
碧水蓝天 图 / 吕玲珑
དུས་རྒྱུན་ཕྱི་རུ་འགྲོ་ལམ་གཅིག་ཏུ་བགྲོད་པའི་མི་རྣམས་དང་རྩོད་པ་བྱེད་ནའང་འདྲ། ནང་དུ་ཤ་རུས་གཅིག་པའི་སྤུན་ཟླ་ཚོ་ལ་བགྲོ་གླེང་བྱེད་ཀྱང་རུང་། ང་ཚོའི་མིག་ལམ་དུ་རི་ཆུའི་སྣེ་མོ་སྦྲེལ་བའི་འཇའ་ཚོན་ལྟར་འཆར་ཞིང་ཡལ་རྒྱུ་མེད་པ་ནི་ཆེ་རྒྱུ་མེད་ལ་ཆུང་ཡང་མི་སྲིད་པའི་ཕ་ཡུལ་གྱི་ཟམ་པ་དེ་ཡིན། ཟམ་པ་དེ་ནི་ངའི་ཨ་མེས་ཡང་མེས་ཚོས་ཤ་ཟད་ཁྲག་དང་ཁྲག་ཟད་རུས་ཀྱིས་ཆུ་བོའི་ཐོག་ལ་བརྒྱངས་པའི་ཤིང་ཟམ་ཞིག་ཡིན་པས་བསྟོད་སྨད་གཉིས་ཀའི་ཡུལ་དུ་གྱུར་མོད། ང་དང་ངའི་ཕུ་ནུ་མིང་སྲིང་ཚོས་ཟམ་པ་དེ་ལ་བརྟེན་ནས་ཕྱི་རོལ་འཇིག་རྟེན་དུ་བགྲོད་པས་གཞི་ནས་ཅི་ཞིག་ལ་ངོ་ཚ་དང་གྱོང་གུད། གང་ཞིག་ལ་རྒྱལ་ཁ་དང་གཟི་བརྗིད་ཤེས་ཏེ་རང་ངོ་རང་གིས་མཐོང་། རང་རྒྱུས་རང་གིས་ལོན་པ་རེད། ཡར་བལྟས་ན་བྱ་རྒོད་ཀྱི་གཤོག་པ་ཐོགས་ཤིང་མར་བལྟས་ན་འབོད་སྒྲའང་ཐོས་དཀའ་བའི་གཡང་རོང་ཟབ་མོ་ཞིག་སྣང་མོད། ཟམ་སྟེགས་ནི་རྡོ་རྗེ་ཕ་ལམ་གྱིས་བརྩིགས་ཤིང་ཟམ་གདན་ནི་སྲིད་རིང་ལ་ཞེང་ཆེ་བའི་ཤིང་ཙན་དན་གྱིིས་བསྒྲིགས་པའི་ཟམ་པ་དེས་ཆུ་བོའི་ཕར་ཚུར་དམ་དུ་སྦྲེལ་པ་ནས་བཟུང་རྦ་རླབས་ཇི་ལྟར་འཕྱུར་ན་ཡང་ང་ཚོ་ཕྱིས་འབྱུང་པ་རྣམས་ལ་སེམས་ཁྲལ་ཆེན་པོ་བྱུང་མ་མྱངས།
ཟམ་པའི་ཕ་རོལ་གྱི་མི་རྣམས་ནི་གནམ་ལ་འཕུར་ཤེས་ལ་ཆུ་ནང་འཛུལ་མཁས་ཞེས་ཡུལ་མི་རྣམས་ཀྱིས་ཐོག་མར་ཐོས་སྐབས། དེ་ནི་མི་མ་ཡིན་གྱི་འཇིག་རྟེན་ཞིག་ལོས་ཡིན་སྙམ་སྟེ་ཆུ་ཕ་རོལ་ཞེས་བྱིས་པ་རྣམས་འཇིགས་སུ་སྐུལ་ཞིང་ལོ་ཆུང་རྣམས་ཚུར་རོལ་དུ་བཀག་མོད། མི་ལ་མི་དད་ཅིང་མི་མ་ཡིན་ལ་མི་སྐྲག་པའི་ན་གཞོན་ཞིག་ཟམ་པ་དེ་ལ་བརྟེན་ནས་ཕ་རོལ་དུ་སོང་སྟེ་མི་ཡི་གནས་ཚུལ་ངོ་མ་རྣམས་ཁྱེར་ནས་ཡུལ་དུ་ལོག་པ་ནས་བཟུང་། ལས་ལ་བརྩོན་ཞིང་བློ་རིག་བཀྲ་ལ་དགེ་སྡིག་ཡོད་པར་རློམ་པའི་ཡུལ་མི་རྣམས་གཅིག་ནས་བརྒྱ་དང་། བརྒྱ་ནས་སྟོང་བྱས་ནས་ཆུ་བོའི་ཕ་རོལ་དུ་སོང་།
དུས་དེ་ནས་བཟུང་ཆུ་བོའི་ཚུ་རོལ་གྱི་ཟམ་པའི་སྔས་མགོར་ཕ་མ་རྣམས་ཀྱི་ཤིས་སྨོན་གྱི་ཁ་དར་འཐེན་ཡོད་ལ། སྐྱེས་མ་དག་གི་རེ་སྒུག་གི་མིག་མདངས་འཁྱིལ་ཞིང་བྱིས་པ་ཚོ་ཡི་རེ་སྨོན་གྱི་མེ་ཏོག་བཞད་ཡོད་མོད། མི་ཡུལ་དུ་རང་ངོ་ཤེས་པའི་མི་རྣམས་ཀྱིས་ཕ་མའི་ཞལ་ཏ་དྲན་བཞིན། ཚེ་རོགས་ཀྱི་རུམ་ཁོང་སྒོམ་སྟེ། བྱིས་པའི་འཛུམ་ཀོང་བསམ་བཞིན་ཕ་གཞིས་དྲོན་མོར་ལོག གཞན་ཡུལ་དུ་རང་རྒྱུས་མེད་པའི་མི་ཡིས་སེམས་ནང་གི་རི་ཆུ་བརྗེད་བཞིན། ཁ་ནང་གི་ལྕེ་རྩལ་འཁྱུག་སྟེ། རྐང་པ་ཡི་སྤོ་ཕྱོགས་ནོར་བཞིན་མི་ཡུལ་གྱི་པང་དུ་བཙངས་པས་ཟམ་པ་དེ་རྩོད་གཞི་ཆེན་པོར་གྱུར།
རྡོ་རྗེ་ཚང་གི་ཕ་རྒན་གྱིས་བུ་ཆེ་བ་དེ་ཟམ་པའི་ཕ་རོལ་དུ་བསྐྱལ་ནས་ཡུན་རིང་མ་སོང་ཡང་། བུ་ཡི་ལུས་ལ་གྱོན་རྒྱུ་དང་ཁ་ནང་བཟའ་རྒྱུ་ཚང་མ་འགྱུར་ཚར་བ་མ་ཟད་ད་ལོར་ཚ་བོ་དང་ཚ་མོ་རྣམས་ཀྱང་ཕ་རོལ་དུ་ཁྲིད་རྩིས་ཡོད་པ་འདྲ། གནམ་སྔོན་པོས་མཁྱེན། གལ་་སྲིད་བྱིས་པ་ཚང་མ་སོང་ན་ས་ལ་བསོད་ནམས་འཁོར་བའི་གྲོང་པ་འདི་ལུང་སྟོང་དུ་ལུས་མི་འགྲོའམ་ཞེས་པ་ནི་དང་ཐོག་ནས་ཟམ་པ་དེ་ལ་ཡིད་མ་མགུ་བའི་ཕ་ཡུལ་དུ་སྐྱེས་ཤིང་རྒས་པའི་རྒན་པོ་སྐྲ་དཀར