོད་ལམ་བར་གྱི་ཇག་རྐུན་མང་པོ་ཞིག་སྤང་མདའ་སྤུན་ཟླའི་སྐུལ་མ་ལ་ཉན་ཏེ་གཅིག་རྗེས་གཉིས་མཐུད་ངང་ཉེས་སྤང་དགེ་ལས་སུ་བརྩོན་པས། རྟ་དྲེལ་སྐྱེལ་འདྲེན་ལམ་རྒྱུད་ཀྱི་ཚོང་འགྲུལ་རྣམས་ཀྱི་འགྲོ་འོང་ལ་བཀག་འགོག་མེད་པར་ཐོགས་མེད་ངང་ཤར་སྐྱོད་ཐུབ་པ་བྱུང་། སི་ཁྲོན་བོད་རིགས་མི་དམངས་ཀྱི་འཇར་འགོག་རྒྱལ་སྐྱོབ་ལས་འགུལ་གྱིས་འཇར་འགོག་གི་ཚ་རླབས་སྔར་བས་གོང་དུ་འཕྱུར་བ་དང་། འཇར་འགོག་མི་རིགས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཆགས་པར་སྐུལ་འདེད་ཐེབས་ཤིང་མི་རིགས་གོང་བུ་གཅིག་འགྲིལ་ཡོང་བར་ནུས་པ་ཧ་ཅང་གལ་ཆེན་ཐོན།
འཇར་འགོག་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་། བོད་རིགས་ཀྱི་ཤེས་རྒྱ་ཅན་མང་པོ་ཞིག་མི་རིགས་ཡར་ཐོན་དང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་བའི་ཕྱོགས་སུ་འགྲོ་འགོ་ཚུགས་ནས། བོད་རིགས་མི་དམངས་ཀྱི་གསར་བརྗེའི་ལོ་རྒྱུས་ནང་གི་ཉམས་པ་མེད་ཀྱི་སྔོན་བྱོན་དཔའ་བོ་རུ་གྱུར་ཡོད། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་འདིར། ང་ཚོས་རྒྱལ་ཁབ་འཇིག་ཉེན་དང་མི་རིགས་ཆགས་འཇིག་གི་གནད་འགག་ཆེ་བའི་དུས་སྐབས་དང་། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་རང་སྲོག་བློས་གཏོང་གི་རིན་དོད་དང་བྱས་རྗེས་བཞག་པ་དེ་ནམ་ཡང་བརྗེད་མི་རུང་ངོ།།