བློ་གྲོས་རིན་ཆེན་གྱིས་ཀིརྟི་མ་གྲོང་སྡེ་རུ་ཆུ་འགོག་ཉེན་སྐྱོབ་ཀྱི་ལས་ཀ་སྤེལ་བཞིན་པ།
罗州仁青同志(右一)和同事在格尔登玛村抗洪抢险
བློ་གྲོས་རིན་ཆེན་ནི་ཀིརྟི་མ་གྲོང་སྡེའི་མི་དམངས་ཀྱི་སེམས་ཁོངས་སུ་ནམ་ཡང་གཟིམ་མི་སྲིད་པའི་མར་མེ་ཚེ་འབར་དེ་ཡིན། ཆུ་ལོག་གི་གནོད་འཚེའི་ཁྲོད་ནས་གྲོང་སྡེའི་སློབ་ཆེན་ལས་བྱེད་པ་བཟང་པོ་བློ་གྲོས་རིན་ཆེན་གྱིས་རང་གི་གཅེས་པའི་ཚེ་སྲོག་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྐྱོབ་ཆེད་ཕངས་མེད་དུ་བཏང་ཡོད།
ཁོ་ནི་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་གི་མི་ཡིན་ཞིང་2010ལོར་གྲོང་སྡེའི་སློབ་ཆེན་ལས་བྱེད་པར་རྒྱུགས་འཕྲོད་ནས་རྔ་བ་རྫོང་རོང་ཝན་ཡུལ་ཤོག་རྐིརྟི་མ་གྲོང་སྡེ་ནས་ལས་ཀར་ཞུགས་པ་དང་གྲོང་སྡེའི་ཨུ་ལྷན་གྱི་ཀྲུའུ་རེན་ལག་རོགས་པའི་འགན་ཁུར། ད་ལོའི་ཟླ་6པར་རྔ་བའི་ཆུ་ལོག་གནོད་འཚེའི་མྱུར་སྐྱོབ་ལས་ཀའི་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར།
2015ལོའི་སྤྱི་ཟླ་6པར་རྔ་བ་རྫོང་དུ་ཉིན་མཚན་བསྟུད་མར་ཆར་བ་དྲག་པོ་བབས་པས་ཆུ་ལོག་བྱུང་བ་དང་རི་ཉིལ་བ། ཟམ་པ་བརྡིབ་པ་དང་གློག་ཆད་པ་སོགས་ཀྱི་དོན་རྐྱེན་འཕྲོ་རིམ་འཕྲོར་བྱུང་། དེ་ཡང་རྔ་བ་རྫོང་གི་མེ་སྐོར་དང་བར་མ། བློན་ཚང་། ལོ་ཏ་གྲོང་རྡལ་སོགས་སུ་ཆར་ཞོད་དྲག་པོའི་ཉེན་ཁའི་གནས་སུ་ལྷུང་ལ་རྫོང་ཡོངས་ཀྱི་གྲོང་དང་གྲོང་རྡལ་16ལ་གནོད་སྐྱོན་ཚབས་ཆེན་ཐེབས། དེའི་ནང་གི་ཀིརྟི་མ་གྲོང་སྡེ་ནི་རོང་ཝམ་ཡུལ་ཤོག་སྲིད་གཞུང་དང་སྤྱི་ལེ་90ལྷག་དང་རྔ་བ་རྫོང་དང་སྤྱི་ལེ་83ལྷག་ཡོད་པའི་ལུང་ཁུག་ཅིག་ན་ཁེར་རྐྱང་དུ་གནས་ཡོད། ཆར་ཞོད་ཐེངས་གཅིག་གི་འཇབ་རྒོལ་གྱིིས་གྲོང་སྡེ་འདིར་གནོད་སྐྱོན་ཚབས་ཆེན་ཐེབས། གློ་བུར་དུ་བྱུང་བའི་ཆར་ཞོད་འདིའི་མདུན་དུ་བློ་གྲོས་རིན་ཆེན་དང་སྡེ་དཔོན། གྲོང་སྡེའི་ཨུ་ལྷན་སོགས་ཅི་བྱ་གཏོལ་མེད་དུ་གྱུར།
བློ་གྲོས་རིན་ཆེན་གྱིས་གྲོང་སྡེ་རུ་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་བཞིན་པ།
罗州仁青(前排左一)协助其他同事到阿斯玖村开展法律宣讲
སྤྱི་ཟླ་6པའི་ཚེས་30ཉིན། བློ་གྲོས་རིན་ཆེན་དང་གྲོང་སྡེའི་ཧྲུའུ་ཅི་རྒན་པ་རྡོ་བ། ཡུལ་ཤོག་གི་འགོ་དཔོན་རྒྱལ་ཚེ་བཅས་ཀྱིས་ཆུ་འགོག་ཉེན་སྐྱོབ་རུ་ཁག་ཚོ་ཆུང་ཞིག་རྩ་འཛུགས་བྱས་ཏེ་གྲོང་སྡེའི་མི་དམངས་224ཚང་མ་བདེ་འཇགས་ངང་རི་འགོར་གནས་སྤོར་བྱེད་ཐུབ་པ་བྱུང་ལ། གནས་ཚུལ་ཧ་ཅང་ཛ་དྲག་ཆེ་བའི་སྐབས་དེར་གནས་ཚུལ་འདིེ་ཡུལ་ཤོག་སྲིད་གཞུང་དང་རྫོང་སྲིད་གཞུང་ལ་ངེས་པར་ཏུ་སྙན་ཞུ་འབུལ་དགོས་མོད། ཡིན་ན་ཡང་ལམ་དང་རི་ཉིལ་བ་དང་ཟམ་པ་བརྡིབ་པ་སོགས་ཀྱིས་གློག་ཤུགས་ཀྱིི་ནུས་པ་ཡོངས་སུ་ཉམས་པས་འཕྲིན་གཏོང་གི་བརྒྱུད་ལམ་ཡོངས་སུ་ཆད།
བློ་གྲོས་རིན་ཆེན་དང་སྡེ་མི་ལོ་ཆུང་འགས་སྡེ་དམངས་རྣམས་ལ་གནས་སྐབས་ཀྱི་འདུག་གནས་བཀོད་སྒྲིག་བྱས་རྗེས་གྲོས་གཞི་ལྟར་མི་ཞིག་གིས་སྣེ་ཁྲིད་དེ་ཡུལ་ཤོག་སྲིད་གཞུང་ལ་གནས་ཚུལ་ཡར་ཞུ་བྱེད་དུ་འགྲོ་བར་འཐད་པ་བྱུང་། སུ་ལ་ཡང་གསལ་ཏེ་འདི་ནི་གོམ་འགྲོས་ལ་བརྟེན་ནས་ཆ་འཕྲིན་སྐྱེལ་བ་ཞིག་ཡིན་ལ་ཉེན་ཁ་ཧ་ཅང་ཆེ། སྐབས་དེར་བློ་གྲོས་རིན་ཆེན་ཡར་ལངས་ཏེ་གནས་ཚུལ་འདི་ཡར་ཞུ་བྱེད་པར་ང་འགྲོ། གྲོང་སྡེར་ཆ་རྒྱུས་ང་ལས་ཁྱེད་ཚོ་ཆེ་ཞིང་ང་རང་ལོའང་ཆུང་བས་ང་འགྲོ་ན་བཟང་ཞེས་བཤད་རྗེས་ལམ་ལ་ཆས།