་དེའི་འཁང་སྐད་རེད། ངེད་ཚང་གི་བུ་ཆུང་བ་དེའང་ཟམ་པའི་ཕ་རོལ་དུ་སོང་ནས་ཡུན་རིང་ལ་འགོར་བས་བསམ་རྒྱུ་དྲན་རྒྱུ་དང་འགྲོ་སྟངས་ལས་ལུགས་ཐམས་ཅད་ང་ཚོ་དང་མི་འདྲ་ཡང་། ཕ་རོལ་དུ་བབ་ཆགས་ཀྱི་ངང་རྒྱུད་དང་དྲང་བདེན་གྱི་སེམས་གཤིས། ཆོག་ཤེས་ཀྱི་སེམས་ཁམས་མཐོང་རྒྱུ་མེད་པས། དངོས་གནས་འདུག་ན་ཁབ་ཀྱི་རྩེ་དང་ལངས་ན་སྦྲུལ་གྱི་ཚང། འགྲོ་ན་མེ་ཡི་འོབས་རེད་ཅེས་ཕ་ཡུལ་དུ་ལོག་ཐེངས་རེར་ཕྱིར་ལྡོག་མི་འདོད་པའི་ཉམས་ཀྱང་བསྟན་འདུག དཀོན་མཆོག་གིས་མཁྱེན། ཟམ་པ་དེས་ཚུ་རོལ་གྱི་ར་རྣམས་ཕ་རོལ་གྱི་ལུག་ཁྱུ་དང་འདྲེས་སུ་བཅུག་སྟེ་ཁྲིད་དགོས་པ་མང་པོ་ཞིག་ཁྲིད་སོང་ལ། འཁྱེར་མི་དགོས་པའང་མི་ཉུང་བ་ཞིག་ཁྱེར་བྱུང་ཞེས་པ་ནི་ཟམ་པ་དེ་ལ་དགའ་ཡང་དགའ་ལ་སྡང་ཡང་སྡང་བའི་རྒན་མོ་དེའི་སྐད་ཆ་རེད།
ཟམ་པ་དེའི་ཐོག་ཕར་འགྲོ་ཚུར་འོང་བྱེད་བདེ་བའི་ཆེད་དུ་མེས་པོ་ཚོས་ཟམ་གདན་ཇེ་བརྟན་དང་ཟམ་རྒྱ་ཇེ་ཆེར་བསྐྲུན་ཏེ་སྟོད་རྒྱ་གར་གྱི་ཆོས་གཞུང། སྨད་རྒྱ་ནག་གི་སྨན་རྩིས་བཅས་བར་རང་ཡུལ་དང་འོ་ཆུ་འདྲེས་འདྲེས་ཀྱིས་ལུང་པ་ཐན་པས་མི་བསྐམ་ཞིང་ཟམ་པ་ཆུ་ལོག་གིས་མི་དེད་བར་བྱེད་པ་ནི་རང་ལྟ་ཆོག་འཛིན་མེད་པའི་སྤྱན་རྒྱ་དང་གཞན་དཔེ་རང་འདྲེན་བྱེད་མཁས་པའི་བླ་མེད་ཀྱི་སྤོབས་པ་ཞིག་རེད། ཡིན་ན་ཡང་ཙན་དན་སོལ་བར་བྱས་པའི་ནག་ཉེས་ཤིག་གིས་ངུ་འདོད་ཀྱང་། ངུ་མཁས་པས་མྱ་ངན་མི་འདག་ལ་འཆད་བསམ་ཡང་། བཤད་མཁས་པས་སྡིག་པ་མི་བཤགས་པས། ད་ནི་ངོ་ཚ་དང་འགྱོད་གནོང་རྒྱབ་ཏུ་བསྐྱུར། སྤོབས་པ་དང་ཆོད་སེམས་སྙིང་ལ་བརྐོས་ཏེ་གཡོ་རྫུན་དང་མདུང་རྩེ་ཁ་སྤྲོད་བྱེད། ཧམ་སྤྱོད་དང་འགལ་བ་ལྟག་སྤྲོད་ཀྱིས་ཟམ་ཤིང་བར་ལ་འཛེར་ཞིག་གདབ། ཟམ་སྣ་གཉིས་ལ་དར་ཞིག་འཕྱར་དགོས་ཞེས་པ་ནི་ཟམ་པ་དེས་ཕར་སྐྱེལ་ཚུར་བསུ་བྱེད་པའི་གཞོན་ནུ་རྒྱལ་ཁམས་པ་དེའི་སྙིང་གཏམ་ལགས།
ལོ་ཞིག་གི་ལོ་འགོར་ཤིང་ཟམ་གྱི་ཐོག་ལ་རླངས་འཁོར་སོགས་འཕྲུལ་ཆས་ཀྱི་རིགས་རྣམས་ཐར་ཐབས་མི་འདུག་ཅེས་ཟེར་ཏེ་དེ་དང་ཐག་མི་རིང་བའི་ས་ན་ཨར་འདམ་སྲ་མོ་དང་རྣོ་ལྕགས་སྦོམ་པོ་ཡིས་ཟམ་མིག་དགུ་ལྡན་གྱི་ཟམ་ཆེན་ཞིག་བརྒྱབ་པས་ཐོག་མར་ཕྱི་ནང་གི་མི་ཆེ་ཆུང་ཚང་མས་ཟམ་པ་གསར་པར་འཚང་ཁ་བྱས་ཏེ་དེ་སྔོན་འདུ་འཛིས་ཁེངས་པའི་ཤིང་ཟམ་དེར་རྐང་འགྲོས་པ་ཨ་མཆོད་དང་རྫི་བོ་འགའ་ལས་མེད་མོད། ཡུན་མི་རིང་བ་ན་ལྕགས་ཟམ་ཐོག་འཚང་ཁ་ཆེ་དྲགས་པས་མི་རྣམས་ཀྱིས་རང་རང་གི་འདོད་མོས་ལྟར་ཟམ་པ་གསར་རྙིང་གཉིས་ཀ་ལ་བརྟེན་ནས་ཕར་འགྲོ་ཚུར་འོང་བྱེད།
གལ་སྲིད་ཟམ་པའི་ཕ་རོལ་དུ་སོང་ནས་མི་རྣམས་ལ་ཁྱེད་གང་ནས་ཡོང་བ་ཡིན་ཞེས་དྲིས་ན། འགའ་ཞིག་གིས་ཤིང་ཟམ་དེའི་དྲིན་གྱིས་ངའི་སེམས་པ་ཡིས་འཇིགས་སྐྲག་མྱོང་མ་དགོས་ཞེས་གསུངས། ལ་ལ་ཡིས་ལྕགས་ཟམ་གྱི་དྲིན་ལས་ངའི་ལུས་པོ་ཡིས་ཐང་ཆད་པའི་སྡུག་བསྔལ་ཁུར་མ་དགོས་ཞེས་ལན་བཏབ་པ་ལས་ང་ཚོའི་ཕ་ཡུལ་ལ་ཤིང་ཟམ་དང་ལྕགས་ཟམ་གཉིས་ཡོད་པ་ནི་བྱ་ཞིག་ལ་གཤོག་པ་ཚང་བ་དང་འདྲ་ཞེས་བསམ་མཁན་མེད་ལ། མི་ཞིག་ལ་རྐང་གཉིས་ཡོད་པ་དང་མཚུངས་ཞེས་ཟེར་མཁན་ཡང་ཉུང་བས་ཁྱེད་ཚོས་ཆུ་བོ་ཆུང་ཐབས་ཤིག་གྱིས་དང་། ང་ཚོས་ཟམ་པ་ཆེ་སྟངས་ཤིག་བྱེད་ཆོག་གོ །