གནས་མཇལ་བ། ཞ་ཀྲའོ་ཞུས་ཀྱིས་པར་བླངས།
朝圣者 图 / 夏肇旭
ལས་ཀྱི་མེ་ཏོག་བཀད་པའི་མཐོང་ག་ནས།།
སྣང་ཆའི་ཟིལ་པ་འདར་བའི་བརྙན་རིས་ངོར།།
ཚོགས་དྲུག་རྣམ་ཤེས་འཁྱིལ་བའི་སེམས་འགྱུ་ཡི།།
ངེས་འབྱུང་རྨི་ལམ་རིང་མོའི་འཇའ་ཚོན་དཀྲིགས།།
སྲིད་པའི་ཤིང་རྟ་འཁོར་ལོའི་རྐང་རྗེས་སུ།།
ལང་ཚོའི་མིག་ཆུ་ཡོམ་པའི་མེ་ལོང་ངོགས།།
ཆགས་པའི་ཚོར་འདུ་དམར་པོའི་རོལ་དབྱངས་ལ།།
སེམས་ཀྱི་ལྷ་མོ་དགྱེས་པའི་འཛུམ་བག་འཁྱིལ།།
མ་བཅོས་རང་བབས་སྙིང་གི་མཁར་ཆེན་ལས།།
དུངས་ཀའི་ཆུ་གཉེར་འཁྲུགས་པའི་གཏན་ཚིགས་ཀྱི།།
སྨྲ་བསམ་བརྗོད་མེད་རིག་པའི་འཆར་སྒོའི་གཟུགས།།
རྟོག་གྲོལ་སེམས་འགྱུ་རྒོད་པོའི་མཁའ་རུ་བརྡལ།།
འཁྲུལ་རྟོག་རྒྱ་ཡན་རིག་པའི་ཕོ་བྲང་ནས།།
གཡེར་ཁའི་དྲིལ་བུ་སྨུག་པོའི་མགྲིན་སྒྲ་ཡི།།
མི་ལྡོག་ལས་ཀྱིས་བཅིངས་པའི་སྐྱོ་གཞས་དེས།།
རྟེན་འབྱུང་འཚོ་བའི་རྨི་ལམ་ཡང་དུ་བསེད།།
མི་ཚེའི་ཡིད་བརྙན་འཁྱིལ་བའི་ཟློས་གར་གྱི།།
དགའ་སྐྱོ་ཆགས་སྡང་འཐབ་པའི་ཚོན་གྱི་རིས།།
བརྩེ་བའི་བག་ཆགས་བསྣོལ་བའི་ལྡིང་ཀ་ནས།།
ཚོར་རྟོག་ཀུན་གྲོལ་རིག་པའི་ཀློང་དུ་སྤྱུགས།།
ལས་དབང་གནམ་གྱི་རྒྱལ་མོའི་བཀའ་ཡིག་གིས།།
སྒྱུ་མའི་ཡིད་བརྙན་བསྐྱོམས་པའི་འོག་འགྱུའི་ཀློང་།།
སེམས་ཉིད་གསང་བ་སྔོགས་པའི་ས་བོན་དེ།།
དམིགས་མེད་སྣང་མཆེད་དག་པའི་གཤིས་ལ་བསྲེལ།།
འཆར་ཡན་མེ་ཏོག་དམར་པོའི་ཞལ་ཁ་ནས།།
མཛའ་བའི་བདུད་རྩི་སྐྱུགས་པའི་ཟིལ་ཐིགས་ཀྱི།།
མི་ཤིགས་གང་བ་རྒྱས་པའི་དབྱངས་ཀྱི་འཛུམ།།
ལྷན་སྐྱེས་བརྩེ་ཆེན་རོལ་མོའི་གདངས་ལ་འཁྲིལ།།
འདོད་ཡོན་སྨིན་མ་འཁྱོག་པོའི་ཟུར་མིག་གིས།།
གཉུག་གཤིས་སྣང་ཆ་དཀྲོགས་པའི་རྐང་གདུབ་སྒྲས།།
ལས་ཀྱི་བག་ཆགས་སད་པའི་འཁྲུལ་སྣང་རིས།།
སྒོ་ལྔའི་རྣམ་ཤེས་ཕྲ་མོའི་རྩེ་རུ་གཟར།།
ལང་ཚོའི་གསོན་ཤུགས་བརྟས་པའི་སེམས་ཉིད་ལས།།
བརྩེ་བའི་གཞོན་ཤ་ཆགས་པའི་རེ་སྙེགས་ངོགས།།
དུངས་སེམས་མེ་སྟག་ཕྲ་མོའི་ཚ་རླབས་ཀྱིས།།
ཆགས་པའི་སྙིང་གི་ས་ཆེན་ཡང་དུ་བསྲེགས།།