ཁོ་ཚོ་སྤྱི་ལེ་32ལྷག་སོང་རྗེས། བློ་གྲོས་རིན་ཆེན་དང་གྲོང་མི་ཚོས་ན་ནིང་བསྐྲུན་པའི་བདེ་སྐྱིད་ཟམ་པ་ད་ནི་ཆུ་ལོག་གིས་ཁྱེར་ནས་རྗེས་ཤུལ་ཙམ་ཡང་མི་འདུག གལ་སྲིད་ཆུ་བོ་མ་བརྒལ་ཚེ་དུས་ཐོག་ཏུ་ཡུལ་ཤོག་སྲིད་གཞུང་ལ་གནས་ཚུལ་ཡར་ཞུ་བྱ་མི་ཐུབ། ཡིན་ཡང་ཆུ་བོ་འདི་བརྒལ་བར་དཀའ་བས་ཁོ་ཚོ་ཚ་ཐབ་སྟེང་གི་གྲོག་མ་ནང་བཞིན་བྲེལ་འཚུབ་ཀྱིས་ཁེངས་འདུག
སྐབས་དེར་བློ་གྲོས་རིན་ཆེན་གྱིས་ཐབས་བཀོད་ཅིག་རྙེད་བྱུང་། ཆུ་འགྲམ་ན་སྡོང་རྒན་ཞིག་ཡོད་པ་དེ་བཅད་དེ་ཟམ་པ་ཆུང་ཆུང་ཞིག་བསྐྲུན་ཞིང་། ཁོ་ཚོ་ཟམ་པ་བརྒྱུད་དེ་འགྲོ་གྲབས་བྱེད་སྐབས་བློ་གྲོས་རིན་ཆེན་གྱིས་ཁྱེད་ཚོ་མ་འགྲོ། ངའི་ལུས་ཕུང་ཡང་པས་ང་སྔོན་དུ་སོང་ནས་ཚོད་ལྟ་ཞིག་བྱ་ཞེས་བཤད་རྗེས་གོམ་པ་བརྟན་པོའི་ངང་ཟམ་པའི་དཀྱིལ་ཙམ་ལ་ཐོན་སྐབས་གློ་བུར་དུ་འཕྱུར་བའི་ཆུ་རླབས་ཤིག་གིས་སྡོང་པོ་དང་བློ་གྲོས་རིན་ཆེན་གཉིས་ཆུས་ཁུར།
སུ་ཞིག་གི་ཡིད་ལ་མ་དྲན་ཞིང་སེམས་སུ་མ་འཆར་བར་བློ་གྲོས་རིན་ཆེན་འདི་ལྟར་མི་ཡུལ་དང་བྲལ་སོང་། འདི་ལྟར་ཀིརྟི་མ་གྲོང་སྡེ་དང་བྲལ་སོང་། ཁོས་རང་གི་ཚེ་སྲོག་དྲོན་མོས་ཀིརྟི་མ་གྲོང་སྡེའི་མཁའ་དབྱིངས་སུ་སླར་ཡང་ཉི་འོད་ཀྱི་དྲོལ་ཁོལ་སྦྱིན། ཁྱེད་ཚོ་མ་འགྲོ་ང་འགྲོ། ངའི་ལུས་ཕུང་ཡང་བས་ངས་ཚོད་ལྟ་ཞིག་བྱ། འདི་ནི་བློ་གྲོས་རིན་ཆེན་གྱིས་ཀིརྟི་མ་གྲོང་སྡེ་ལ་བཞག་པའི་ཆེས་མཐའ་མཇུག་གི་སྐད་ཆ་ཡིན་ལ། སྐད་ཆ་དེ་ཀིརྟི་མ་གྲོང་སྡེའི་གྲོང་མི་རྣམས་ཀྱི་རྣ་ལམ་ན་བྲག་ཅ་བཞིན་ཡང་ཡང་འཁོར་ཞིང་ཤིང་སྡོང་གི་ཟམ་པ་བརྒྱུད་པའི་དཔའ་སྤོབས་ཀྱི་ཉམས་འགྱུར་དེ་ཀིརྟི་མ་གྲོང་སྡེའི་གྲོང་མི་ཚོའི་མིག་ལམ་ན་ནམ་ཡང་གསལ་ལྷང་ལྷང་འཁོར་བཞིན་ཡོད་དོ།།
བློ་གྲོས་རིན་ཆེན་ལས་གྲོགས་རྣམས་དང་མཉམ་དུ་གྲོང་སྡེ་རུ་ལས་ཀར་འགྲོ་བའི་ལམ་བར་དུ།
罗州仁青同志(右二)和同事正在进村入户途中