དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཤྭ་ར་ཐང་ན་དགུང་གྲངས་95ལ་སོན་པའི་དམར་དམག་རྒན་པ་ཞིག་ཡོད་དེ་ཁོང་གི་མིང་ལ་ལི་ཧྥང་མིང་ཟེར། ཁོང་ནི་སྤྱི་ལོ་1933ལོར་དམག་ནང་དུ་ཞུགས་ཤིང་1936ལོར་བྲག་འགོ་ནས་འཚོ་བཞེས་བྱས། དམར་དམག་རྒྱང་སྐྱོད་བྱེད་པའི་དཀའ་སྡུག་གི་ལོ་ཟླ་དེར་ཁོང་གངས་རི་དང་གཙང་པོ་བརྒལ་ཞིང་གྲང་རླུང་དང་བུ་ཡུག་ལ་གདོང་གཏད་དེ་ད་ལྟའི་བྲག་འགོ་རྫོང་དུ་ཐོན།
དམར་དམག་གི་ལོ་རྒྱུས་བཤད་བཞིན་པ།
李丰明(左一)向记者讲述红军故事
རྒྱང་སྐྱོད་ཀྱི་གོ་རིམ་ཁྲོད་ཁོ་ཚོས་གྲུ་བཟོ་ཚོགས་པ་ཞེས་པའི་དམར་དམག་ཕར་ཚུར་སྐྱེལ་བསུ་བྱེད་པའི་གྲུ་པའི་ཚོགས་པ་ཞིག་གསར་འཛུགས་བྱས་ཤིང་།
ཁོའི་ཨ་ཕས་ཚོགས་པའི་ནང་གི་གྲུ་པའི་འགན་ཁུར། ལས་འགན་གཙོ་བོ་ནི་གཙང་པོར་འཕྲད་དུས་དམར་དམག་གཞན་པར་རོགས་འདེགས་བྱས་ཏེ་ཆུ་བོ་བརྒལ་རྒྱུ་དེ་རེད། ཡིན་ནའང་ཁོའི་ཨ་ཕའི་རྐང་པར་རྨས་སྐྱོན་ཕོག་པ་དང་ཨ་མའང་དུས་ཡུན་རིང་པོར་གྲང་ངར་ཆེ་སར་འཚོ་བས་རྐང་པ་ནད་པར་གྱུར་ཕྱིན་ཉིན་མཚན་དབྱེར་མེད་ཀྱི་རྒྱང་སྐྱོད་དེ་ཁོ་ཚོར་མཚོན་ན་ཆེས་དཀའ་སྡུག་གི་གནས་སུ་གྱུར། ད་ལྟའི་བྲག་འགོ་རྫོང་ལ་ཐོན་རྗེས་ཁོའི་ཨ་ཕའི་ནད་རྙིང་ཡང་བསྐྱར་འཕར་ནས་དམར་དམག་གཞན་དག་དང་མཉམ་དུ་མུ་མཐུད་དུ་རྒྱང་སྐྱོད་བྱེད་མཚམས་མི་འཇོག་ཐབས་མེད་བྱུང་། ཁོ་ཁྱིམ་མི་བཞི་པོས་བྲག་འགོར་ལུས་པའི་དམར་དམག་རྨས་མ་20ལྷག་དང་མཉམ་དུ་འཚོ་བ་གསར་པ་ཞིག་གི་འགོ་ཚུགས།
དམག་དཔུང་བྲག་འགོ་དང་ཁ་བྲལ་སྐབས་ཁོ་ཚོར་མཛོ་གཅིག་དང་རྟ་གཅིག་སྦྱིན་མོད། འཚོ་བར་དཀའ་ཁག་ཆེ་བས་ཁོ་ཚོས་དཀའ་སྡུག་གི་འཚོ་བ་མུ་མཐུད་དུ་རོལ་དགོས་བྱུང་། རྗེས་ནས་བཟའ་མི་གང་པོ་བྲག་འགོ་རྫོང་ཤྭ་ར་ཐང་དུ་གནས་སྤོས་ཏེ་ཁྱིམ་གཞིས་བཟུང་། གྲོང་རྡལ་དེར་ཟམ་པ་མེད་པའི་ཆུ་བོོ་ཆེན་པོ་ཞིག་ཡོད་དེ། ཆུ་བོའི་འགྲམ་གཉིས་ཀྱི་སྡེ་མི་ཚོ་ཕར་འགྲོ་ཚུར་འོང་བྱེད་སྐབས་ལམ་ཐག་རིང་པོ་ཞིག་བརྒྱུད་དགོས། སྡེ་མི་དག་གིས་ཁོའི་ཨ་ཕས་སྔོན་ཆད་གྲུ་པ་བྱས་མྱངས་པ་ཤེས་རྗེས་གྲུ་རྙིང་བ་ཞིག་ཁོའི་ཨ་ཕར་བསྐྱར་གསོ་བྱེད་དུ་བཅུག་ནས་གྲུ་གཏོང་མགྲོན་སྐྱེལ་གྱི་ལས་ཀ་བྱས། ལས་ཀ་དེ་ལས་དངུལ་ཅུང་ཙམ་རྙེད་ཐུབ་པས་ཁོ་ཁྱིམ་མི་གང་པོའི་འཚོ་བར་འགྱུར་ལྡོག་གསར་པ་བྱུང་། ཡིན་ན་ཡང་དགུན་ཁ་ཆུ་བོར་དར་ཆགས་པས་གྲུ་པའི་ལས་ཀ་མཚམས་མི་འཇོག་ཐབས་མེད་བྱུང་ལ་འཚོ་བའི་ཡོང་ཁུངས་ཀྱང་རང་བཞིན་གྱིས་མེད་པར་གྱུར། ལིའུ་ཧྥིན་མིན་གྱི་ངེད་གསར་འགོད་པར་གཟབ་ནན་གྱིས་བཤད་རྒྱུར། ཉིན་ཞིག་ས་གནས་དེ་གའི་ཨ་མ་རྒན་མོ་ཞིག་གི་ངའི་ངན་ངོན་གྱི་གྱོན་པ་མཐོང་རྗེས་སྙིང་རྗེ་ཚད་མེད་སྐྱེས་ཏེ་ང་ལ་ལྷམ་ཆ་གཅིག་བྱིན། ལྷམ་དེ་ངས་ལོ་གཉིས་ལ་གྱོན་པ་ཡིན། མི་ཚེ་བརྒྱུད་ལམ་ཁྲོད་ང་ལ་བྱམས་བརྩེ་དང་དྲོད་ཁོལ་སྦྱིན་པའི་མི་མང་པོར་འཕྲད་མྱངས། བཅིངས་འགྲོལ་ཚུན་ལ་ང་ཚོས་དེ་ལྟ་བུའི་འཚོ་བ་ངན་ངོན་རོལ་བ་ཡིན་ཞེས་བཤད།
ལི་ཧྥང་མིང་ཁོང་གི་བུ་རབས་ཚ་རྒྱུད་རྣམས་དང་ལྷན་དུ་སྤྲོ་གསེང་གཏོང་བཞིན་པ།
李丰明子孙满堂
ལི་ཧྥང་མིང་གི་ཕ་མ་གཉིས་ཡུན་རིང་མ་འགོར་བར་ཚེ་ལས་འདས་ཤིང་། ཁོ་རྗེས་སུ་ས་གནས་དེ་གའི་བོད་རིགས་བུ་མོ་ཞིག་དང་གཉེན་སྒྲིག་བྱས་རྗེས་བུ་མོ་ཞིག་སྐྱེས། དྲོད་ཁོལ་གྱི་འཚོ་བ་ཞིག་གི་སྣེ་འཇུས་ནས་ཅུང་མ་འགོར་བར་ཆུང་མ་ཚེ་ལས་འདས། འདི་ལྟར་ལོ་ཟླའི་ལྟེབས་ཁུགས་རེ་རེར་བློ་ཡུལ་ལས་འདས་པའི་སྡུག་བསྔལ་མང་པོ་ཞིག་ཁོང་གི་མི་འདོད་བཞིན་དུ་མྱོང་དགོས་བྱུང་། ཆུང་མ་ཚེ་ལས་འདས་རྗེས་ཁོས་ཡང་བསྐྱར་གཉེན་སྒྲིག་མ་བྱས་པར་རང་ཉིད་གཅིག་པུས་བུ་མོ་བསྐྱངས་ཏེ་འཚོ་བ་རོལ།
ལི་ཧྥང་མིང་བྲག་འགོ་རྫོང་གི་དམར་དམག་རྒྱང་སྐྱོད་བྱས་ནས་ལོ་འཁོར་80ལོན་པའི་བྱེད་སྒོ་རུ་ཞུགས་པ།
李丰明参加炉霍县举办的纪念红军长征80周年活动
ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱེད་ཚུན་ཏང་གི་སྲིད་ཇུས་ཀྱི་འོད་སྣང་གངས་རི་དང་རྩྭ་ཐང་ལ་འཕྲོས། ད་ལྟ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཁོང་གི་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མཇུག་མཐར་ཁོང་གི་གདོང་ལ་སྤྲོ་འཛུམ་དང་བཅས་ངེད་གསར་འགོད་པ་ཚོར་ད་ལྟའི་འཚོ་བ་དངོས་ནས་སྐྱིད་པོ་འདུག ལྟོ་རྒྱབ་ལ་སེམས་ཁུར་ཅི་ཡང་བྱེད་དགོས་པ་མ་རེད། འདི་དག་ཡོད་ཚད་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་ཀྱི་བཀའ་དྲིན་རེད་ཅེས་བཤད། དགུང་ལོ་མཐོ་ནའང་ཁོང་གི་སྨྲ་ལྕེ་དག་ཅིང་གདོང་ལ་སྤྲོ་ཉམས་ཀྱིས་ཁེངས་འདུག །